བོད་ཀྱི་སྒྲ་རིག་པ

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 10:00:08     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།     ཀློག་ཐེངས།  

བོད་ཀྱི་སྒྲ་རིག་པ་དེ་དོན་བོད་དུ་བྱུང་བའི་ཚུལ་ནི་ལོ་ཙཱ་བ་ཆོས་སྐྱོང་བཟང་བོས། བོད་ཡུལ་དབུས་ཀྱི་རྒྱལ་པོ་མཆོག ། གནམ་རི་སྲོང་བཙན་ཡན་ཆད་ལ། །བོད་ལ་ཡི་གེ་མེད་ཅེས་གྲགས། །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །མཁན་པོ་ཐོན་མི་སམ་བྷོ་ཊས། །ལཉྫའི་ཡི་གེ་དཔེར་མཛད་ནས། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་མཛད། །དེ་ལས་རྗེས་སུ་འཇུག་པ་བཅུ། །དེ་ལས་ཀྱང་ནི་སྔོན་འཇུག་ལྔ། །ར་ལ་ས་ཡི་མགོ་གསུམ་དང་། །ཡ་ར་ལ་ཡི་སྨད་འདོགས་གསུམ། །ད་དང་ས་ཡི་ཡང་འཇུག་སོགས། །སྟོན་པའི་བསྟན་བཅོས་རྣམ་བརྒྱད་མཛད། །བཀའ་སྲོལ་དེ་ཉིད་ལ་བརྟན་ནས། །ལོ་པཎ་ སྐྱེས་མཆོག་དུ་མ་ཡིས། །རྒྱ་གར་རྒྱ་ནག་ཁ་ཆེ་དང་། །ལི་དང་བལ་བོའི་ཡུལ་སོགས་ནས། །ཐུབ་པའི་གསུང་རབ་སྣ་ཚོགས་བསྒྱུར། །བརྡ་ཡང་མི་འདྲ་སྣ་ཚོགས་བསྒྱུར། །ཞེས་གསུངས་ཤིང་། མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་ཀྱང་། བོད་ཀྱི་བརྡ་སྤྲོད་གཞུང་འདི་ཉིད་ཀྱི་ཡི་གེའི་རྣམ་བཞག་དང་འཇུག་ཚུལ་སོགས་བོད་ཀྱི་སྐད་གསུང་རབ་དང་སྦྱོར་ཚུལ་རང་ཚུགས་ཐུབ་ཅིང་། བརྡ་སྤྲོད་པའི་གཞུང་ལུགས་ཆེན་པོ་རྣམས་དང་སྦྱར་ན། སུམ་ཅུ་བ་ལས་ཀ་ལཱ་བའི་མིང་ལེ་དང་བཤད་ཚུལ་མཚུངས་ཤིང་། རྟགས་འཇུག་གིས་ཀུན་བཤད་ཀྱི་བརྗོད་དོན་འབྲེལ་བ་ཡིན་ནོ། །ཞེས་གསུངས་ཏེ་བརྡ་སྤྲོད་པའི་གཞུང་བྱུང་ཚུལ་ལོ། །བར་དུ་  གསུང་རབ་སྤྱི་འགྲོས་དང་སྦྱོར་བའི་སྲོལ་རྒྱ་ཆེར་བཏོད་ཚུལ་ནི། །ཞ་ལུ་ལོ་ཆེན་གྱིས། །ཆོས་རྒྱལ་རལ་བ་ཅན་གྱི་དུས། །སྐ་ཅོག་ཞང་གསུམ་མཁས་མང་གིས། །རྒྱལ་བའི་བཀས་བསྐུལ་གསར་བཅད་ཀྱི། །སྐད་ཀྱིས་བརྡ་སྦྱར་གཏན་ལ་ཕབ། །ས་ལུད་ནས་རིན་ཆེན་བཟང་པོ་དང་། །བློ་ལྡན་ཤེས་རབ་ལ་སོགས་པའི། །མཁས་མཆོག་རྣམས་ཀྱིས་དེ་ལ་བརྟེན། །ཞེས་གསུངས་ཏེ། སྒྲ་སྦྱོར་བམ་གཉིས་ལས་གསུངས་པ་ལྟར་ལེགས་པར་གཏན་ལ་ཕབ་ཅིང་། སྐབས་དེ་ཤེད་དག་ན་བྱུང་བའི་སྒྲའི་ཡིག་ཆ་ནི། ལོ་ཙཱ་བ་ཁྱི་ལྕེ་འབྲུག་གིས་མཛད་པའི་གནས་བརྒྱད་ཆེན་མོ་རྩ་འགྲེལ། ལོ་ཙཱ་བ་སྤྱིས་ཐུན་མོང་དུ་བྱེ་བྲག་རྟོགས་བྱེད་ཆེ་འབྲིང་ཆུང་གསུམ། སྒྲ་སྦྱོར་བམ་གཉིས་པ་སོགས་དང་། དེ་དག་གི་རྗེས་སུའང་ལོ་ཙཱ་པ་རིན་ཆེན་བཟང་པོ་དང་། རྔོག་བློ་ལྡན་ཤེས་རབ་སོགས་ཀྱིས་ཀྱང་བརྡ་དང་ཐ་སྙད་གསར་བཅད་དང་རྣམ་པར་འབྱེད་པའི་དག་སྡེབ་ཀྱི་བསྟན་བཅོས་སོགས་མཛད་དེ་ཚགས་ཇེ་ཞིབ་ལྟ་བུར་མཛད། སྐད་གསར་བཅད་ལ་བརྟན་ནས་ཀྱང་བོད་ཀྱི་སྒྲ་རིག་པ་འདི་ཉིད་ཁུངས་ཞིབ་མོ་དང་བཅས་ཏེ་སྦྱོང་བའི་སྲོལ་དར་བའི་ཚུལ་ནི། སྒྲ་ཡི་ཡན་ལག་སྡེབ་སྦྱོང་རིན་ཆེན་འབྱུང་། །སྙན་ངག་མེ་ལོང་མངོན་བརྗོད་འཆི་མེད་མཛོད། །ཀུན་ཏུ་དགའ་བའི་ཟློས་གར་ལ་སོགས་པ། །ཤོང་དཔང་ཡབ་སྲས་རྣམས་ཀྱིས་བསྒྱུར་ཅིང་བཤད། །ཐ་སྙད་རིག་པའི་གནས་ལྔར་གྲགས་པ་རྣམས། །ཆོས་རྗེ་ས་པཎ་ཡན་ལ་མ་དར་ཞིང་། །ཐར་ལོ་ཡན་ལ་སྒྲ་མདོ་འགྱུར་བ་མེད། །སྒྲ་རིག་བརྗོད་བྱ་བྱས་ཏེ་བཤད་ན་ནི། །ཅེས་སོགས་གསུངས་པ་ལྟར་ཏེ། འཇམ་དཔལ་དབྱངས་ངོས་ས་པཎ་མཆོག་གིས་ལེགས་པར་སྦྱར་བའི་གཞུང་ལ་སྦྱངས་ཕྱིན་མཛད་ནས་སྒྲ་ལ་འཇུག་པའི་རྣམ་བཤད་དང་། མཁས་འཇུག་སྨྲ་སྒོའི་དོན་བསྡུ་སོགས་མཛད་ཅིང་། དེ་བཞིན་རིག་པའི་གནས་བཅུའི་སྲོལ་ལེགས་པར་ཕྱེ་ནས་དར་ཞིང་རྒྱས་པར་མཛད་པའི་ཐོག་མ་ལྟ་བུའི་མཁས་པ་ངེས་དོན་དུ་གནས་པ་ཡིན་པས་ན། ཉིད་ཀྱི་གསུང་ལས་ཀྱང་། སྒྲ་པ་ང་ཡིན་རྟོག་གེ་པ་ང་སྨྲ་བ་ངན་འཇོམས་ང་འདྲ་མེད། །སྡེབ་སྦྱོར་ང་མཁས་སྙན་ངག་ང་ཉིད་མངོན་བརྗོད་འཆད་ལ་འགྲན་མེད་དང་། །དུས་སྦྱོར་ངས་ཤེས་ཕྱི་ནང་ཀུན་རིག་རྣམ་དཔྱོད་བློ་གྲོས་མཚུངས་མེད་ང་། །དེ་འདྲ་ང་ཡིན་ས་སྐྱ་པ་སྟེ་མཁས་པ་གཞན་དག་གཟུགས་བརྙན་ཡིན། །ཞེས་གསུངས། དེ་བཞིན་དུ་ཤོང་ལོ་ཙཱ་པ་རྡོ་རྗེ་རྒྱལ་མཚན་དང་། ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། བུ་སྟོན་རིན་ཆེན་གྲུབ། ས་བཟང་མ་ཏི་པཎ་ཆེན། གུང་ཐང་བདེ་བའི་བློ་གྲོས། ལོ་ཆེན་བྱང་ཆུབ་རྩེ་མོ། ལོ་ཙཱ་བ་ནམ་མཁའ་བཟང་པོ། བོ་དོང་བ་ཤེས་རབ་དཔལ། ལོ་ཆེན་གྲགས་པ་རྒྱལ་མཚན། མཁས་གྲུབ་དགེ་ལེགས་དཔལ་བཟང་། སྙེ་ཐང་པ་བློ་གྲོས་བསྟན་པ། ཤབ་སྨད་ཐུགས་རྗེ་དཔལ། །སྣར་ཐང་ལོ་ཙཱ་པ་སིངྒ་ཤྲཱི། ལོ་ཆེན་ཤེས་རབ་རིན་ཆེན་སོགས་རིག་པའི་གཞུང་ལ་ཕྱག་རྗེས་ཆེ་བ་དེ་དག་གིས་རྒྱ་བོད་  གཉིས་ཆར་གྱི་སྒྲ་རིག་པའི་ཁོངས་ནས་བཅུ་ཕྲག་རིག་པའི་གནས་རྣམས་དར་རྒྱས་སུ་མཛད་པ་ནི་སུམ་རྟགས་ཀྱི་གཞུང་ཚིག་གཉེར་བ་ཙམ་མ་ཡིན་པར་གཏིང་ཟབ་ཅིང་མཐའ་ཆོད་པར་གྱུར་པ་ཤ་སྟག་གོ །

