སྨྱུང་གནས།

    སྤེལ་དུས།  2015-12-07 00:44:51         ཀློག་ཐེངས།  

       ༄༅། །སྨྱུང་གནས་ནི་ནི་དགེ་སློང་མ་དཔལ་མོའི་ལུགས་སྟེ་སྨྱུང་གནས་སྒོ་ནས་སྒྲུབ་པ་བྱེད་ཚུལ་ཏེ་ཟས་བཅད་དེ་ སྨྱུང་གནས་བྱས་པའི་ལུས་ཀྱི་སྒྲིབ་པ་འདག གཏམ་མི་སྨྲ་བར་ངག་བཅད་བྱས་པས་ངག་གི་སྒྲིབ་འདག ཆགས་སྡང་གི་ངན་རྟོག་བཀག་སྟེ་དད་པ་དང་ཡིད་བཟླས་བྱས་པས་ཡིད་ཀྱི་སྒྲིབ་པ་འདག དེ་གསུམ་གྱིས་ཡི་དྭགས་དང༌། དུད་འགྲོ། དམྱལ་བ་རྣམས་སུ་སྐྱེ་བའི་ལས་ཀྱང་སྦྱོང་བར་གསུངས།
སྨྱུང་གནས་ལེན་དུས་སྔ་དྲོ་ཐེག་ཆེན་གསོ་སྦྱོང་བླངས་ནས་དཀར་ཟས་ཐུན་གཅིག་པ་བྱས་ནས་དངོས་གཞིའི་ཉིན་ཐོ་རངས་གཉིད་སད་པ་ནས་སྨྲ་བ་བཅད་དེ་བཟའ་བཏུང་འབྲུ་ཉག་གཅིག་དང༌། ཆུ་ཐིགས་ཙམ་ཡང་མི་སྤྱོད་པ་མ་ཟད། རང་གི་མཆིལ་མ་ཡང་མི་མིད་པར་ཕྱིར་འཕོ་གསུངས།རྗེས་ཀྱི་ཉིན་སྐྱ་རངས་ཤར་བ་ནས་ངག་གྲོལ་བུམ་ཆུ་འཐུང་ནས་ཐུན་བཏང༌། དེ་ནས་ཐོར་ཐུག་འཐུང༌། སྨྱུང་གནས་མང་བོ་ཉིན་གཉིས་གསུམ་སྦྲེལ་ནས་གསུང་ན་བུམ་ཆུའི་རྗེས་སུ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་བླངས་ནས་ཐོར་ཐུག་འཐུང༌། ཞེས་ཐར་ཤུལ་ཚང་གི་སྨྱུང་གནས་སྒྲིག་ཡིག་ན་གསལ་ཞིང་ཕྱག་ལེན་ལ་དེ་བཞིན་འདེབས།
སྨྱུང་གནས་སྐབས་ཐུན་བཤད་བྱེད་པ་ཆེས་མི་རུང་ཏེ་ངག་བཅད་པ་ནི་ངག་འཆལ་མི་བཤད་པའི་ཆེད་ཡིན་ཏེ་ཐུན་བཤད་ཅེས་ངག་འཁྱལ་བཤད་པ་དེས་ཐུན་བཟུང་བའི་གོ་མི་ཆོད་དོ། །བསྙེན་གནས་སོགས་བསྲུངས་ནས་འཁོན་འཛིང་བྱ་མི་རུང་ཏེ་གཏན་ནས་མི་རུང་སྟེ་ཉིན་དེར་དགེ་བ་རྣམ་དག་ཅིག་བསྒྲུབ་པའི་ཆེད་དུ་བསྙེན་གནས་སྲུང་བ་ཡིན་པས་འཁོན་འཛིང་སོགས་མི་དགེ་བའི་ལས་ལ་འཇུག་ན་མི་དགེ་བ་མང་བོར་འགྱུར་རོ། །
སྨྱུང་གནས་སྲུང་བ་ནི་ལུས་ངག་ཡིད་གསུམ་བག་ལ་གནས་པའི་ཆེད་ཡིན་པས་ཐག་འཐེན་དང་ ཀུ་ཅོ་སྒྲོག་པ་སོགས་བྱས་ན་ལུས་ངག་ཡིད་གསུམ་མི་དགེ་བའི་ལས་ལ་ཞུགས་པ་ཡིན་པས་མི་རུང་བའི་ཁར་ཉེས་པ་དཔག་ཏུ་མེད་པ་ཡོད་དོ། །སྨྱུང་གནས་སྲུང་ནས་འཁོན་འཛིང་སོགས་མི་རུང་སྟེ་ཉིན་དེར་དགེ་བ་རྣམ་དག་ཅིག་བསྒྲུབ་པའི་ཆེད་དུ་སྨྱུང་གནས་སྲུང་བ་ཡིན་པས་འཁོན་འཛིང་སོགས་མི་དགེ་བའི་ལས་ལ་གཏན་ནས་འཇུག་མི་རུང་ངོ༌། །སྨྱུང་གནས་ཡིན་ནའང་འདྲ། བསྙེན་གནས་ཡིན་ནའང་འདྲ་ཤིག་བསད་ནའང་སྲོག་གཅོད་ཡིན་པས་གཏན་ནས་མི་རུང་ངོ༌། །
ལ་ལས་ཐུན་གཞན་ལ་བཅོལ་ཞེས་ཕུ་ཐུང་སོགས་ལ་ཕུ་བཏབ་ནས་ཁ་བསྡམས་ཏེ་སྐད་ཆ་བཤད་དེ་ཕྱིས་དེ་ལེན་པ་ཡིན་ཞེས་པའི་བྱེད་སྟངས་དེ་ནི་རང་མགོ་གཡོག་པའི་སྤྱོད་སྟངས་ལས་མ་འདས་ཏེ་དེ་ལྟ་བུ་ཁུངས་མེད་ལུང་མེད་ཀྱི་སྤྱོད་པ་སྣ་ཚོགས་བྱས་པ་ལ་ཕན་པ་ལས་གནོད་པ་ཤིན་ཏུ་ཆེའོ། །

 

 

གསལ་འདེབས།     
       རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་བཅས་གསལ་པོར་དགོད་པར་ཞུ།     

       རྩོམ་ཁུངས། དགེ་ལུགས་པའི་དྲ་བ།
        རྩོམ་འདིའི་སྦྲེལ་ཐག 
http://www.tb1025.cn


 

བརྒྱུད་འགོད།