བསང༌།

    སྤེལ་དུས།  2015-12-07 00:42:12         ཀློག་ཐེངས།  

     ༄༅། །སྤྱིར་བསང་ཞེས་པ་ནི་གཙང་གི་དོན་ཡིན་པས།《མདོ་སྡེ་གསེར་འོད་དམ་པ》ལས། བཙུན་པ་བཅོམ་ལྡན་འདས།གསེར་འོད་དམ་པ་མདོ་སྡེའི་དབང་བོ་རྒྱལ་བོ་དེ་ལ་མཆོད་པའི་སླད་དུ་བདུག་སྤོས་སྣ་ཚོགས་ལས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ།དེ་དག་སྐད་ཅིག་ཐེངས་ཅིག་ཡུད་ཙམ་དེ་ལ་རྒྱལ་བོ་བདག་ཅག་བཞིའི་རང་རང་གི་ཁང་བའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐེངས་ཅིག་ཡུད་ཙམ་དེ་ལ་རྒྱལ་པོ་བདག་ཅག་བཞིའི་རང་རང་གི་ཁང་བའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་དག་གི་གདུགས་རྣམས་སུ་གནས་པར་འགྱུར་ཞེས་གསུངས།ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ཀྱང༌། མ་ག་དྷ་བཟང་མོས་མཐའ་འཁོབ་ཀྱི་ཡུལ་བུ་རམ་ཤིང་འཕེལ་དུ་རང་གི་ཁང་ཐོག་ནས་བསང་གི་དུད་སྤྲིན་ཐུལ་བ།སངས་རྒྱས་མཉན་ཡོད་དུ་བཞུགས་པའི་སྤྱན་སྔར་མཆོད་སྤྲིན་གྱི་ཕུང་བོར་འཁྲིགས་པའི་ལོ་རྒྱུས་མདོ་ལས་གསུངས་པ་དེ་ཉིད་བསང་གི་ཁུངས་སུ་འགྲོ་བར་སེམས་མོ། །ཞེས་དང༌། ཁྱད་པར་དུ་དགྲ་བཅོམ་པ་ས་ག་ལྷའི་མེ་ཏོག་ཕྲེང་རྒྱུད་དུ། སངས་རྒྱས་སྐུ་གཟུགས་གྲོང་སོགས་སུ། །སྤྱན་དྲངས་པར་ནི་གསུངས་པ་ཡིན། །དེར་ནི་ཆག་ཆག་བྱུགས་པ་དང༌། །སྲང་གི་བཞི་མདོར་ས་གཞི་ལ། །སྣ་ཚོགས་མེ་ཏོག་བཀོད་པ་ཡིས། །རབ་ཏུ་མཛེས་པར་བྱས་པ་ཡིན། །ཙན་དན་ཨ་ཀར་ག་བུར་གྱི། །བདུག་སྤོས་ཀུན་ནས་འབུལ་བར་བྱ། །ཞེས་གསུངས་པ་འདི་དག་བསང་གི་ཁུངས་ཡིན་པར་བསྟན་དར་ལྷ་སའི་བར་སྐོར་དུ་བྱམས་སྐུ་གདན་འདྲེན་སྐབས་ལྟ་བུ་ལ་སྲང་བར་དུ་བསངས་ཤིང་དུ་བ་འཐུལ་བར་བྱས་པའི་སྲོལ་མཆིས་པ་དེ།རྒྱ་གར་པའི་ཆོས་ལུགས་ཀྱི་རྗེས་སུ་འབྲངས་པ་ཡིན་པར་གོར་མ་ཆག་གོ་ཞེས་གསུངས་འདུག་གོ།
