སྨྱུང་གནས་དང་ཐེག་ཆེན་གསོ་སྦྱོང་གི་བསླབ་བྱ་སོགས་ཕྱོགས་བསྡེབས་སུ་བཀོད་པ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2015-12-08 21:04:29     རྩོམ་པ་པོ།   ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་    ཀློག་ཐེངས།  

        ཐབས་མཆོག་སྙིང་རྗེ་ཞི་བའི་མཐའ་སྤངས་ཤིང༌། །བདེན་མེད་ཤེས་པས་སྲིད་པའི་འཆིང་བ་བཅད། །ཉམ་ཐག་འགྲོ་འདྲེན་མཚུངས་ཟླ་མ་མཆིས་པའི། །མགོན་པོ་སྤྱན་རས་གཟིགས་ཀྱིས་རྟག་ཏུ་སྐྱོངས༌། །འདིར་གྲུབ་གཉིས་དཔལ་མོའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་གྱི་ཆོ་ག་དང་འབྲེལ་བར་སྨྱུང་གནས་བསྲུང་ཚུལ་ནི། རྟེན་གྱི་གང་ཟག་རབ་བྱུང་དང་ཁྱིམ་པ་ཕོ་མོ་གང་ཡིན་ཀྱང༌།འཕགས་པ་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་ངེས་པར་ཐོབ་པ་ཞིག་དགོས་ཤིང༌།བསམ་པའི་ཁྱད་པར་ཁམ་གསུམ་འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་པའི་ངེས་འབྱུང་དང༌། རང་ཉམས་ལ་དཔག་སྟེ།དྲིན་གྱིས་བསྐྱངས་པའི་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་ཕྲ་རགས་ཐམས་ཅད་ལས་སྒྲོལ་བར་འདོད་པའི་སྙིང་རྗེ་དང༌། དེ་དག་གི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བྱང་ཆུབ་ཀྱི་སེམས་སོགས།མ་མཐའ་བཅོས་མ་རེ་ལྟ་བུ་ཡན་ཆད་གསལ་བཏབ་ནས་དེས་ཟིན་པར་བྱེད་པ་དང༌། སྦྱོར་བའི་ཁྱད་པར་སྡོམ་པ་དང་དམ་ཚིག་ཚུལ་བཞིན་དུ་བསྲུང་བ་ལས།གཞན་མེད་པས།ཐུགས་རྗེ་ཆེན་པོ་སོགས་བྱ་རྒྱུད་ཀྱི་དབང་ལ་སྔགས་སྡོམ་འཛིན་རྒྱུ་མེད་ཀྱང༌། བྱང་སྡོམ་ལེན་དགོས་པས་དེའི་བསླབ་བྱ་རྩ་ལྟུང་བཅོ་བརྒྱད་དང༌།ཉེས་བྱས་ཞེ་དྲུག་རྣམས་བསྲུང་བ་དང༌།སྨྱུང་གནས་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་ངེས་པར་ལེན་དགོས་པས།དེའི་བསླབ་བྱ་ནི།མཛོད་ལས།ཚུལ་ཁྲིམས་རབ་ཏུ་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་གསུངས་བ་ལྟར། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་སྨྲ་རྣམས་སྤངས་པའི་ཚུལ་ཁྲིམས་གྱི་ཡན་ལགཆང་སྤངས་པའི་བག་ཡོད་པའི་ཡན་ལག