སྒྲ་ཀ་ལཱ་པ་ནི། ལྷ་ཐམས་ཅད་པས་མཛད་པ་སྟེ། དེ་ཡང་དབང་ཕྱུག་གོ་ཆ་ལ་ལྷ་གཞོན་ནུ་གདོང་དྲུག་གིས་གནང་བའི་ལེགས་སྦྱར་གྱི་བསྟན་བཅོས་ཏེ། ལྷ་ཐམས་ཅད་མཁྱེན་པ་དང་། དབང་པོ་དང་།     བརྒྱ་བྱིན་དང་། དྲང་སྲོང་ཕུར་བུ། གཞོན་ནུ་གདོང་དྲུག་གིས་དབང་ཕྱུག་གོ་ཆར་གནང་བའི་རྒྱུན་ཤོང་སྟོན་ལོ་ཙཱ་བ་རྡོ་རྗེ་རྒྱལ་མཚན་གྱིས་ལཀྵིཾ་ཀ་ར་ལ་གསན་ཏེ་ཤོང་ལོ་ཙཱ་པ་བློ་གྲོས་བརྟན་པར་གནང་ནས་བོད་དུ་བརྒྱུད། །

སྒྲ་ཙནྡྲ་བ་ཙནྡྲ་གོ་མིས་གསན་ཏེ་བསྟན་བཅོས་མཛད་ནས་བརྒྱུད་པ་ཤོང་ལོ་ཆེན་པོས་བོད་དུ་བརྒྱུད།

སྒྲ་དབྱངས་ཅན་མ་ནི། ལྷ་མོ་དབྱངས་ཅན་མས་སློབ་དཔོན་ཨ་ནུ་བྷུ་ཏི་ལ་དངོས་སུ་སྩལ་བ་རང་འགྲེལ་དང་བཅས་པ་ནི། འཕགས་མ་དབྱངས་ཅན་མས་སློབ་དཔོན་རྗེས་འབྱོར་རང་བཞིན་བཟང་བོ་ལ་གནང་བ། འདར་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་པཎྚི་ཏ་གོ་ཀུ་ལ་ནཱ་ཐ་མི་ཤྲ་སྐུ་མཆེད་ལ་གསན་ཏེ་སྟག་ལུང་བ་ཆོས་འབྱོར་ལྷུན་གྲུབ་སོགས་ལ་བརྒྱུད་པ་དང་། སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ་ནས་བརྒྱུད་པ་རྗེ་བཙུན་ཏཱ་ར་ནཱ་ཐ་ནས་བརྒྱུད་པ་བཅས་ཀྱིས་བོད་དུ་སྤེལ་བའོ། །