དཀར་ཕྱོགས་ཚུལ་བཞིན་སྐྱོང་བའི་སྲུང་མ་དང་ཡུལ་ལྷ་གཞི་བདག་གང་ཡིན་རུང་མཆོད་པ་ཚུལ་བཞིན་བྱེད་པ་གལ་ཆེ། མཆོད་བཀུར་ཚུལ་བཞིན་ཞེས་པ་ནི་ལུགས་དང་མཐུན་པའི་མཆོད་པ་ལ་ཟེར་བ་ཡིན་པ་ལས་ར་ལུག་གསུར་ལ་ཕུལ་པའི་མཆོད་པ་དེ་རིགས་གཏན་ནས་མིན། དཀར་ཕྱོགས་སྐྱོང་བའི་སྲུང་མ་ཞིག་ཡིན་ན་ལས་འབྲས་ལུགས་བཞིན་བརྩི། དམ་ཚིག་ཚུལ་བཞིན་སྲུང་ན་སྡོངས་གྲོགས་མཛད་པ་ལས་སྡིག་སྤྱོད་ཤ་ཁྲག་གིས་མཆོད་ན་ཐུགས་མི་དགྱེས་པའི་ཁར་ཁུ་ལྡོག་བྱེད་པའི་ཉེན་ཁ་ཆེ། དེང་དུས་མདའ་རྩེད་སོགས་ཀྱི་འགྲན་སྡུར་ཤུགས་ཆེ་པོ་བྱེད་པ་དར་བས་ཉིན་བཞིན་ར་ལུག་དང་བྱ་ཕོ། ཐ་ན་གཡག་ཀྱང་ཕལ་བ་མ་ཟད་ར་ལུག་སུམ་ཅུ་བཞི་བཅུ་དང་བྱ་ཕོ་བརྒྱ་ཕྲག་གསུར་ལ་ཕུལ་བ་ཐོས། གལ་ཏེ་གསུར་ལ་དབུལ་བྱ་དེ་དཀར་ཕྱོགས་སྐྱོང་བ་ཞིག་ཡིན་ན་མགོན་སྐྱབས་བྱེད་པ་ཕར་ཞོག་ཐུགས་ཡིད་གཏིང་ནས་འཁྲུགས་པར་ངེས་པ་ཡིན།
ར་ལུག་གསུར་ལ་འབུལ་བ་འདི་ནི་སྔོན་ཆད་བོད་ལ་དར་མྱོང་བའི་གདོད་བོན་ཏེ་བོན་ཕྱི་རོལ་པ་མུ་སྟེགས་བོན་གྱི་ལུགས་ངན་པ་ཡིན་པས་གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱིས་བཀག་སྟེ་དེའི་ཚབ་ཏུ་རྩམ་པས་བཟོས་པའི་ར་ལུག་སོགས་བཟོ་བའི་སྲོལ་གཏོད། ནང་བ་སངས་རྒྱས་པ་མི་འཚེ་བ་ཆོས་ཡིན་པས་དེ་རིགས་གཏན་ནས་མི་རུང་བ་ཡིན། དེ་བས་བན་བོན་གང་ཡིན་ཀྱང་ནང་བའི་ལུགས་ལ་ར་ལུག་དང་ཤ་ཁྲག་གསུར་ལ་ཕུལ་བ་ལ་དགེ་བ་ཡོད་ཟེར་མཁན་ཞིག་ཡིན་ན་དེའི་ཁ་བདུད་ཀྱིས་ཕྱེས་པ་ཡིན་པར་ཐེ་ཚོམ་བྱེད་མི་དགོས་པ་ཞིག་ཡིན།
ཡུལ་ལྷ་གཞི་བདག་གང་ཡིན་རུང་མང་ཆེ་བ་ཡི་དྭགས་ཀྱི་རིགས་ཡིན་ལ་ར་ལུག་བསད་དེ་གསུར་ལ་ཕུལ་བ་དེས་དབུལ་བྱ་དང་འབུལ་མཁན་གཉིས་ལ་དམྱལ་བར་འགྲོ་བའི་སྒོ་ཕྱེས་པ་ཡིན་པས་ཤིན་ཏུ་འཛེམ་དགོས། ཤ་ཡི་རི་རབ་བརྩིགས་ཤིང་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ་ཐུགས་དགྱེས་པར་བྱེད་པའི་སྲུང་མ་ཞིག་ཡིན་ན་དེ་དཀར་ཕྱོགས་པ་ཞིག་མིན་པ་ཐག་གིས་ཆོད།
