ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་བཞི་བའི་གདུང་མཆོད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།          སྤེལ་དུས།  2017-04-08 16:05:16     རྩོམ་པ་པོ།   ཤིས་ཚང་ཚུལ་ཁྲིམས།    ཀློག་ཐེངས།  

  微信图片_20170408153850.jpg

 

 དེ་ཡང་གངས་ཅན་མཁས་གྲུབ་བྱེ་བའི་གཙུག་རྒྱན་ཀུན་མཁྱེན་ཡེ་ཤེས་ཀྱི་ཉི་མ།   མཁས་ཤིང་གྲུབ་པའི་དབང་ཕྱུག    ཀུན་མཁྱེན་ཆེན་པོ་འཇམ་དབྱངས་བཞད་པའི་རྡོ་རྗེ་མཆོག་གི་ཞལ་སྔ་ནས་ཀྱི་སྐུ་ཕྲེང་བཞི་བ།   སྐྱབས་མཆོག་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་བོ་གང་ཉིད་ནི་འབྲི་ཆུ་དལ་གྱིས་འབབ་པའི་རྒྱུད་དུ་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་གནས་ཕུག་རང་བྱོན་སྣ་ཚོགས་ཀྱིས་ཕྱུར་བུར་གཏམས་པའི་བཀྲ་ཤིས་ལྷ་རྩེ་ཞེས་གྲགས་པའི་མདུན།   བཀྲ་ཤིས་ལྷ་ལུང་ཞེས་པར་ཡབ་གཞན་ཕན་བདེ་ལེགས་འབྱུང་གནས་དང་།ཡུམ་གཞན་ཕན་ཆོས་འཚོ་གཉིས་ཀྱི་སྲས་སུ་རབ་ཡིད་མེ་འབྲུག་(སྤྱི་ལོ་༡༨༥༦)ལོའི་ཧོར་ཟླ་དང་བོའི་ཚེས་ཉེར་ལྔ་ལ་གཡུ་འབྲུག་གི་ངར་སྐད་སྒྲོག་པ་དང་མེ་ཏོག་གི་ཆར་བབས་པ།  དབང་གཞུའི་གུར་ཁྱིམ་ཁང་ཐོག་ཏུ་ཟུག་པ།   ས་གཡོ་བ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་དང་བཅས་སྐུ་བལྟམས།

 

 

    དགུང་ལོ་གསུམ་བཞེས་པའི་ཚེ་སྐྱིལ་ཀྲུང་བཅས་ཏེ་མཉམ་པར་འཇོག་པ་དང་།སྐྱབས་འགྲོ་དང་ཨ་ར་པ་ཙ་མ་ཎི་སོགས་སྒྲ་དག་པར་གསུངས་ཤིང་། སྐབས་ཤིག་ཏུ་ང་བྱང་ཆུབ་སེམས་དཔའ་བློ་བཟང་འཇིགས་མེད་འཇམ་དབྱངས་ཟེར་བ་ཡིན།ང་ལ་དགོན་པ་ཆེན་པོ་རྟེན་གཙོ་བྱམས་མགོན་བྱས་པ་ཞིག་ཡོད་གསུངས་པ་སོགས་སྔོན་གནས་རྗེས་དྲན་གྱི་གསུང་འཁྲུལ་མེད་མང་བོ་བྱོན།དགུང་ལོ་ལྔ་བ་ལྕགས་སྤྲེལ་ཧོར་ཟླ་གཉིས་པའི་ཚེས་གཅིག་ལ་གདན་ས་ཆེན་པོ་བླ་བྲང་ཐུབ་བསྟན་ཕོ་བྲང་དུ་གཞིག་བྲལ་ཆོས་ཀྱི་ཁྲི་ལ་ཞབས་སོར་བཀོད།བཤེས་གཉེན་ཆེན་པོ་རྡོ་སྦིས་ལྷ་རམས་པ་བསྟན་འཛིན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན་ནས་ཡི་གེ་སྦྱོར་ཀློག་སོགས་གསན།ཟབ་རྒྱས་གདམས་པའི་གཏེར་མཛོད་རྗེ་ཤེས་རབ་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་ཅེས་མཚན་གསོལ།དེ་ནས་བཟུང་རྗེ་དེ་ཉིད་ལས་དབང་དང་རྗེས་གནང་། བསྐྱེད་རྫོགས་ཀྱི་ཁྲིད་སོགས་མཐའ་ཡས་པ་གསན།དགུང་གྲངས་བཅུ་བཞི་ནས་བཟུང་རིགས་ལུང་ཞབས་ཞུ་རྣམས་དང་བཅས་བསྡུས་ཚད་ཕར་ཕྱིན་སོགས་ལ་གསན་སྦྱོང་མཛད།དགུང་ལོ་ཉི་ཤུ་བར་དབུས་འགྱུར་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་མཛད་ནས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ་དགེ་བའི་བཤེས་གཉེན་བློ་བཟང་རྣམ་རྒྱལ་ཡོངས་འཛིན་དུ་བསྟེན་ནས་གསན་སྦྱངས་མཛད།པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་དབང་ཕྱུག་དཔལ་བཟང་བོ་དང་རྒྱལ་སྲས་རིན་པོ་ཆེ་སོགས་ལས་ཆོས་བཀའ་ཅི་རིགས་གསན།དཔོན་སློབ་བྱམས་པ་རིན་པོ་ཆེའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་བཞེས་ནས་བསླབ་ཁྲིམས་མིག་འབྲས་བཞིན་དུ་བསྲུངས་པར་མཛད།དབུས་གཙང་དུ་ལོ་བཞིའི་རིང་ལ་གསན་སྦྱངས་དཔྱིས་ཕྱིན་པ་མཛད་དེ་མདོ་སྨད་དུ་ཆིབས་ཞལ་བསྒྱུར།དགུང་ལོ་ཉེར་བཞི་བ་རབ་ཚེས་ས་ཡོས་༡༨༧༩ལོར་ཀྱཻ་རྡོར་གྲྭ་ཚང་ཕྱག་འདེབས་གནང་ཞིང་གྲྭ་ཚང་ལ་ཀྱཻ་རྡོར་གྱི་དབང་སྟ་གོན་དང་བཅས་པ་བསྩལ་ནས་རྣལ་འབྱོར་ནམ་མཁའ།འཁོར་ཆེན་རྣམས་ཀྱི་སྒྲུབ་མཆོད་རིམ་བཞིན་འཛུགས་པར་མཛད་ཅིང་། རྗེ་རང་ཉིད་ཁྲིར་བཞུགས་ཤིང་བརྩི་བཞག་དང་བརྟག་གཉིས་ཀྱི་གསུང་བཤད་ཞིབ་རྒྱས་སོགས་གནང་སྟེ་གསང་ཆེན་ཆོས་ཀྱི་སྒྲོན་མེ་སྦར་བར་མཛད།དེ་ནས་འདུ་ཁང་གསར་བཞེངས་ཀྱི་བཀོད་ཁྱབ་དང་ཙིའུ་དམར་བཙན་ཁང་ལྷ་ཐོ་བཅས་གསར་འཛུགས་མཛད།དགུང་ལོ་ཉེར་བརྒྱད་པར་གདན་ས་ཆེན་པོའི་ཚོགས་ཆེན་ཁྲིར་བཞུགས་ཏེ་བརྩི་བཞག་དང་འཆད་ཉན་སོགས་ལ་རྟིང་བསྐུལ་ཆེས་ཆེར་མཛད།སྐབས་དེར་སྐུ་འབུམ་བྱམས་པ་གླིང་གི་ཁྲིར་བཞུགས་ཏེ་འཇམ་མགོན་བླ་མའི་ལུགས་བཟང་རྒྱས་པར་མཛད།དགུང་གྲངས་ཞེ་གསུམ་པར་གནས་མཆོག་རི་བོ་རྩེ་ལྔ་དང་། མ་ཧཱ་གསེར་གྱི་རྒྱལ་ཁབ་ཆེན་པོ་སོགས་ཡུལ་གྲུ་མང་བོར་ཞབས་ཀྱིས་བཅགས་ཤིང་ཕྱོགས་ཀྱི་སྐྱེ་བོ་རྣམས་ལ་དམ་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད།    དགུང་ལོ་ཞེ་ལྔ་བར་ཚེ་རིང་གནམ་གྱི་ཤེད་མོང་བཙན་པོས་འཛམ་གླིང་ཡངས་པའི་རྒྱལ་ཁམས་སྐྱོང་བ་འཇམ་དབྱངས་བཀྭང་བཤུས་རྒྱལ་བོ་ནས།   ཆེས་ཆེར་སྐྱོབ་མཛད་ས་མ་ཏི་པཀྵི་ཞེས་པའི་བཀའ་ཐམ་གསེར་ཡིག་བཅས་བསྩལ།  དགུང་ལོ་ཞེ་བདུན་པ་ནས་ཁམས་ཕྱོགས་ཀ་མ་རཱུ་བའི་གནས་ཆེན་དང་།   མགོ་ལོག་ཁག་གསུམ།   བྲ་ལག་ཀ་མཛེས།  ལི་ཐང་དང་དབལ་ཤུལ་གཡོན་རུ།   ཆབ་མདོ་སོགས་དགོན་སྡེ་དང་ཡུལ་གྲུ་དུ་མར་ཕེབས་ཏེ་རྟེན་གཙོ་ཁག་ལ་མཆོད་འབུལ་རྒྱ་གང་ཆེ་དང་དགེ་འདུན་གྱི་སྡེ་རྣམས་ལ་བསྙེན་བཀུར་དཔག་ཏུ་མེད་པ་གནང་བ་དང་།  དད་ལྡན་གྱི་སྐྱེ་བོ་དུ་མར་ཆོས་སྦྱིན་བསམ་གྱིས་མི་ཁྱབ་པ་གནང་ཞིང་།  ཆོས་རྒྱུན་དཀོན་པ་དུ་མ་ཆེད་གཉེར་གྱིས་གསན་ཏེ་བསྟན་འགྲོའི་བདེ་སྐྱིད་གོང་ནས་གོང་དུ་སྤེལ་བར་མཛད།དགུང་ལོ་ང་བཞི་བར་སླར་ཡང་དབུས་གཙང་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་མཛད། ཇོ་ཤཱཀ་རྣམ་གཉིས་སོགས་ལ་མཆོད་སྤྲིན་རྒྱ་གང་ཆེ་དང་།༧གོང་ས་རྒྱལ་དབང་ཡབ་སྲས་རྣམས་ལ་དངོས་འབུལ་ཞུས་ཤིང་། དབུས་གཙང་ས་སྐྱ། རྗེ་བཙུན་མི་ལའི་སྒྲུབ་གནས་འགའ་ཞིག་དང་གངས་ཏི་སེ།མ་ཕམ་གཡུ་མཚོ་སོགས་སུ་གནས་མཇལ་དང་། དགེ་འདུན་གྱི་སྡེ་རྣམས་ལ་བསྙེན་བཀུར་ཞུས་ཤིང་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་ཆོས་ཀྱི་བདུད་རྩི་ཅི་འདོད་དུ་བསྩལ་ཏེ་མཐོང་ཐོས་དྲན་རེག་གི་འབྲེལ་ཚད་དོན་དང་ལྡན་པར་བྱས།   དགུང་ལོ་ང་བརྒྱད་པར་གདན་ས་ཆེན་པོར་ཕྱག་ཕེབས། དེ་ལྟར་ནུབ་འཁོར་ལོ་སྡོམ་པའི་གནས་མཆོག་གངས་དཀར་ཏི་སེ་ནས་ཤར་འཕགས་པ་འཇམ་དཔལ་དབྱངས་ཀྱི་གདན་ས་རི་བོ་དྭངས་གསལ་སོགས་རྒྱ་བོད་ཧོར་གསུམ་གྱི་ཡུལ་གྲུ་ཐམས་ཅད་ཞབས་ཀྱིས་བཅགས་ཏེ་ཐུགས་དམ་ཉམས་བཞེས་དང་བསྟན་འགྲོའི་ལེགས་ཚོགས་འཕེལ་རྒྱས་ཀྱི་ཐུགས་སྨོན་རྒྱུན་མི་ཆད་དུ་གནང་།   དགུང་ལོ་གསུམ་པའི་དུས་སྙན་ངག་གི་ཚིག་སྦྱོར་རྨད་དུ་བྱུང་བ་གསུང་རྩོམ་གནང་བས་མཚོན་མགྲིན་པའི་རྩ་མདུད་རང་གྲོལ་དུ་སོང་བའི་གསུང་མགུར་ཟབ་མོ་མང་དུ་མཛད་པ་བཅས་བཀའ་རྩོམ་པོད་བཞིར་ལོངས་པ་མཛད་པ་སོགས་བསྟན་འགྲོར་སྨན་པའི་མཛད་པ་རླབས་ཆེ་བ་མཛད།   མཐར་དགུང་ལོ་རེ་གཅིག་པ་མེ་འབྲུག་ལོའི་ཧོར་ཟླ་གཉིས་པའི་ཉེར་གཉིས་ཉིན་ངོ་མཚར་བའི་མཛད་པ་དང་བཅས་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ། 

timg (1).jpg

 

     དུས་ཆེན་འདི་དང་འབྲེལ་བར་དད་ལྡན་སེར་སྐྱ་མཆོག་དམན་ཀུན་གྱིས་ཕྱག་འཚལ་མཆོད་འབུལ་དང་།   ཚོགས་བསགས་སྒྲིབ་སྦྱོང་།  སྡིག་སྤོང་དགེ་སྒྲུབ་སོགས་རྣམ་དཀར་གྱི་ལས་ལ་འབད་པར་རིགས་སོ།   


 

                                          རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

 

 

གསལ་འདེབས། 

 

 

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 

 

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།