གར་སོགས་ཕྲེང་སོགས་དང༌།ཁྲི་སྟན་ཆེ་མཐོ་དང༌།དུས་མ་ཡིན་པའི་ཁ་ཟས་གསུམ་སྤངས་པའི་བརྟུལ་ཞུགས་ཀྱི་ཡན་ལག་སྟེ།བརྒྱད་པོ་འདི་དག་སྲོག་བསྡོས་བྱས་ནས་བསྲུང་བ་གལ་ཆེ་ཞིང༌། དེའི་སྟེང་དུ་དམ་ཚིག་མང་པོ་ཞིག་གསུངས་ཀྱང༌། འཕྲལ་དུ་མཁོ་ཆེ་བ་ནི། ལེགས་གྲུབ་ཀྱི་རྒྱུད་ལས། བླ་མ་དཀྱིལ་འཁོར་སྟོན་པ་ནི། །སྤྱོད་པ་ངན་པ་གྱུར་ན་ཡང༌། །ངག་གམ་ཡང་ན་ཡིད་ཀྱིས་སུ། །ནམ་ཡང་སྨད་པར་མི་བྱའོ། །རྒྱུད་དང་དཀྱིལ་འཁོར་བཤད་པ་དག། དཀྱིལ་འཁོར་མ་ཞུགས་པ་ལ་མི་སྦྱིན། །སྔགས་ཀྱི་སྒྲུབ་པ་པོ་དག་དང༌། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །འགོང་བ་དང་ནི་མཆོད་པ་དང༌། །རྒྱུག་པ་དང་ནི་རྩ་བ་ཧྲལ་དང༌། །ལུས་ལས་འབྱུང་བའི་གནས་ངན་ལེན། །ཐམས་ཅད་ཡོངས་སུ་སྤངས་བར་བྱ། །སྙིམ་པ་ཁོ་ནར་མི་ཟ་སྟེ། །འཁར་བའི་སྣོད་དུའང་ཟ་མི་བྱ། །ལོ་མའི་རྒྱབ་ཏུའང་མི་ཟ་ཞིང༌། །མཁས་པའི་ཆགས་པའི་ཟས་མི་ཟ། །ཟས་དང་དེ་བཞིན་སྤྱོད་པ་ལ། །མ་བསྡམས་པར་ནི་ཡོངས་མི་བྱ། །སྒྲིམ་པ་ལྷོད་པར་མི་བྱའོ། །ཡིད་ནི་གཞན་དུ་མ་གྱུར་དང༌། །བསམ་པ་མང་པོ་མ་ཡིན་དང༌། །མིག་གཙང་ཆགས་པའི་སེམས་མེད་པར། །སྒྲུབ་པ་པོས་ནི་གསང་སྔགས་འདོན། །ཞེས་དང༌།དཔུང་བཟང་གི་རྒྱུད་ལས།ཤ་ཆང་ཀེའུ་ཙོང་སྒོག་རྡོག་དང༌། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་བོའི་ཟས་དང་ལྷ་བཤོས་གཏོར་མ་དང༌། །གུ་ལང་མཆོད་བྱས་གཏོར་མ་མི་ཟའོ། །ཞེས་པ་ཤེས་པར་བྱས་ནས་ལག་ལེན་ལ་འདེབས། །ཁྱད་པར་དུས་ངན་སྙིགས་མའི་རང་རྟགས་ཐ་མ་ཁ་ཟེར་བའི་རྫས་ངན་འདི་ལ་ཤིན་ཏུ་འཛེམ་དགོས་ཏེ།འདི་ནི་དམ་སྲི་སྤུན་དགུའི་ཐ་ཆུང་གིས་སྨོན་ལམ་ལོག་འདེབས་བྱས་པས་བདུད་རིགས་ཀྱི་བུད་མེད་ཅིག་ཏུ་སྐྱེས། དམ་སྲིས་སྙིང་བསྐུལ་ཏེ། སྐྱེས་བོ་མང་པོས་དེ་ལ་ལོངས་སྤྱད་པས་འཕྲལ་དུ་དགའ་སྣང་སྐྱེས་ཞིང༌།དེ་ནས་ཉོན་མོངས་དུག་ལྔ་མེ་ལྟར་མཆེད། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ལད། དཀར་ཕྱོགས་ཀྱི་ལྷ་རྣམས་མནོལ། ནད་གདོན་ཀུན་གྱི་སྣ་འདྲེན་པའི་ཉེས་དམིགས་ཤིན་ཏུ་མང་བ། །སློབ་དཔོན་པདྨས་རཏྣའུ་ལུང་བསྟན་ལས། རྟེན་གྱི་སྐུ་ལ་དུ་བ་ཕོག་པ་ཡིས། །ལྷན་ཅིག་སྐྱེས་པའི་ལྷ་ནི་བྲོས་པ་དང༌། །འཐུང་བའི་མོད་ལ་བྱང་ཆུབ་སེམས་རྩ་སྐེམས། །སྲོག་རྩར་གདོན་ཞུགས་ཚེ་ཐུང་དབུགས་ཀྱང་འཚངས། །བཞི་བརྒྱ་རྩ་བཞིའི་ནད་ཀྱི་སྣ་འདྲེན་བྱེད། །མདོག་ངན་འགྱུར་དང་མཁྲིས་ནད་འཕེལ་བར་འགྱུར། །དུག་གི་དུད་པ་ས་གཞིར་ཕོག་པ་ཡིས། །ཀླུ་ཡི་གྲོང་ཁྱེར་ཆེན་པོ་འབུམ་ཚོ་འཇིག།དེ་ཡི་དབང་གིས་གནམ་ལ་སྤྲིན་མི་འབྱུང༌། །ཆར་ཆུ་མི་འབབ་ལོ་ཕྱུགས་མི་ལེགས་སོ། །ཞེས་པ་དང༌།པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས།མི་གཙང་རྩོག་གིས་མནོལ་བས་སད་སེར་དང༌། །མི་འདོད་འབྲས་བུ་སྣ་ཚོགས་འགྲོ་ལ་འབྱུང༌། །རྣམ་སྨིན་རང་ཉིད་མི་བཟད་དྲི་ཕོག་པས། །འགྲོ་རྣམས། །དམྱལ་བ་ཡི་དྭགས་དུ་འགྲོ་སོགས། །གནས་ངན་མི་ཁོམ་གནས་སུ་སྐྱེ་བས་ན། །རིགས་ལྡན་སུ་ཞིག་དེ་འདྲ་ལ་མི་འཛེམ། །ཞེས་གསུངས་པ་ལྟར་ཉེས་པ་ཆེ་ལ་དགོས་པ་ཅི་ཡང་མེད་པའི་སྨྱོན་པའི་སྤྱོད་པ་ལྟ་བུ་འདི་ལ་དགའ་བ་ནི་ཤེས་རྒྱུད་བདུད་ཀྱིས་བརླམས་པ་ཡིན་པས་རྟོག་དཔྱོད་དང་ལྡན་པ་ཞིག་ཡིན་ན་འཇུག་ཚུལ་མེད་དོ། དེ་ལྟ་བུའི་སྤང་བླང་ངེས་པར་བྱས་ནས།ཆོ་ག་རྒྱས་བསྡུས་གང་ཡིན་ཀྱང་སྦྱོར་དངོས་གཉིས་ལ་ཐུན་གསུམ་བྱེད་དགོས་པ་ནི། བསམ་གཏན་ཕྱི་མ་ལས། དུས་གསུམ་དུ་ནི་ཕྲ་མོ་འདི། །གསང་སྔགས་སྒྲུབ་ལ་བརྟུན་པ་ཡིན། །ཞེས་དང༌།ལེགས་གྲུབ་ལས།མཁས་པས་དུས་གསུམ་ཁོ་ནར་ཡང༌། །ཁྲུས་བྱས་ནས་ནི་བཟླས་བརྗོད་བྱ། །ཞེས་གསུངས་པས།དུས་གསུམ་ནི་ལེགས་གྲུབ་ལས།སྔ་དྲོ་མེལ་ཚེ་ཐུན་གཅིག་དང༌། །ཕྱི་དྲོ་མེལ་ཚེ་ཐུན་གཅིག་དང༌། །ཉི་མ་གུང་ལ་ཐུན་ཕྱེད་དམ། །ཡང་ན་ཐུན་གྱི་ཆ་གསུམ་བཟླས། །ཞེས་སྔ་དྲོ་ཉི་མ་ཕྱེད་ཤར་ནས་གྲིབ་མ་སོར་བཞི་ལ་སླེབ་པའི་བར་དང༌། ཉིན་གུང་ཆུ་ཚོད་བརྒྱད་དམ་དགུ། ཕྱི་དྲོ་གྲིབ་མ་སོར་བཞི་ལུས་པ་ནས་ཉི་མ་ཕྱེད་ནུབ་པའི་བར་གསུམ་ལ་བྱེད་པར་སྔགས་རིམ་ལས་གསུངས། སྦྱོར་དངོས་ཀྱི་ཐུན་ཕྱི་མ་གཉིས་གཉིས་དང༌། མཇུག་ཆོག་ལ་ཐེག་ཆེན་གསོ་སྦྱོང་ལེན་མི་དགོས་ཤིང༌།སྦྱོར་བའི་ཉིན་ཤ་ཆང་སྒོག་ཙོང་ལ་ཕུག་ཏིལ་སྲན་མ་སྦག་པ་ཁ་འཕྲོ་སོགས་སྤངས་ཏེདཀར་གསུམ་ལ་བརྟེན་པའི་ཟས་སྟན་གཅིག་བྱ་བར་གསུངས་པས།དེའི་ཚུལ་ནི༌།ཉི་མ་ཕྱེད་ཀྱི་ཚེ་ཁ་ལག་བཀྲུས་ཏེ་སྟན་ལ་འདུག་ནས་དཀར་གསུམ་སོགས་དུས་རུང་གི་བཟའ་བ་ལ་ཚིམ་པར་ལོངས་སྤྱད་ནས་ཁ་ཆུས་བཤལ་ཟིན་ནས་མི་ཟའོ།ཕྱི་དྲོ་ཇ་བུ་རམ་སྦྲང་རྩི་རྣམས་ལོངས་སྤྱོད་པ་མ་གཏོགས།ཞོ་དང་འོ་མ་ཤིང་ཏོག་གི་རིགས་མི་བཟའ། དངོས་གཞིའི་ཉིན་ཐོ་རངས་གཉིད་སད་པ་ནས་སྨྲ་བ་བཅད་དེ།བཟའ་བཏུང་འབྲུ་ཉག་གཅིགཆུ་ཐིག་གཅིག་ཙམ་ཡང་མི་སྤྱོད་པར་མ་ཟད་མཆིལ་མ་ཡང་མི་མིད་པར་ཕྱིར་འཕོ་བ་ལེགས་པར་གསུངས། རྗེས་ཀྱི་ཉིན་སྐྱ་རེངས་ཤར་ནས་ངག་གྲོལ་བུམ་ཆུ་བཏང༌། དེ་ནས་ཐོར་ཐུག་གཏོང༌། སྨྱུང་གནས་མང་པོའམ་གཉིས་གསུམ་ལྟ་བུ་སྦྲེལ་ནས་བསྲུང་ན།བུམ་ཆུའི་རྗེས་སུ་གསོ་སྦྱོང་གི་སྡོམ་པ་བླངས་ནས་ཐོར་ཐུག་གཏོང༌།སྤྱིར་སྨྲ་བ་བཅད་ནས་བསྡད་པ་ཙམ་ལ་སྨྱུང་གནས་ཀྱི་དོན་མི་ཚང་ཞིང༌།ཐུགས་རྗེ་ཆེན་པོའི་བསྒོམ་བཟླས་དང་འབྲེལ་བ་དགོས་ལ། ལྷག་པར་དགེ་སློང་མ་དཔལ་མོའི་ལུགས་ཀྱི་བཅུ་གཅིག་ཞལ་གྱི་བསྒོམ་བཟླས་དང་འབྲེལ་བ་གལ་ཆེ་བས།རྒྱལ་མཆོག་ལྔ་བས་མཛད་པའི་ཆོ་ག་རྒྱས་བསྡུས་འཚམས་ཤིང་འདོན་བདེ་བས། དེ་བཏོན་ན་ལེགས། དེ་ཡང་སྭ་བྷཱ་ལྭའི་སྔགས་དོན་ལྟར་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དང་གཉིས་སྣང་ཕྲ་མོས་ཀྱང་མཆོད་པ་རྒྱལ་བའི་ཐུགས་ཡེ་ཤེས་ཆོས་ཀྱི་སྐུ་ལ་བཉམ་པར་བཞག་དེ་ལས་མ་གཡོས་པར་ཡེ་ཤེས་དེའི་གཟུང་རྣམ་ལྷ་དང་གཞལ་ཡས་ཁང་དུ་ཤར་བའི་ཟབ་གསལ་གཉིས་མེད་དམ་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱི་ངང་ནས་གང་སྣང་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་དང༌།སྒྲ་གྲགས་ཚད་ཡིག་དྲུག་དང་གཟུངས་རིང༌།དྲན་རྟོག་འཕགས་པའི་ཐུགས་སུ་མོས་པ་ཡང་ཡང་བྱས་ཏེ། གཟུངས་རིང་ཐུང་བཟླས་པ་ལ་འབད།དེ་ལས་སངས་རྒྱས་གངྒའི་ཀླུང་གི་བྱེ་མ་རྙེད་ཀྱི་རྡུལ་གྲངས་དང་མཉམ་པ་ལ་མཆོད་ཀྱང་བསྙེན་པ་དང༌།འཕགས་པ་སྤྱན་རས་གཟིགས་ཀྱི་མཚན་ཙམ་འཛིན་པ་དང༌།དེ་ལ་ཕྱག་ལན་གཅིག་ཙམ་བྱས་པ་ཕན་ཡོན་མཉམ་པར་དམ་ཆོས་པད་དཀར་ལས་གསུངས་པ་དང༌།ལྷ་མཆོག་འདིའི་སྙིང་པོ་ལན་གཅིག་བརྗོད་པས་ཀྱང་རྩ་ལྟུང་བཞི་དང་མཚམས་མེད་ལྔའི་ཉེས་པ་ཐམས་ཅད་བྱང་བར་གསུངས་པ་དང༌། སྨྱུང་གནས་ལན་གཅིག་བྱས་པས་བསྐལ་བ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་ཞིང་བདེ་བ་ཅན་དུ་སྐྱེས་པ་དང༌། ལུས་སྨྱུང་བར་གནས་པས་ལུས་ཀྱི་སྒྲིབ་པ་འདག་ཡི་དྭགས་སུ་མི་སྐྱེ།ངག་སྨྲ་བཅད་བྱས་པས་ངག་གི་སྒྲིབ་པ་འདག་དུད་འགྲོར་མི་སྐྱེ། ཡིད་ཀྱིས་གཟུངས་བསྔགས་བཟླས་པས་ཡིད་ཀྱི་སྒྲིབ་པ་འདག་དམྱལ་བར་མི་སྐྱེ། ལུས་ངག་ཡིད་གསུམ་སྣང་ལ་རང་བཞིན་མེད་པར་བསྒོམས་པས་འཁོར་བ་ལས་གྲོལ་ལོ། ཞེས་སོགས་ཕན་ཡོན་མཐའ་ཡས་པ་གསུངས་པས་སྨྱུང་གནས་ཚུལ་དང་མཐུན་པར་བསྲུང་པ་ལ་དུས་ཀུན་ཏུ་བརྩོན་པར་བྱའོ།ཞེས་པ་འདི་ནི་དད་པའི་ནོར་དང་ལྡན་པ་ཨ་རྐོང་མགར་རྩེ་དང༌།ཐུན་ཅི་སྐྱབས་སོགས་ཀྱི་སྨྱུང་གནས་ཀྱི་བཅའ་ཡིག་ཞིག་དགོས་ཟེར་པའི་འདོད་མོས་ལྟར་༧ཐར་ཤུལ་སྐྱེ་མིང་དགེ་འདུན་ཆོས་སྐྱོང་རྒྱ་མཚོས་དམ་པ་རྣམས་ཀྱི་གསུང་རྗེས་ཟློས་བྱའོ། །སེམས་ཅན་ཐམས་ཅད་ཀྱི་གནས་སྐབས་སུ་ནད་མུག་སོགས་ཞི་བ་དང༌། མཐར་ཐུག་བླ་མེད་བྱང་ཆུབ་ལ་འགོད་པའི་བསམ་པས