གསོ་བ་རིག་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-25 21:14:32     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།     ཀློག་ཐེངས།  

4-1501231AIJ17.jpg

གསོ་བ་རིག་པ་ནི། ཕྱི་རོལ་པའི་རིག་བྱེད་བཞིའི་ཡན་ལག་དྲུག་དང་ཉེ་བའི་ཡན་ལག་གཉིས་རྣམས་བྱུང་དུས་གསོ་དཔྱད་འབུམ་པ་བྱུང་ཞིང་། བརྒྱ་བྱིན་གྱིས་རྒྱུན་ཤེས་སོགས་ལ་བཤད་ནས་ལྷ་ལ་དར། མི་ཡུལ་དུ་རྫོགས་ལྡན་མཐར་ཞེང་བུས་ས་ཞག་ཟོས་པ་མ་ཞུས་ཚེ་ཚངས་པས་ཆུ་འཁོལ་གཏད་ནས་ཞུ་བར་བྱས་པས་སྨན་དང་སྨན་པའི་ཐོག་མ་བྱུང་ཟེར། བསྟན་པ་འདི་ལ་གཟུགས་ཅན་སྙིང་པོའི་སྲས་འཚོ་བྱེད་གཞོན་ནུ་བྱུང་བ་དང་། མགོན་པོ་ཀླུ་སྒྲུབ་དང་དཔའ་བོ་སོགས་ཀྱིས་བསྟན་བཅོས་བརྩམས་པ་རྣམས་ཁ་ཆེ་པཎ་ཆེན་ཛ་ཪྡྷཱ་ན། ལོ་ཆེན་སོགས་ཀྱིས་བསྒྱུར་ཏེ་བོད་དུ་འཕེལ་ཞིང་། དེ་དག་གི་བརྒྱུད་པ་ནི་སངས་རྒྱས་སྨན་བླ་ནས་ཀླུ་སྒྲུབ་དང་། དཔའ་བོ་ཟླ་བ་མངོན་དགའ་ནས་ལོ་ཙཱ་པ་བཻ་རོ་ཙ་ན་སོགས་ལ་བརྒྱུད་པ་དང་། གཡུ་ཐོག་ནས་ཉེ་བརྒྱུད་སོགས་ཡོད་དེ། དེ་ཡང་སྨན་གྱི་རྒྱུད་མན་ངག་གི་བྱུང་བ་ནི།  སྔོན་སངས་རྒྱས་གསེར་ཐུབ་ཀྱིས་ཚངས་པ་ལ་གསུངས་ཏེ་མིའི་དྲང་སྲོང་བརྒྱད་ཀྱི་བར་བྱུང་བ་བར་མ་ཆད་པར་བསྟན་ཅིང་ཤཱཀྱ་ཐུབ་པའི་དུས་སུ་རྡོ་འཇོག་གི་སྨན་པ་རྒྱུན་ཤེས་ཀྱི་བུའི་བར་བྱུང་བ་དང་། དེ་ལས་འཚོ་བྱེད་གཞོན་ནུས་གསན་པ་སོགས་ལོ་རྒྱུས་མང་ཡང་ཐུན་མོང་དུ་སྟོན་པ་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་ཕེབས་ཏེ་སྨན་གྱི་བླ་བཻདཱུརྱའི་འོད་ཀྱི་རྒྱལ་པོའི་སྐུར་བཞེངས་ནས་སྐྱེ་དགུའི་བདག་པོ་མྱུར་བ་དང་། ལྷའི་སྨན་པ་ཐ་སྐར་དང་བརྒྱ་བྱིན། ལྷ་མོ་བདུད་རྩི་མ་སག་ས་ལྷའི་འཁོར་དང་། རྒྱུན་ཤེས་ཀྱི་བུ་སོགས་དྲང་སྲོང་། ཚངས་པ་དང་དབང་ཕྱུག་སོགས་ཕྱི་བའི་འཁོར། ཀུན་དགའ་བོ་དང་འཚོ་བྱེད་གཞོན་ནུ་སོགས་ནང་བའི་འཁོར་མང་བོར་རྒྱུད་བྱིན་རླབས་དང་མན་ངག་བཅས་གནང་བ་ཀླུ་སྒྲུབ་ཀྱིས་འཚོ་བྱེད་གཞོན་ནུ་ལ་གསན་ཏེ་དཔའ་བོ་དང་ཁ་ཆེ་ཟླ་བ་མངོན་དགའ་སོགས་རིམ་པར་བརྒྱུད་པ་ཁྲི་སྲོང་གི་དུས་ སུ་བཻ་རོ་ཙ་ནས་བོད་དུ་བསྒྱུར་ནས་སྤེལ་བ་ལ་བཀའ་མ་དང་གཏེར་མ་གཉིས་བྱུང་ཟེར། དེ་ལས་བཀའ་མ་ནི། ལོ་ཆེན་ནས་ཁྲི་སྲོང་ལ་བརྒྱུད་དེ་བྱང་བ་རྣམ་རྒྱལ་གྲགས་བཟང་གི་བར་བྱུང་བ་ལ་བྱང་ལུགས་སུ་གྲགས། གཏེར་མ་ནི། ཁྲི་སྲོང་གིས་རྒྱུད་གཏེར་དུ་སྦས་པ་གྲྭ་པ་མངོན་ཤེས་ཀྱིས་བཏོན་ཏེ་ཟུར་མཁར་མཉམ་ཉིད་རྡོ་རྗེའི་བར་བརྒྱུད་པ་ལ་ཟུར་ལུགས་སུ་གྲགས། ཡང་ལོ་ཆེན་རིན་ཆེན་བཟང་བོ་ནས་གཡུ་ཐོག་ཡོན་ཏན་མགོན་པོའི་བར་བརྒྱུད་པའི་ལོ་རྒྱུས་དང་། ཞང་གཟི་བརྗིད་འབར་ནས་གཡུ་ཐོག་ལ་བརྒྱུད་པའི་ལོ་རྒྱུས་སོགས་ཡོད་པ་གང་ལྟར་ཕྱིས་སུ་བཀའ་གཏེར་གཉིས་འདྲེས་སུ་ཡང་སོང་ཟེར། གང་ལྟར་ཡང་སྤྱིར་དོན་གྱི་ན་བཻདཱུརྱའི་སྣང་བའི་ཞིང་གི་སྟོན་པ་སྨན་བླས་གསུངས་པ་དང་། ཞིང་འདིར་སྟོན་པས་སྨན་གྱི་ནགས་སུ་གསུངས་པ་མི་འགལ་ཞིང་དེ་དག་ནི་དག་སྣང་ཡིན་ལ། དཔལ་ལྡན་རྒྱུད་བཞི་ནི་གཡུ་ཐོག་ རྙིང་མས་གསང་ཆོས་བྱས་ཏེ་གཡུ་ཐོག་གསར་མ་བྱུང་རག་བར་དུ་མ་སྤེལ་བའི་ལོ་རྒྱུས་ཡོད་པ་ལྟར་ད་ལྟ་བོད་མར་ཁས་ལེན་པ་འདི་ཡང་དག་པ་ཡིན་ནོ། །

རྒྱ་གར་ནག་གི་གསོ་རིག་ཆུ་བོ་གཉིས་འདྲེས་མངའ་བ་གཡུ་ཐོག་ཡོན་ཏན་མགོན་པོ་སངས་རྒྱས་སྨན་བླས་བྱིན་གྱིས་བརླབས་ཤིང་། དྲང་སྲོང་ཙ་ར་ག་སོགས་བསྟེན་ནས་དངོས་གྲུབ་ཐོབ་པ་དང་། སྨན་མང་པོ་ཡོད་པའི་གནས་རྣམས་ཏེ་གྲོང་ཁྱེར་ལྟ་ན་སྡུག་ཏུ། གཙོ་སེམས་སངས་རྒྱས་སྨན་བླ། ཀུན་རྟོག་ཕྲ་མོ་རྣམས་འཁོར་སྡེ་བཞི། རྩོམ་པའི་འདུན་པ་ཡིད་ལས་སྐྱེས། གསོ་དཔྱད་སོ་སོར་རིག་པའི་མཁྱེན་པ་རིག་ པའི་ཡེ་ཤེས་སུ་བྱས་ཏེ་རྒྱུད་བཞི་ཆ་ལག་དང་བཅས་པ་གསུངས་པའི་ཚུལ་ནི། ཡོངས་གྲགས་ཀྱི་གཏམ་ལ་དགོངས་གཞི་དགོས་པ་དངོས་ལ་གནོད་བྱེད་གསུམ་གྱི་སྟེང་ནས་འགྲེལ་བ་ཡང་དག་པའི་གཏམ་དུ་   མཁས་པ་རྣམས་བཞེད་དོ། །དེས་ན་རྒྱུད་བཞིའི་རྒྱུད་རིག་པའི་ཡེ་ཤེས་ཀྱིས་ཡིད་ལས་སྐྱེས་དང་། དེ་ནས་འཚོ་བྱེད་གཞོན་ནུ་སོགས་བརྒྱུད་པར་གསུངས་པ་ཡང་བརྗོད་བྱ་དོན་གྱི་རྒྱུད་ལ་དགོངས་སོ། །མདོར་ན་རྗེ་བསྟན་པའི་ཉིན་བྱེད་ཡབ་སྲས་ཀྱིས་ཕྱི་ལྟར་བཀའ། ནང་ལྟར་གཏེར། གསང་བ་གཡུ་ཐོག་ཉིད་ཀྱི་གསུང་ཞེས་བཞེད་དོ། །

