ཕྱག་གི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ།

    སྤེལ་དུས།  2015-12-06 22:56:36     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

        ཨོཾ་བདེ་ལེགས་སུ་གྱུར་ཅིག འདིར་ཕྱག་གི་ཕན་ཡོན་མདོ་ཙམ་བཤད་པ་ལ། དེ་ཡང་བྱང་ཆུབ་སེམས་དཔའི་དགེ་བ་བསགས་ཤིང་སྡིག་པ་སྦྱངས་པ་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་གནད་ཡན་ལག་བདུན་པའི་དང་བོ་ཡིན་ཞིང༌། ཕྱག་འདི་ང་རྒྱལ་གྱི་གཉེན་པོ་ཡིན་ལ་འདིས་ང་རྒྱལ་ལ་བརྟེན་ནས་མི་དགེ་བ་སྣ་ཚོགས་བྱེད་པའི་སྒོ་ཁེགས་ཤིང་དགེ་བ་མཐའ་མེད་པ་ཡིན།
སྤྱིར་ཕྱག་ནི་འདུད་པ་ཡིན་ལ་ཡིད་ཀྱི་དད་པས་འདུད་པ་ཡིད་ཀྱི་ཕྱག་དང་ངག་གིས་བསྟོད་དབྱངས་བྱེད་པ་ངག་གི་ཕྱག་དང༌། ལུས་ཀྱིས་ཕྱག་འཚལ་བ་ལུས་ཀྱི་ཕྱག་ཡིན། ལུས་ཀྱི་ཕྱག་ལ་འདུལ་བ་ནས་བཤད་པ་ལྟར་སྒྱིད་པ་ནས་འཁྱུད་པའི་ཕྱག་དང༌། དཔྲལ་བ་དང་ལག་པ་གཉིས། པུས་མོ་གཉིས་ཏེ་ཡན་ལག་ལྔ་ཀ་ས་ལ་གཏུགས་པའི་ཕྱག་འཚལ་བ་ལ་ཡན་ལག་ལྔ་ཕྱག་གམ་སྐུམ་ཕྱག་དང༌། ལུས་ཐམས་ཅད་ས་ལ་ཕབ་པའི་བརྐྱངས་ཕྱག་སྟེ། མདོ་ལས། སྡོང་བོ་ས་ལ་འགྱེལ་བ་ལྟར་ཕྱག་འཚལ་བ་ནི་ད་ལྟའི་བརྐྱངས་ཕྱག་འདི་ཡིན་གསུངས། རྒྱུན་ཏུ་ལུས་མི་བདེ་བ་སོགས་མེད་ན་བརྐྱངས་ཕྱག་འཚལ་ན་ལེགས་ཞེས་སྔོན་གྱི་སྐྱེས་བུ་དམ་པ་དག་གིས་གསུངས་སོ། །
ཕྱག་འཚལ་ཚུལ་ནི་སྐྱབས་ཡུལ་རྣམས་ལ་དད་པའི་སེམས་ཀྱིས་རྐང་བ་གཉིས་གཤིབ། ལུས་དྲང་བོར་བསྲངས། ཐལ་མོ་ཁོང་སྟོང་དུ་སྦྱར་ཏེ། སྤྱི་བོ་དང་མགྲིན་པ་སྙིང་ག་གསུམ་དུ་གཏུགས་ནས་འཚལ་བ་ལས། མགོ་བོ་ས་ལ་མི་གཏུགས་པ་དང༌། ཐལ་མོ་མི་སྦྱོར་བ། ཉལ་ནས་མི་ལངས་པ། ལག་པ་རྒྱབ་ཏུ་བསྣོལ་བ་སོགས་མ་གུས་པའི་སྤྱོད་ལམ་ཕན་ཡོན་ལས་ཉེས་དམིགས་ཆེ་བར་གསུངས་སོ། །དེ་བས་ཉེས་པ་དེ་རྣམས་ཁེགས་པར་བྱས་ནས་བཟང་སྤྱོད་ལས་གསུངས་པའི་ཕྱག་འཚལ་བའི་ཚིག་སྟེ།ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་བོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་ཚིག་འདིའི་དོན་ཡིད་ལ་ངེས་པར་བྱས་ཤིང་ཕྱག་འཚལ་བའི་ཚེ་རང་ལུས་མང་པོར་སྤྲུལ་ནས་ཕྱག་འཚལ་བ་དང་རང་གཞན་ཐམས་ཅད་ཀྱིས་ཕྱག་བྱ་བར་མོས་ཏེ་ཕྱག་འཚལ་ན་ཕན་ཡོན་ཤིན་ཏུ་ཆེའོ། །
