རྗེ་ཙོང་ཁ་པ་ཆེན་པོའི་སློབ་སྦྱོང་གི་མཛད་རིམ་མདོར་བསྡུས།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-02-17 09:05:54     རྩོམ་པ་པོ།   རྟ་མགྲིན་རྡོ་རྗེ།    ཀློག་ཐེངས།  

             ----------------------རྣམ་ཐར་གསར་བསྒྲིགས་ཀྱི་ལོ་ཚིགས་གཞིར་བཟུང་བ།

༄༅། ། རྩ་བའི་བླ་མ་དང་ངོ་བོ་དབྱེར་མི་ཕྱེད་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཤར་རྒྱལ་བ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། འདིར་རྗེའི་རྣམ་ཐར་གསར་བསྒྲིགས་ལ་གཞིར་བྱས་ཏེ་རྗེ་བླ་མ་ཙོང་ཁ་བའིསློབ་སྦྱོང་གི་མཛད་པ་དག་ལོ་ཚིགས་དང་སྦྲགས་ནས་བཀོད་པ་ནི། 

མེ་བྱ1357པར་ཡབ་ཀླུ་འབུམ་དགེ་དང་ཡུམ་ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་བཞི་བར་འཁྲུངས་།

ས་ཕག་སྤྱི་ལོ་1359པ་དགུང་ལོ་གསུམ་པར། ཀརྨ་རོལ་བའི་རྡོ་རྗེས་དགེ་བསྙེན་གྱི་སྡོམ་པ་བསྩལ་ལ།  མཚན་ལ་  ཀུན་དགའ་སྙིང་བོར་གསོལ།  

ཆུ་ཡོས1363ལོ་དགུང་གྲངས་བདུན་པ་ཡས་མས་སུ་བྱ་ཁྱུང་དགོན་པར་ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་དྲུང་དུ་གནས་སྤར་ཤིང་། དེར་ཡི་གེ་འབྲི་ཀློག་དང་དཔེ་ཆ་བློ་འཛིན་མཛད་དེ་བཞུགས་ཤིང་།  ཁྱེའུ་ཆུང་རབ་ཏུ་མ་བྱུང་བའི་སྔ་རོལ་ཏུའང་།  ཆོས་རྗེས་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་སྒོར་དབང་གིས་སྨིན་པར་མཛད་ཅིང་།   དཔལ་རྡོ་རྗེ་འཇིགས་བྱེད་དང་འཁོར་ལོ་སྡོམཔ།  ཀྱེེ་རྡོ་རྗེ།  ཕྱག་ན་རྡོ་རྗེ་ལ་སོགས་པའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་བསྐུར་བ་འཐོབ།  དེར་དགེ་ཚུལ་གྱི་སྡོམ་པ་བཞེས་ཤིང་། མཚན་ལ་བློ་བཟང་གྲགས་པ་ཞེས་གསོལ།  དགུང་ལོ་བཅུ་དྲུག་ལ་སོན་དུས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་གང་བསླབས་པ་ཕལ་ཆེ་བ་ཁོང་དུ་ཆུད་ཟིན་ཅིང་།   རྗེ་བཙུན་འཇམ་པའི་དབྱངས་རང་ཉིད་ཀྱི་ལྷག་པའི་ལྷར་བདམས་ཏེ།   དེའི་གཟུངས་སྔགས་བྱེ་བ་ཕྲག་བཅུ་ཙམ་པར་བསགས་གནང་ཡོད།  

ཆུ་ཕྱི1372ལོ་དགུང་ལོ་བཅུ་དྲུག་གི་སྟོན་གྱི་སྨད་ཆའི་ཟླ་བ་ཞིག་གི་ནང་བོད་དབུས་སུ་ལམ་ལ་ཆས།  