སྒྲ་རིག་པ་ལ་སྒྲ་མདོ་ཆེན་པོ་བརྒྱད་ཡོད་དེ། སངས་རྒྱས་ཀྱིས་དུས་ཀྱི་འཁོར་ལོའི་དབྱངས་གསལ་ལ་བརྟེན་པ་བཅས་པའི་སྒྲ་མདོ་དང་། བརྒྱ་བྱིན་གྱིས་མཛད་པ་ཨིནྡྲ་བྱཱ་ཀ་ར་ཎ། བྲམ་ཟེ་པཱ་ཎིས་མཛད་པའི་པཱ་ཎི་བྱཱ་ཀ་ར་ཎ། གཞོན་ནུ་གདོང་དྲུག་གིས་རྒྱལ་པོ་དབང་ཕྱུག་གོ་ཆ་ལ་གསུངས་པ་རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། སྒྲ་མདོ་ཀཱ་ལ་པ། དེ་ཡི་འགྲེལ་བ་ཇོ་བོ་གྲགས་འབྱོར་གྱིས་མཛད་པའི་སློབ་ཕན། སློབ་དཔོན་ཙནྡྲ་གོ་མིས་མཛད་པ་རྟོགས་དཀའ་བ་པཎྚྀ་ཏའི་ལུགས་ཀྱི་བསྟན་བཅོས་ཙནྡྲ་བྱཱ་ཀ་ར་ཎ།     རྒྱལ་དབང་ལྔ་བ་ཆེན་པོའི་སྐབས་སུ་འདར་པ་སྨོན་འགྲོ་བ་ངག་དབང་ཕུན་ཚོགས་ཀྱིས་ཙརྱ་གོ་ཀུ་ལ་ནཱ་ ཐ་སོགས་ལ་བརྟེན་ནས་བསྒྱུར་པ་སྒྲ་མདོ་དབྱངས་ཅན་དང་། དེ་ཡིས་འགྲེལ་བ་འདར་པ་རང་གིས་   མཛད་པ། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པ་རྣམས་སོ། །སྤྱིར་སྒྲ་རིག་པའི་སྲོལ་འཛིན་པ་ནི། ཆོས་རྗེ་ས་པཎ་ཀུན་དགའ་རྒྱལ་མཚན་ཡན་ལ་སྒྲ་མདོ་སོགས་ཐ་སྙད་རིག་གནས་ཀྱི་བསྟན་བཅོས་བོད་དུ་མ་འགྱུར་ཞིང་དེ་ནས་ཐར་ལོ་ཉི་མ་རྒྱལ་མཚན་དང་། ཤོང་སྟོན་རྡོ་རྗེ་རྒྱལ་མཚན། དེ་ཡི་སྐུ་མཆེད་ཤོང་བློ་གྲོས་བརྟན་པ། དེ་ཡི་སློབ་མ་དཔང་བློ་གྲོས་བརྟན་པ་དང་། དེ་ཡི་སློབ་མ་རྒྱལ་བ་ཙོང་ཁ་པ་ཡིས་ཀྱང་ཞལ་མཇལ་བ་ལོ་ཆེན་བྱང་ཆུབ་རྩེ་མོ་དང་། དེ་ཡི་སློབ་མ་ལོ་ཙཱ་པ་ནམ་མཁའ་བཟང་བོ་དང་། དེ་ཡི་སློབ་མ་པཎ་ཆེན་དགེ་འདུན་གྲུབ་ཀྱི་བླ་མར་གྱུར་པ་ལོ་ཙཱ་བ་ཐུགས་རྗེ་དཔལ་བཟང་དང་། ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་བོའམ་དྷརྨ་པཱ་ལ་བྷ་ཏྲ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་མང་དུ་བྱོན། དེ་རྣམས་ཀྱིས་ནང་ནས་ཀྱང་མཁས་ཤིང་སྒྲ་ཡི་རིག་གནས་ལ་ཕན་ཐོགས་ཆེ་བ་ནི། ཤོང་དཔང་གཉིས་ཡིན་པར་གྲགས། ཕྱིས་སུ་ཡང་ཀརྨ་སི་ཏུ་སོགས་སྒྲ་རིག་པར་མཁས་པ་འགའ་ཞིག་བྱུང་ངོ་། །

བོད་ཀྱི་སྒྲ་རིག་པའི་མདོ་ལྟ་བུ་ནི་རྩ་བ་སུམ་ཅུ་བ་དང་རྟགས་ཀྱི་འཇུག་པ་གཉིས་ཡིན་ལ། དེའི་ཡན་ལག་ལྟ་བུའི་བསྟན་བཅོས་ཀྱང་མང་བོ་ཞིག་ཡོད་པར་གསུངས་ནའང་། ད་ལྟ་དཔེ་རྒྱུན་ཆད་པས་གསལ་ཁ་འབྱེད་མི་ནུས་མོད། འོན་ཀྱང་བོད་ཀྱི་སྒྲ་རིག་པ་ནི་ཚིག་ཉུང་ཞིང་དོན་རྒྱས་པ། བོད་མིའི་ངག་དང་མཐུན་པ་དང་། ལེགས་པར་སྦྱར་བའི་གནད་དང་ལྡན་པ་སྟེ། ཁྱད་པར་གསུམ་དང་ལྡན་པ་འདི་ནི་བརྡ་སྤྲོད་པའི་གཞུང་གཞན་ལས་ལྷག་པའི་དགེ་མཚན་ཁྱད་པར་ཅན་ལྡན་པ་ཡིན་ཏེ། སློབ་དཔོན་ཐོན་མི་སམ་བྷོ་ཊ་ནས་ཡི་གེ་ལ་མཁས་པ་མི་བརྒྱད་སོགས་བརྒྱུད་ནས་ད་ལྟ་བར་གོང་དུ་འཕེལ་ཞིང་དར་རྒྱས་སུ་འགྲོ་བཞིན་འདིའོ། །

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།