དེ་ཡང་ཐལ་མོ་ཁོང་སྟོང་དུ་སྦྱར་བས་བདག་མེད་མཚོན་པས་ཆོས་སྐུ་དང་ཐལ་མོའི་གཟུགས་སམ་དབྱིབས་ཀྱིས་གཟུགས་སྐུ། ཡ་གཉིས་ཀྱིས་ཐབས་ཤེས། སྦྱར་བས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་མ་སྐྱེ་བ་སྐྱེས་པ། སྐྱེས་པ་གནས་པ། གནས་པ་གོང་འཕེལ་དུ་འགྲོ་བའི་རྟེན་འབྲེལ་འགྲིག ཐལ་མོ་སྤྱི་བོར་སྦྱར་བས་སྤྱི་བོའི་རྩ་མདུད་འགྲོལ། རྒྱལ་བའི་སྐུ་མཚན་དཔེས་སྤྲས་པ་དང༌། ཁྱད་པར་གཙུག་ཏོར་བལྟར་མི་མངོན་པ་འགྲུབ། ཨོལ་མདུད་ཀྱི་ཐད་དུ་སྦྱར་བས་མགྲིན་པའི་རྩ་མདུད་འགྲོལ། གསུང་དབྱངས་དྲུག་ཅུ་རྩ་བཞི། མགྲིན་པ་དུང་འདྲ་སོགས་གསུང་གི་ཡོན་ཏན་འགྲུབ། ནུ་མ་གཉིས་ཀྱི་དབུས་ཀྱི་སྙིང་གར་སྦྱར་བས་སྙིང་གའི་རྩ་མདུད་འགྲོལ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འགྲུབ་པའི་བག་ཆགས་འཇོག དེ་གསུམ་གྱིས་སྒོ་གསུམ་གྱི་སྡིག་གྲིབ་འདག་གསུངས།
ཕྱག་འཚལ་བའི་ཕན་ཡོན་ལས་མདོ་གཞན་ལས།ཕྱག་འཚལ་པའི་ཕན་ཡོན་ནི་རང་གི་ལུས་ཀྱིས་ཇི་ལྟར་ནོན་པའི་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་བོར་སྐྱེ་བར་འགྱུར་གསུངས་ཤིང༌། རྣམ་པར་འབྱེད་པའི་མདོ་ལས། ༡ གཟུགས་བཟང་ཞིང་གསེར་གྱི་མདོག་ལྟ་བུར་འགྱུར་བ་དང༌། ༢ ནད་མེད་ཅིང་མཛེས་ཤིང་སྡུག་པར་འགྱུར་བ་དང༌། ༣སྐད་སྙན་པར་འགྱུར་བ་དང༌། ༤ལྷ་འདྲེ་སོགས་ཀྱི་འཇིགས་པ་མེད་པ། ༥ ལྷ་དང་མི་རྣམས་དགའ་བར་འགྱུར་བ། ༦གཟི་བརྗིད་ཆེན་པོར་འགྱུར་བ། ༧སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་འགྲོགས་པ། ༨ལོངས་སྤྱོད་ཆེ་བར་འགྱུར་བ། ༩མཐོ་རིས་སུ་སྐྱེ་བ། ༡༠མྱུར་ཏུ་ཐར་བ་འཐོབ་པ་བཅས་བཅུར་སྤྱིར་བཤད་ཅིང༌། ཁྱད་པར་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་ནི༡རྒྱལ་བོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་ལེན་པ་དང༌། ༢གཟུགས་མཛེས་པ་ཐོབ་པ། ༣འཁོར་གཡོག་རྒྱ་ཆེན་པོ་ཐོབ་པ། ༤གཞན་གྱི་བཀུར་བསྟི་རྒྱ་ཆེན་པོ་ཐོབ་པ། ༥ལོངས་སྤྱོད་རྒྱས་པ། ༦གཞུང་ལུགས་མང་དུ་ཤེས་པ། ༧ཡང་དག་པའི་དད་པ་སྐྱེས་པ། ༨མི་བརྗེད་པའི་དྲན་པ་རྒྱ་ཆེ་བ་ཐོབ་པ།༩ཤེས་རབ་མཐའ་ཡས་པ་ཐོབ་པ། ༡༠རྟོགས་པ་རྒྱ་ཆེ་བ་ཐོབ་པ་བཅས་བཅུ་འབྱུང་བར་གསུངས་པས་ཕྱག་འཚལ་བ་ལ་འབད་པར་བྱའོ། །
ཞེས་པ་འདི་ནི་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་དགེ་བསྙེན་ཚེ་དབང་རྡོ་རྗེས་ནན་གྱིས་བསྐུལ་བའི་ངོར་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་བྲིས་པ་དགེ་གྱུར་ཅིག

 

བརྒྱུད་འགོད།