བླ་བྲང་གི་བཀྲ་ཤིས་འཁྱིལ་གྱི་གཉིས་པའི་ཚོགས་མཆོད།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-03-25 07:43:03     རྩོམ་པ་པོ།   མི་གསལ།    ཀློག་ཐེངས།  

 微信图片_20180325073830.jpg

ཚོགས་མཆོད།  ལོ་རྒྱུས་སུ་བཀོད་པ་ལྟར་ན།འདི་ནི་སྤྱིར་སྔར་བོད་ཀྱི་བླ་སྤྲུལ་ཆེ་ཤོས་ཀྱི་སྐུ་རིམ་དུ་བཙུགས་པའི་ལོ་འཁོར་འདས་མཆོད་ལ་ཟེར་ཞིང་། བྱེ་བྲག་ཏུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ལྷ་སའི་གཙུག་ལག་ཁང་དུ་རྒྱལ་དབང་ལྔ་བ་ཆེན་མོའི་འདས་མཆོད་བཙུགས། ཕྱིས་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལ་ལོ་ལྟར་འདས་མཆོད་ཚོགས་པའི་སྲོལ་ཆགས།

སྒོས་སུ། ཧོར་ཟླ་གཉིས་པའི་ཚེས་ལྔའི་ཉིན་ནི་མདོ་སྨད་བསྟན་པའི་བདག་པོ་མཁས་ཤིང་གྲུབ་པའི་དབང་ཕྱུག་ཀུན་མཁྱེན་ཆེན་པོ་འཇམ་དབྱངས་གཞད་པའི་རྡོ་རྗེ་དཔལ་བཟང་བོ་མཆོག་གི་གདུང་མཆོད་ཡིན་ལ། དེ་ལ་བརྟེན་ཏེ་མདོ་སྨད་དཔལ་ལྡན་བཀྲ་ཤིས་འཁྱིལ་ནས་ཀུན་མཁྱེན་མཆོག་ལ་འདས་མཆོད་ཚོགས་མཆོད་ཉིན་ལྔར་འཚོག ཕྱི་དྲོའི་ཚོགས་མཆོད་སྐབས་ཀུན་མཁྱེན་གསང་རྣམ་གཅིག་བུ་གསུངས་པ་མ་གཏོགས་ཚོགས་མཆོད་དང་གསུང་ཆོས། དགོང་ཇ་དང་བཅས་པའི་འདོན་པ་དང་། དེ་གསུམ་གྱི་སྔ་གཞུག་ཏུ་དགུན་རབ་འབྱམས་པའི་དམ་བཅའ་བ་གཉིས་ཀྱིས་མདོ་ཕྱོགས་པོད་ཏི་ལྔའི་དམ་བཅའ་མཛད་པ་སོགས་ཟླ་དང་པོའི་སྨོན་ལམ་དང་ཕལ་ཆེར་འདྲ།

ཚེས་ལྔའི་ཉིན་ནི་ཀུན་མཁྱེན་སྐུ་ཕྲེང་དང་པོའི་གདུང་མཆོད་ཡིན་པས་སྐུ་ཕྲེང་དང་པོའི་རྣམ་ཐར་ཚོགས་ཆེན་དང་འཛིན་གྲྭ། གྲྭ་ཚང་དྲུག་སོ་སོས་ངེས་ཅན་དུ་གསུང་དགོས་པ་དགུང་མོར་དུས་བཟང་ཡང་གྲྭ་ཚང་སོ་སོ་འཛི་གྲྭ་སོ་ལ་ཡོད་པ་དང་གཞན་གདུང་མཆོད་གཞན་དང་འདྲ།

 

ཚེས་བདུན་ཉིན་གྱི་གླུད་རྫོང་། འདི་ཡང་ལྷ་སའི་ཚོགས་མཆོད་གཏོར་རྒྱག་སྐབས་ཀྱི་གླུད་རྫོང་གི་སྲོལ་མ་ཉམས་པར་བཟུང་ཡོད།

 

གླུད་ཅེས་པ་ནི་ཚབ་ལ་གོ་དགོས་ཤིང་། མིའི་སྲོག་འཁྱེར་མཁན་ལ་མིའི་ཚབ་ཏུ་མི་གླུད་རྫོང་བ་བྱ་ཞིང་། ནོར་གྱི་ཚབ་ཏུ་ནོར་རྫས་རྫོང་བར་གཏོང་བའི་སྲོལ་ཞིག་རེད། འདི་ནི་གཞན་ལ་མཁོ་བ་གང་དེ་སྦྱིན་པས་གཞན་གྱི་དོན་དུ་འགྱུར་ཞིང་། དེ་མཚུངས་སུ་རང་གི་ལུས་སྲོགས་ལོངས་སྤྱོད་སོགས་ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པའི་རང་གཞན་གཉིས་ཕན་གྱི་ཐབས་ལམ་ཞིག་རེད། དེ་ལ་བླ་བྲང་དུ་དགེ་འདུན་པ་ལྔས་ཉིན་བཞི་དང་། དྲུག་གིས་ཉིན་གསུམ་ལ་རེ་རེ་བཞིན་ལོགས་སུ་ཆོ་ག་དང་འདོན་པ་སོགས་སྒྲུབ་ཀྱིན་འདུག

སྔར་ལྷ་སར་ཟླ་གཉིས་པའི་ནང་རྩེ་ཕོ་བྲང་བར་མཆོད་རྫས་སྣ་ཚོགས་ཐོག་པའི་སེར་མོ་བའི་ཕྲེང་བ་སྦྲེང་ཚར་སྒྲིག་པའི་དུས་མཆོད་མཆིས་པས།

བླ་བྲང་བཀྲ་ཤིས་འཁྱིལ་ནས་ཀྱང་ཟླ་གཉིས་པའི་ཚེས་བརྒྱད་ལ་དགེ་འདུན་མང་གིས་རྟེན་བྱིན་ཅན་དང་རིན་ཐང་གཞལ་དུ་མེད་པའི་རིན་པོ་སོགས་མཆོད་པའི་བྱེ་བྲག་མཐའ་ཡས་པ་དང་བཅས་ཏེ་སེར་སྦྲེང་ལ་ཕེབས།

 微信图片_20180325073838.jpg

དགོན་པའི་ཕྱོགས་བཞི་ནས་ཁྲུས་གསོལ་དང་། མདུན་ངོས་ཀྱི་ཁྲོམ་རྭ་རྙིང་བའི་དབུས་སུ་གོས་སྐུ་བཤམས་ཏེ་དགེ་སློང་བཞིས་ཕྱག་འཚལ་རྒྱས་པ་དང་བཅས་གླིང་མཐའ་སྐོར་བ་བྱེད།

སྟོན་ཆོས་སུ་སླེབས་སྐབས་གར་ཕྲུག་པ་རྣམས་ཀྱིས་གར་འཆམ་འཆམས་ཤིང་།ཚོགས་ཆེན་ཁྲི་རིན་པོ་ཆེ་གཙོར་མཛད་གསེར་ཁྲི་མཁན་པོ་ཁྲི་གདན་ཟུར་ལས་སྣེ་ཁག་གྲྭ་སྐོར་བ་བཅས་ཀྱིས་སངས་རྒྱས་བསྟན་འབར་མ་གསུང་བཞིན་བཀྲ་ཤིས་པའི་མེ་ཏོག་གཏོར་ཏེ་ཤིས་བརྗོད་བྱ་བའི་ཕྱག་སྲོལ་བཟང་བོ་སྐྱེ་འགྲོའི་བསོད་ནམས་ཀྱི་དཔལ་དུ་མངོན་པ་ནི་ཨེ་མ་རྨད།

 རྩོམ་པ་བོ་མི་གསལ་བས་སུ་ཤེས་ན་གསུང་རོགས།

 

                                               རྣོས་མཚམས་སྦྱོར་བྱས།

བརྒྱུད་འགོད།