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས།དེང་ནི་སྟེ་དེ་རིང་གི་ཉིན་ཞག་ཕྲུག་གཅིག་ལ་མི་ནས་སྲོག་ཆགས་གྲོག་སྦུར་ཡན་ཆད་ཀྱི་སྲོག་མི་གཅོད་པ་དང༌།གཞན་གྱིས་བདག་ཏུ་བཟུང་བའི་རྫས་རིན་ཐང་ཚང་བ་ནས་ཁབ་སྐུད་བར་མ་བྱིན་པར་མི་ལེན་པ་དང༌།དབང་པོ་གཉིས་སྦྱོར་གྱི་འཁྲིག་པའི་ཆོས་ལ་དངོས་སུ་སྤྱོད་པ་ལྟ་ཅི་སྨོས།ཡིད་ཡུལ་དུ་དྲན་པ་ཙམ་ཡང་མི་བྱེད་པ་དང༌།འདུ་ཤེས་བསྒྱུར་ཅིང་རྫུན་གྱི་ཚིག་བཞད་གད་ཙམ་གྱི་ཕྱིར་དུ་ཡང་མི་སྨྲ་བ་དང༌། སྐྱོན་ཆེས་མང་པོ་ལ་ཉེ་བར་བསྟེན་པའི་མྱོས་འགྱུར་གྱི་ཁུ་བ་ཆང་རྩ་རྩེའི་ཟིལ་བ་ཙམ་ཡང་མི་འཐུང་བ་དང༌། རིན་ཐང་ཆེ་བའི་ཁྲི་སྟན་དང་ཁྲུ་གང་ལས་མཐོ་བའི་ཁྲི་སྟན་ལ་ཉལ་ཞིང་འདུག་པར་མི་བྱ་བ་དང༌།ཉིན་གུང་ཡོལ་ནས་སང་གི་སྐྱ་རེངས་མ་ཤར་བར་གྱི་དུས་མ་ཡིན་པར་འཁུར་བ་རྩམ་པ་ཞོ་འོ་མ་སོགས་བཟའ་བཏུང་མི་བྱ་བ་དང༌། ལུས་ལ་དྲི་བཟང་བྱུགས་པ་དང༌། མགོ་ལ་ཕྲེང་བ་དང༌།འདོགས་བཞིན་པ་མ་ཡིན་པའི་རྒྱན་གསར་པ་འདོགས་པ་དང༌། རྐང་བས་སྟབས་བསྒྱུར་བ་དང༌།ཁ་ནས་གླུ་ལེན་པ་སོགས་མི་བྱ་བ་སྟེ །སྤང་བྱ་བརྒྱད་སྤོང་བ་ལ་འབད་པར་བྱའོ།འདི་ཡང་རྗེ་ཉིད་ཀྱི་གསུང་ངོ། །ཨོཾ་ཨ་མོ་གྷ་ནི་དོན་ཡོད་པ། ཤཱི་ལ་ཚུལ་ཁྲིམས། སཾ་བྷ་ར་ཚོགས། བྷ་ར་རྒྱས་པ་གཉིས།མ་ཧ་ཆེན་པོ། ཤུངྔྷ་དག་པ། སཏྭ་སེམས་དཔའ། པདྨ་བརྒྱུར་དུ་མེད།བི་རྣམ་པར། བྷཱུ་ཥི་ཏ་བརྒྱན། བྷུ་ཛ་ཕྱག ངྷ་ར་གཉིས་འཛིན་པ། སནྟ་ཀུན་ནས། ཨ་ལྭ་ལོ་ཀི་ཏེ་སྤྱན་རས་གཟིགས། ཧཱུཾ་ཡེ་ཤེས་ལྔ་མཚོན། ཕཊ་ནི་གཅོད་པའི་དོན་ཡིན། ཨོཾ་སྔགས་ཀྱི་མགོ་འདྲེན།སརྦ་བིད་ཐམས་ཅད་རིག་པ་སྟེ།མཆོད་པ་འདིའི་ངོ་བོའི་ཁྱད་པར་ཡེ་ཤེས། པཱུ་ར་པཱུ་ར་རྫོགས་པ་གཉིས། སཱུ་ར་སཱུ་ར་མཛེས་པ་གཉིས་སྟེ། མཆོད་པའི་རྣམ་པའི་ཁྱད་པར། དབྱིབས་ལེགས་ཤིང་མཛེས་པ།ཨ་བརྟ་ཡ་ཀུན་ཏུ་འཕེལ་བ་གཉིས་སྟེ།མཆོད་པའི་བྱེད་ལས་ཀྱི་ཁྱད་པར་མགྲོན་རྣམས་ཀྱི་ཐུགས་རྒྱུད་ལ་ཟག་མེད་ཀྱི་བདེ་བ་སྟེར་བ། ཧོ་མཉེས་བྱེད། བཛྲ་རྡོ་རྗེ། སྤ་ར་ན་འཕྲོ་བ། ཁཾ་ནམ་མཁའ་སྟེ། མཆོད་སྤྲིན་ནམ་མཁའི་མཐས་ཁྱབ་པར་སྤྲོས་པའི་དོན་ནོ། བཟླས་པའི་མཇུག་ཏུ༌། ཨོ་བཛྲ་སཏྭ་ཧ་གིས་ཆོག