དེ་ཡང་། ནད་རིགས་བཞི་བརྒྱ་རྩ་བཞི་སྟེ། བརྒྱ་དང་གཅིག་ནི་ཀུན་བརྟག་གདོན་གྱི་ནད་དང་།   བརྒྱ་དང་གཅིག་ནི་འཕྲལ་བྱུང་རྐྱེན་གྱི་ནད་དང་། བརྒྱ་དང་གཅིག་ནི་འབྱུང་འདུས་གཞིའི་ནད་དང་།   བརྒྱ་དང་གཅིག་ནི་སྔོན་བྱུང་རང་བཞིན་གྱི་ནད་དང་། ཅེས་གསུངས་པ་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་སྟེ། ཞེ་སྡང་ལས་གྱུར་པའི་ཕོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། གཏི་མུག་ལས་གྱུར་པའི་ཀླུ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། འདོད་ཆགས་ལས་གྱུར་པའི་མོ་གདོན་སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། དུག་གསུམ་སུམ་ཆར་ལས་གྱུར་པའི་གདོན་འདྲེ་སྟོང་ཕྲག་ཉི་ཤུ་རྩ་གཅིག་རྣམས་ལ་སྨན་ཡན་ལག་སྟོང་སྟེ། ཆུ་ལས་བྱུང་བ་བརྒྱ་དང་། རླུང་གིས་དེད་པ་བརྒྱ་དང་། རྩི་སྨན་བརྒྱ་དང་། རྡོ་སྨན་བརྒྱ་དང་། སྔོ་སྨན་བརྒྱ་དང་། ཤིང་སྨན་བརྒྱ་དང་། གཤོག་པ་ཅན་བརྒྱ་དང་། གདོང་བ་ཅན་བརྒྱ་དང་། སྡེར་མོ་ཅན་བརྒྱ་དང་། མཆེ་བ་ཅན་བརྒྱ་དང་། དེ་དག་གི་རྩ་བ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ནི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གིས་གསོ་བ་ཡིན་ནོ། །

                                         རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།