མ་ཎིའི་སྔགས་དོན་དང་། དེ་ལ་བརྟེན་ནས་སྡིག་སྒྲིབ་སྦྱང་ཚུལ་མདོར་བསྡུས་སུ་བཀོད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-03-16 10:51:40     རྩོམ་པ་པོ།   ཤིང་བཟའ་སྐལ་བཟང་ཆོས་རྒྱན།     ཀློག་ཐེངས།  

 པོ་ཏ་ལ.jpg

       ༄༅།དེ་ལ་འདིར་མ་ཎིའི་སྔགས་དོན་ནི། ཨོཾ་གྱི་ཨ་ཨུ་མ་གསུམ་བསྡོམས་པས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པར་མཚོན་ཞིང་། ནོར་བུ་འཛིན་པའི་སྔགས་ཞེས་བཞད་ལ། སྔགས་གྱི་མགོ་འདྲེན་ཡང་ཡིན་། མ་ཎི་ནི་ནོར་བུ། 
        པདྨ་རྒྱ་སྐད་སོར་བཞག་མེ་ཏོག་གི་སྐད་དོད། དེ་ལ་པདྨ་ཞེས་སྤྱན་རས་གཟིགས་ལ་ཉེ་བའི་སྒོ་ནས་བོད་པའི་དོན་ཡིན་པས། ནོར་བུ་པདྨ་ཞེས་སྤྱན་རས་གཟིགས་ལ་ཉེ་བའི་སྒོ་ནས་བོད་པའི་དོན་ཡིན་པས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཐུགས་རྒྱུད་རང་ལ་ཉེ་ལྷང་ངེ་བ་ཡོད་པ་ལྟ་བུར་བསྒོམ་ནས་བཟླ་བ་ཡིན་ཞིང་། གཞན་ཡང་ཡེ་གེ་དྲུག་པོ་རེ་རེ་བཞིན་གྱིས་རིགས་དྲུག་གི་སྐྱེ་སྒོ་གཅོད་པ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པར་བྱེད་པ་སོགས་མཚོན་དོན་མཐའ་ཡས་པ་ཡོད། སྤྱིར་འཕགས་པ་སྤྱན་རས་གཟིགས་དབས་ཕྱུག་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་གཅིག་ཏུ་བསྡུས་པའི་ངོ་བོ་ཡིན་པ་དང་། ཁྱད་པར་དུ་བོད་གངས་ཅན་གྱི་ལྷ་སྐལ་ཡིན་པས་གཞན་ལས་འབྲེལ་ཆེ་བའི་ཕྱིར་ལྷག་པའི་ལྷར་བཟུང་ནས་ཡེ་གེ་དྲུག་མའི་བཟླས་བརྗོད་བྱེད་པ་གལ་ཆེ་བ་ཡིན་ནོ། །
         གཞན་ཡང་མ་ཎི་ཡེ་གེ་དྲུག་མ་ལ་བརྟེན་ནས་སྡིག་སྒྲིབ་སྦྱངས་པའི་ལོ་རྒྱུས་མང་སྟེ། སུམ་ཅུ་རྩ་གསུམ་གྱི་ལྷ་ཡུལ་ན་ལྷ་བུ་དྲི་མ་མེད་པས་མཚམས་མེད་ཀྱི་ལས་བསགས་ནས་དམྱལ་བར་སྐྱེས་པ་ན། ལྷའི་དབང་བོ་བརྒྱ་བྱིན་གྱིས་ཐུབ་པ་བཅོམ་ལྡན་འདས་ལ་ཞུས་ནས། ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་བརྗོད་ནས་དམྱལ་བ་ལས་དྲངས་པར་མཛད་པ་དང་། ཡང་རི་རབ་ཆེན་པོའི་ཁོང་གསེང་ན་གནས་པའི་ལྷ་མིན་སྣང་བྱེད་ཅེས་བྱ་བས་སྲོག་གཅོད་བྱས་པའི་རྣམ་སྨིན་གྱིས་ཚ་དམྱལ་དུ་སྐྱེས་པ་ལ། ཐུབ་པ་ཆེན་པོས་ཡིག་དྲུག་བརྗོད་ནས་དམྱལ་བ་ལས་ཐར་ཞིང་དཔའ་བར་འགྲོ་བའི་རྟོགས་པ་ཤར་བར་གསུངས། ཡང་རྒྱ་གར་མ་ག་དྷའི་གྲོང་ཁྱེར་ན་མ་སྐྱེས་དགྲས་ཕ་བསད་པའི་མཚམས་མེད་ཀྱི་ལས་ཀྱིས་གྲང་བའི་དམྱལ་བར་སྐྱེས་པ་ན། བཅོམ་ལྡན་འདས་ཀྱིས་ཡིག་དྲུག་བརྗོད་པས་དམྱལ་བ་ལས་ཐར་ཞིང་སྒྱུ་མ་ལྟ་བུའི་རྟོགས་པ་སྐྱེས་པར་བཤད་པ་དང་། གནོད་སྦྱིན་གང་བ་བཟང་བོའི་བུ་ལྔས་བརྩེན་གྱིས་སངས་རྒྱས་གསེར་ཐུབ་ཀྱི་བསྟན་པ་ལ། ཆོས་ལ་སྐུར་བ་བཏབ་པའི་རྣམ་སྨིན་གྱིས་དུད་འགྲོར་སྐྱེས། སྒྲིབ་སེལ་ཤཱཀྱ་སེངྒེས་ཡིག་དྲུག་བརྗོད་པས་བྱོལ་སོང་གི་གནས་ནས་ཐར་ཞིང་རྣམ་པར་མི་རྟོག་པའི་ཏིང་འཛིན་སྐྱེས་། ཡང་རྒྱལ་བུ་མཛེས་ལྡན་བྱ་བས། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། སེར་སྣ་ཆེན་པོ་བྱས་པའི་རྣམ་སྨིན་གྱིས་ཡི་དྭགས་འཇུར་འགག་ཏུ་སྐྱེས་པ་ལ། འཕགས་པ་ནམ་མཁའ་མཛོད་ཆེན་གྱིས་ཡི་གེ་དྲུག་པ་བརྫོད་པས་ཡི་དྭགས་ཀྱི་གནས་ལས་ཐར་ཏེ་ལོངས་སྤྱོད་འགག་པ་མེད་པའི་དགོངས་པ་ཤར། ཡང་གྱད་ཀྱི་ཡུལ་དུ་སོར་མོའི་ཕྲེང་བ་ཅན་གྱིས། མི་སྟོང་དང་གོ་དགུ་བསད་པའི་རྣམ་སྨིན་གྱིས་དམྱལ་བའི་་གནས་སུ་ལྷུང་བ་ལ། ཐུབ་པ་ཆེན་པོས་ཡིག་དྲུག་གསུངས་པས་དམྱལ་བ་ལས་ཐར་ཏེ་སེངྒེའི་སྟོབས་ཀྱི་དགོངས་པ་ཤར། དེ་ལྟ་བུའི་ཡིག་དྲུག་བརྗོད་པ་ལ་ཕན་ཡོན་བསམ་གྱིས་མི་ཁྱབ་པ་ཡོད་པས། སེར་སྐྱ་མཆོག་དམན་ཀུན་གྱིས་རྒྱུན་དུ་ཡིག་དྲུག་བརྗོད་པ་གལ་ཆེའོ། །

        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།