བདག་མདུན་མཆོད་པ་མཉམ་དུ་སརྦ་བིད་ཀྱིས་བྱིན་རླབས་བྱེད། སྦྱོར་བའི་ཉིན།དཀར་གསུམ།མངར་གསུམ།ཕྱེ་རྩམ།ཤིང་ཏོག་སོགས་གུང་གི་དུས་སུ་ཟོས་ནས་ཟས་སྟན་ཅིག་བྱེད།སྔ་དྲོ་ཕྱི་དྲོ། ཤ་ཆང་སྒོག་ཙོང༌། ལ་ཕུག ཟར་མ་ཁ་འཕྲོ། སྲན་མ་དར་བ་ཞོ་སོགས་བཟའ་བཏུང་བྱེད་མི་རུང༌།སྨྱུང་གནས་མང་པོ་སྦྲེལ་ནས་བསྲུང་ན་ཐོ་རངས་ལངས་ནས༌།ངག་གྲོལ་གྱི་བུམ་ཆུ་འཐུང་རྗེས་ཐུན་བཏང༌། གསོ་སྦྱོང་བླངས་ཏེ་ཐོར་ཐུག་འཐུང༌།དེ་ནས་ཆོ་ག་ལ་འཇུག ཐུན་གྱི་མཇུག་ཏུ།མདུན་སྐྱེད་ཀྱི་ལྷ་ལ་ཁྲུས་གསོལ་བྱས།བཟོད་པར་གསོལ། མ་ཎི་གང་འཚམས་བཟླས་པས། མདུན་སྐྱེད་ཀྱི་ལྷའི་ཐུགས་ཀ་ནས་འོད་ཟེར་སྤྲོས་པའི་སྣེ་མོར།འཕགས་མཆོག་ཡི་གེ་དྲུག་པ་སྐུ་མདོག་དཀར་པོ་ཞལ་གཅིག་ཞག་བཞིའི་དང་པོ་གཉིས་ཐལ་མོ་སྦྱར་བས་བུམ་པ་བསྣམས་པ། གཡས་འོག་མས་ཤེལ་ཕྲེང་དང༌།གཡོན་འོག་མས་པདྨ་བསྣམས་པ།གཡས་སུ་སྲས་ནོར་བུ་འཛིན་དང༌།གཡོན་དུ་ཡུམ་ཡི་གེ་དྲུག་མ། གསུམ་ཀ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། འཕགས་པས་བུམ་པ་ནས་རང་འཁྲུས་ལ་ལན་གསུམ་གནས་པས། དང་པོའི་སྐབས་ཉོན་སྒྲིབ་དགགཉིས་པའི་སྐབས་སུ་ཤེས་སྒྲིབ་དགགསུམ་པའི་སྐབས་སྐྱེ་མེད་ཆོས་སྐུ་ཐོབ་པར་མོས་ལ།སྦྱོར་བའི་ཉིན་ཁྲུས་ཆུ་ལན་གསུམ་འཐུང༌།ལགས་ཐབ་ལ་ལྷ་མཚན་འགོད་མི་དགོས།བདུད་རྩི་འཁྱིལ་བའི་སྔགས་ལ་སྭཱ་ཧཱ་བཏགས་པས་ཆུ་བཞི་བསྒྲུབ། ས་སླངས་སྦྱང་གཉིས་དགོས།རྡོ་དྲིལ་བྱིན་རླབས་མི་དགོས།འདས་མ་འདས་ཀྱི་རྫས་སྦྱོང་མཉམ་དུ་བྱེད།ཨོཾ་བཛྲ་བནྟ་རེ་དེ་ཧི་སིད་ཧི་སིད་ངྷི་བོ་ངྷི་ལོ་ཀེ་ཀེཏྟ་རེ་བཾ་སྭཱ་ཧཱ།ཆོ་ག་དཀོན་མཆོག་འཇིགས་མེད་དཔང་པོས་མཛད་པ་འདོན་དགོས།བསྒྲུབ་བྱ་རང་ཡིན་པས།རང་ལྷར་གསལ་བའི་ཐུགས་