བསང་མཆོད་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-23 09:48:37     རྩོམ་པ་པོ།   འཇིགས་མེད་ཆོས་ཀྱི་རྡོ་རྗེ།     ཀློག་ཐེངས།  

 

༄༅། །བསང་མཆོད་ཀྱི་ཁུངས་དོན་གྱིས་ན། འདུས་པ་ལས། དྲི་ལ་རྣམ་གསུམ་ཤེས་བྱས་ནས། ཞེས་སོགས་དང་། མ་གྷ་དྷ་བཟང་མོའི་རྟོགས་བརྗོད་ལས། ཡུལ་བུ་རམ་ཤིང་འཕེལ་དུ་སངས་རྒྱས་ལ་བསང་གི་དུད་སྤྲིན་གཏིབས་པས་མཆོད་པ་དང་། མཉན་ཡོད་དུ་སངས་རྒྱས་བཞུགས་པའི་སྤྱན་སྔར་མཆོད་པའི་སྤྲིན་ཕུང་ཆེན་པོར་འཁྲིགས་པའི་ལོ་རྒྱུས་ལྟ་བུ་དང་། གོང་ས་ལྔ་བ་ཆེན་པོས། གངས་རིའི་དཔལ་ལྡན་སཱ་ལའི་ལྗོངས་ཆེན་པོར། །ལྷ་ཀླུ་གཞི་བདག་དགའ་བར་བྱེད་པའི་བསང་། །ཞང་ཞུང་ཤེས་རབ་མེས་པོའི་རྗེས་འབྲངས་པའི། །གཡུང་དྲུང་བོན་གྱིས་སྲོལ་བཏོད་ཐོག་མར་དར། །ཟབ་གཡང་ཆོས་འཁོར་བཞེངས་པའི་ སྔོན་འགྲོའི་སྐོར། །སངས་རྒྱས་ཀུན་འདུས་པད་མ་ཐོད་ཕྲེང་གིས། །ལྷ་སྲིན་སྡེ་བརྒྱད་དམ་བཏགས་བསང་མཆོད་དང་། །རང་རང་དགྱེས་བསྐྱེད་མཐུན་པའི་རྫས་ཀྱིས་བརྔན། །ཞེས་དང་། པཎ་ཆེན་ཐམས་ཅད་མཁྱེན་པས། སློབ་དཔོན་པད་མ་འབྱུང་གནས་ཀྱིས། །ཐུགས་རྗེའི་རྒྱ་མཚོ་ཆེར་གཡོས་ཏེ། །བསང་ཆོག་བསམ་འཕེལ་ཨིནྡྲ་རྙིལ། །མངོན་ཕྱུང་རྒྱལ་མཚན་རྩེར་མཆོད་པས། །ཞེས་གསུངས་པ་ལྟར་ཐོག་མར་བོན་དང་། དེ་ནས་སློབ་དཔོན་ཆེན་པོས་བསམ་ཡས་ཆོས་འཁོར་བཞེངས་པའི་སྔོན་འགྲོ་སོགས་སུ་བསང་ཆོག་མཛད་དེ་སྤེལ། བསང་རྫས་འབུལ་ཚུལ་ནི་རྗེ་རོལ་པའི་རྡོ་རྗེས། །རིན་ཆེན་སྣ་ཚོགས་དར་ཟབ་འབྲུ་སྣ་  དང་། །སྨན་སྣ་ཟས་སྣ་གཙང་མ་རབ་སྦྱར་བའི། །བསང་རྫས་མེར་བསྲེགས་སྔགས་དང་ཏིང་འཛིན་གྱིས། །བྱིན་བརླབས། ཞེས་སོགས་འདོད་ཡོན་ཉེར་སྤྱོད་ཀྱི་མཆོད་པ་དང་བཅས་པ་འབུལ་བར་གསུངས་ཏེ། དེ་ཡང་། ལྷ་མོ་སྔོན་མོ་གཡས་བདུད་རྩིའི་བུམ་པ་དང་། གཡོན་སྨན་གཞོང་འཛིན་པའི་བུམ་པ་ནས་བདུད་རྩིའི་རྒྱུན་བབས་པས། མི་གཙང་བ་ཐམས་ཅད་བསངས་ཤིང་དག་ནས་སྨན་གྱི་དྲི་ངད་ཀྱིས་ཕྱོགས་རྣམས་ཁྱབ་སྟེ་བསང་ཡུལ་རྣམས་དགྱེས་པའི་སྒོ་ནས་གྲོགས་མཛད་ན་ཕན་པ་རྒྱ་ཆེ་སྟེ། སྤྱིར་ཉེས་སྐྱོན་ཐམས་ཅད་དང་ཁྱད་པར་གྲིབ་དང་མི་གཙང་བའི་ཉེས་སྐྱོན་རྣམས་སྦྱང་བ་ཡིན། འདི་གནད་ཆེ་སྟེ་སྔོན་ཞིང་བ་ཞིག་གིས་གཞི་བདག་གི་རྟེན་ཞིག་ལ་བགོམས་པས་དེ་ཁྲོས་ནས་ཐོག་ཕབ་པ་རྗེ་བཙུན་མས་བསྐྱབས་པའི་ལོ་རྒྱུས་དང་། བཀྲ་ཤིས་ཚེ་རིང་མར་ཡུལ་དེའི་མི་རྣམས་ཀྱི་ཐབ་གཞོབ་དང་དམར་བཤས་ཀྱིས་མནོལ་བས་ཡུལ་དེར་རིམ་ནད་བྱུང་བ་རྗེ་བཙུན་མི་ལས་ཁྲུས་ཆོག་གིས་དག་པར་མཛད་པའི་ལོ་རྒྱུས་སོགས་མང་བ་ལྟར། བསང་གཏོང་ཤེས་ན་སྒྲིབ་སྦྱོང་དང་དག་སེལ་གྱི་མན་ངག་ཁྱད་པར་ཅན་ཡིན་པར་གསུངས་སོ། །

ནང་བསྟན་ལྷ་ཚོགས་ཆེན་མོལས་བཤུས།

                                                རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།