དམར་མཆོད་བྱེད་པའི་ལུགས་འདིར་སྐྱེས་བུ་དམ་པ་མང་བོ་ཤིན་ཏུ་ཐུགས་ཁྲེལ་བ་ཡིན་ཏེ། ཨ་རོལ་ཚང་གིས་རེབ་ཀོང་ཕྱོགས་སུ་ཕན་ཚུན་གྱོད་ལ་ཐུག་ཚེ་དམར་བསངས་ཞེས་ཉེས་མེད་ཀྱི་དུད་འགྲོ་མང་བོ་གསོན་པོར་མེ་ལ་བསྲེགས་པའི་ལུགས་ངན་ཞིག་དར་འདུག་པ་ཐབས་མཁས་ཀྱི་རྒྱུན་བཅད་ནས་དེའི་དོད་དུ་བཀར་བསངས་དང་མཆོད་མེ་ཕུལ་རྒྱུའི་ཞལ་བཀོད་གནང་བ་དང༌། ཀིརྟི་སྐྱབས་མགོན་རྔ་བར་ཕེབས་པ་སྐབས་“དེའི་ཕྱོགས་ཀྱི་གྲོང་སྡེ་སོ་སོར་སྐམ་ལུག་སོགས་གསོན་པོར་མེ་ལ་བསྲེགས་པའི་མུ་སྟེགས་ཀྱི་ལུགས་ངན་ཞིག་དར་འདུག་པ་ལ་དམར་བསངས་ཟེར་བ་འདི་སངས་རྒྱས་བསྟན་པ་དར་བའི་ཡུལ་དུ་མིང་ཙམ་ཡང་གྲགས་སུ་མི་རུང་བའི་སྡིག་པ་ཆེན་པོ། རང་རང་མནར་མེད་དུ་སྐྱེ་བའི་རྒྱུ་རྣལ་མ་ཡིན་པས་སླད་ཆད་གཏན་ཆད་དགོས་ཚུལ་གི་གསུང་ཡང་ཡང་གནང་བས་སྡིག་སྤྱོད་རླབས་པོ་ཆེའི་རྒྱུན་གཏན་ཆད་དུ་སོང”དེ་ཕྱོགས་སུ་དམར་མཆོད་བྱེད་པའི་རྒྱུན་རྩ་བ་ནས་བཅད་པ་དང༌། སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་དང་ཆོས་རྗེ་རིན་པོ་ཆེའི་བཀའ་དྲིན་གྱིས་མང་རའི་ཡུལ་དུ་དམར་མཆོད་ཀྱི་རྒྱུན་བཅད་པ་ནི་དཀར་ཕྱོགས་སྐྱོང་བ་ཐམས་ཅད་དགྱེས་པའི་མཆོད་སྤྲིན་ཞིག་ཡིན་པས་ཡ་རབས་དམ་པ་དག་གིས་ཁ་མིག་ཡར་ལྟ་བྱས་ན་ཕན་ཡོན་ཤིན་ཏུ་ཆེའོ། །ལྷག་པར་ར་ལུག་གསུར་ལ་ཕུལ་བའི་གསུར་དྲིས་དཀར་ཕྱོགས་སྐྱོང་བ་ཐམས་ཅད་མནོལ་བར་འགྱུར་བ་དང༌། མཆོད་མཁན་དང་མཆོད་བྱ་གཉིས་ཀྱིས་མི་དགེ་བའི་ལས་ཚབས་ཆེན་བསགས་ཏེ་དམྱལ་བའི་སྒོ་འབྱེད་པ་དང་མ་རིག་པས་ཀུན་ནས་བསླངས་པས་ཆོས་དང་ཆོས་མིན་ལ་རྨོངས་པར་འགྱུར་བ་དང༌། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཁྲེལ་བར་འགྱུར་བས་ཉེས་དམིགས་ཤིན་ཏུ་ཆེ་བ་ཡིན།