ཀ་ནས་རང་ཉིད་ཐ་མལ་པའི་རྣམ་པ་ཅན་སྤྲོས་ཏེ། ཐབ་ཀྱི་ཁ་ཁྱེར་ལ་བཀོད། མདུན་བསྐྱེད་ཀྱིལྷའི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཁྲུས་བྱས་ནས་སྡིག་སྒྲིབ་དག་པའི་མོས་པ་བྱེད།འདས་ལྷའི་གཏོར་མ་གསར་དུ་བཅོས་ནས་བྱ་རྒྱུད་ལྟར་བྱིན་གྱིས་བརླབས་ཏེ་ཐབ་དབུས་ཀྱི་འདས་ལྷ་ལ་འབུལ།མེ་ལྷའི་གཏོར་མའི་རྗེས་སུ་ཡི་དྭགས་ཀྱི་གཏོར་འབུལ་དོར་ཏེ།ཕྱོགས་སྐྱོང་སྡེ་བརྒྱད།བགེགས་གཏོར་འདོན་པའམ།ཡོངས་རྫོགས་བཏོན་ཀྱང་ཆོག་མོད་སྙམ།འཁོར་གྱི་ལྷ་ལ་སྦྱིན་སྲེག་འབུལ་ན། ཨོཾ་ཨཱཿ་ཨཀྵོ་བྷྱཿ་ཧཱུཾ་ཧཱུཾ།ཨོཾ་ཨཿརཏྣ་སཾ་བྷ་ཝ་ཧཱུཾ་ཧཱུཾ།ཨོཾ་ཨཿབེ་རོ་ཙ་ན་ཧཱུཾ་ཧཱུཾ།ཨོཾ་ཨཿ་ཨ་མོགྷ་སིངྷི་ཧཱུཾ་ཧཱུཾ།སོ་སོའི་མཇུག་ཏུ་བོདྷི་པྲྀ་ཀྵ་སོགས་རྫས་སྔགས་བཏགས་ནས་འབུལ། བདག་སྐྱེད་ཉེར་བསྡུ།རང་ཐུགས་རྗེ་ཆེན་པོ་ཞལ་ཕྱག་ཡོངས་རྫོགས་སུ་གསལ་བའི་ཕྱག་ལྷག་མ་རྩ་ཕྱག་གཉིས་ལ་ཐིམ་ཞིང༌།ཞལ་གཅིག་ཕྱག་གཉིས་པའི་ང་རྒྱལ་གྱིས་ཐུན་མཚམས་གྱི་བྱ་བ་ལ་འཇུགམདུན་བསྐྱེད་ཀྱི་ཉེར་བསྡུ་འཇིགས་མེད་དབང་པོ་ཚང་གི་ཆོ་གའི་མཇུག་ན་གསལ། སྨྱུང་གནས་ཆོ་ག་ལས་རྒྱུན་ཏུ།དབྱིངས་རིག་དབྱེར་མེད་སྟོང་པའི་ངང་ཉིད་ལས། །པད་དཀར་ཟླ་སྟེང་ཧྲ་ཡིག་ལས་འཁྲུངས་པའི། །སྙིང་རྗེ་བདག་ཉིད་རྗེ་བཙུན་སྤྱན་རས་གཟིགས། །རྩ་བའི་ཞལ་དཀར་ཞེས་སོགས་དང༌། བཟླས་པའི་སྐབས། རང་གི་ཐུགས་ཀའི་ཡིག་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས།རྒྱལ་བ་སྲས་བཅས་ལ་མཆོད་པའི་དངོས་པོ་ཚད་མེད་པས་མཆོད།རིགས་དྲུག་གི་སེམས་ཅད་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་སྦྱངས་ནས་འཕགས་པའི་གོ་འཕང་ལ་བཀོད།འོད་ཟེར་ཚུར་འདུས་ཧྲ་ཡིག་ལ་ཐིམ་པར་གྱུར། འདི་ནི་སྨྱུང་གནས་ཆོ་ག་ལས་རྒྱུན་ཁྱེར་གྱི་ཉམས་ལེན་དུ་ཟུར་དུ་བསྩལ་བའོ། འདི་ཡང་གོང་བའི་གྲྭ་ཚང་ཐོས་བསམ་དར་རྒྱས་གླིང་ནས་པར་དུ་བསྒྲུབས་པའོ། །

 

བརྒྱུད་འགོད།