དེས་ན་ཡུལ་ལྷ་གཞི་བདག་ལ་གནས་སྐབས་ཀྱི་སྐབས་བཅོལ་བའི་ཕྱིར་དང༌། ཡི་དྭགས་ཀྱི་རིགས་སུ་གྱུར་བའི་ཡུལ་ལྷ་གཞི་བདག་དེ་དག་ལ་མཆོད་པའི་ཚེ་དཀར་གསུམ་མངར་གསུམ་གྱིས་གཙོར་བྱས་ནས་འབྲུ་སྣ་ལྔ་དང་དྲི་ཞིམ་ཤིང་སྣ་དང་སྨན་རྫས། དར་ཚོན་སྣ་ལྔའི་མཆོད་པ་ལ་སྔགས་དང་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས་མཆོད་ན་སྡོངས་གྲོགས་ཚུལ་བཞིན་མཛད་ངེས་པ་ཡིན།
སྤྱིར་ན་ཀིརྟི་བློ་བཟང་འཕྲིན་ལས་ཀྱིས། སྐྱབས་དཀོན་མཆོག་གསུམ་ལ་བློ་མི་གཏོད། །གྲོགས་མི་མ་ཡིན་ལ་བློ་རྩེ་གཏད། །གསུངས་པ་ལྟར་མི་མ་ཡིན་གྱི་ཡུལ་ལྷ་གཞི་བདག་ལ་བློ་རྩེ་གཏད་ནས་གསོལ་མཆོད་བྱས་དྲག་ན་རང་ཉིད་སྐྱེ་བ་ཕྱི་མར་དེ་དག་གི་འཁོར་དུ་སྐྱེ་བའི་ཉེན་ཁ་ཆེ་ཞིང༌། གནས་སྐབས་ཀྱི་ཆེད་དུ་ཡང་དེ་འདྲའི་ཤུགས་དྲག་མཆོད་ན་མི་བཟང༌། ཆོས་སྐྱོང་བསྟེན་དུས་སྤྱན་རས་གཟིགས་དྲག་ཏུ་ཁྲོས་པའི་དཔལ་མགོན་པོ་ཕྱག་དྲུག་པ་དང༌། དབྱངས་ཅན་དྲག་ཏུ་ཁྲོས་པའི་དཔལ་ལྡན་ལྷ་མོ་སོགས་འཇིག་རྟེན་ལས་འདས་པ་བསྟེན་ཏེ་ཡུལ་ལྷ་གཞི་བདག་ལ་སྙིང་རྗེ་ཀུན་ནས་བསླངས་ནས་དཀར་གཏོར་རེ་འབུལ་བ་སྔོན་བྱོན་དམ་པའི་ཕྱག་ལེན་ཡིན་ནོ། །
ལྷག་པར་འདིར་བརྗོད་པའི་དགོས་པ་ཞིག་ནི་གསོལ་མཆོད་བྱེད་དུས་རང་གི་ཆོས་སྐྱོང་སྲུང་མ་བསྐྱུར་ནས་ཡུལ་ལྷ་གཞི་བདག་ལ་མཆོད་པ་གང་མང་ཞིག་མཐོང་སྟེ་དེ་དག་ནི་རྟ་བསྐྱུར་ནས་བོང་བུར་ཞོན་པའི་དཔེར་ལྟར་འགྱུར་བས་མཆོད་པ་དེ་དག་ལེགས་པོར་འགྱུར་བ་ཕར་ཞོག་ཉེན་ཁ་ཆེ་བ་ཡིན་ལ་ལྷག་པར་ཡུལ་ལྷ་གཞི་བདག་ལ་ར་ལུག་གསུ་རལ་ཕུལ་པ་དེ་རང་གི་ཕ་མེས་ནས་བསྟེན་པའི་ཆོས་སྐྱོང་སྲུང་མ་མནོལ་བར་འགྱུར་བས་འཕྲལ་ལས་ཕུགས་ངན་པ་ཡིན་པས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ནམ་ཡང་བསྟེན་པར་མི་བྱའོ། །

 

བརྒྱུད་འགོད།