ཆུ་གླང་1373ལོ་དགུང་ལོ་བཅུ་བདུན་གྱི་སྟོན་ཁར་བོད་དབུས་ཀྱི་འབྲི་གུང་མཐིལ་དགོན་པར་འབྱོར་བ་དང་འབྲི་གུང་གི་བསྟན་པའི་བདག་པོ་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་དང་མཇལ་ཞིང་དེའི་དྲུང་ནས་ཐེག་ཆེན་སེམས་བསྐྱེད་དང་ཕྱག་རྒྱ་ཆེན་པོ་ལྔ་ལྡན།  ནྰ་རོ་ཆོས་དྲུག  འབྲི་གུང་བའི་བཀའ་འབུམ་ཕལ་ཆེ་བའི་ལུང་ཡང་གསན།   འདི་ནི་རྗེ་ཙོང་ཁ་བས་རང་གི་བླ་མ་ཆོས་རྗེ་དོན་རིན་ལས་གཞན་པའི་བླ་མ་ཞིག་གི་དྲུང་ནས་ཆོས་གསན་པའི་ཐོག་མ་ཡིན།    དེ་མིན་གྲོགས་འགའ་ཤས་ཀྱིས་བསྐུལ་བའི་རྐྱེན་ལས།  ཚལ་བའི་སྨན་པ་དཀོན་མཆོག་སྐྱབས་ཀྱི་དྲུང་ནས་རྒྱ་གར་ཀྱི་གསོ་བ་རིག་པའི་བསྟན་བཅོས་གྲགས་ཅན《སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ》ཐུགས་ལ་བཟུང་།     དེར་མཐུད་ལོ་གཉིས་ཀྱི་རིང་སྙེ་ཐང་བདེ་བ་ཅན་དུ་ཐོག་མའི་སློབ་གཉེར་གནང་བ་སྟེ།  རིན་པོ་ཆེ་བཀྲ་ཤིས་སེང་གེའི་དྲུང་ནས་ཆོས་འབྲེལ་གསན་ཅིང་།   ཀློག་པའི་སློབ་དཔོན་གཙོ་བོ་ཡོན་ཏན་རྒྱ་མཚོ་དང་ཞར་ཆོས་པ་སློབ་དཔོན་ཆེན་པོ་ཨུ་རྒྱན་པས་མཛད་ནས་བསྟན་བཅོས《མངོན་རྟོགས་རྒྱན》རྩ་འགྲེལ་དང་བཅས་པར་ལེགས་པར་སྦྱངས་ཤིང་།  བྱམས་ཆོས་སྡེ་ལྔ་ལ་མཁས་པ་འཇམ་དབྱངས་རིན་ཆེན་ལས་《མདོ་སྡེ་རྒྱན་》《ཐེག་པ་ཆེན་པོ་རྒྱུད་བླ་མ》《དབུས་མཐའ་རྣམ་འབྱེད》《ཆོས་དང་ཆོས་ཉིད་རྣམ་འབྱེད》བཅས་བྱམས་ཆོས་ཕྱི་མ་རྣམས་གསན།    

ཤིང་སྟག1374ལོ་དགུང་ལོ་བཅོ་བརྒྱད་ཀྱི་སྟེང་བླ་མ་དམ་པ་བསོན་ནམས་རྒྱལ་མཚན་མཆོག་སྙེ་ཐང་གི་ཉེ་འགྲམ་གྱི་དབེན་གནས་ཆོས་རྫོང་ཕེབས་པ་ཐོས་འཕྲད་མཇལ་བར་བཅར་ཏེ།  དེའི་དྲུང་ནས་འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་དང་བདེ་མཆོག་དྲིལ་བུ་པའི་ལུས་དཀྱིལ་གྱི་དབང་།   མགོན་པོ་གུར་གྱི་རྗེས་གནང་སོགས་ཞུས་རྗེས་ཁོང་ལ་དབུ་ཞྭ་པཎ་ཞྭ་དེ་གནང་སྟེ།  བུ་སྟོན་རིན་ཆེན་གྲུབ་ནས་བརྒྱུད་པའི་སྔགས་ལུགས་ཀྱི་བསྟན་པ་གཏད།  

ཤིང་ཡོས1375ལོ་དགུང་ལོ་བཅུ་དགུ་པར།   གསང་ཕུ་དང་སྙེ་ཐང་བདེ་ཅན་གཉིས་ཀར་ཕར་ཕྱིན་གྱི་གྲྭ་སྐོར་ཐོག་མ་དེ་མཛད་ཅིང་དགེ་འདུན་ཉི་ཤུའི་སྐོར་ལ་དཔྱད་རྩོམ་བསྡུས་ཙམ་ཞིག་དང་བསམ་གཟིགས་ཟིན་བྲིས་གཉིས་ལྗགས་རྩོམ་གནང་།  གྲྭ་བསྐོར་ལེགས་པར་གྲུབ་རྗེས་དགོན་པ་གཅིག་ནས་གཅིག་ལ་ཕེབས་མགོ་བརྩམ། གཙང་ཕྱོགས་སུ་ཡོད་པའི་སློབ་གཉེར་གྱི་བསྟི་གནས་རྣམས་སུ་ཕེབས་པར་དགོངས་ཏེ།  ས་སྐྱར་ཕེབས་པའི་ལམ་བར་ནས་ཇོ་གདན་དགོན་པའི་གྲྭ་བ་ཁ་ཤས་དང་ཕྲད་དེ་ཉང་སྟོད་ཀྱི་མཁར་ཁ་བརྒྱུད་ནས་ས་སྐྱའི་སྔོན་ལ་ཞ་ལུ་དགོན་པར་འབྱོར།   དེར་སྒྲ་ཚད་པ་རིན་ཆེན་རྣམ་རྒྱལ་དང་མཇལ་ཞིང་དྲུང་ནས་བདེ་མཆོག་མེ་ཏྲེེ་བཅུ་གསུམ་མའི་དབང་གསན།   

མེའབྲུག1376ལོ་དགུང་ལོ་ཉི་ཤུ་བར་ཞ་ལུ་སྣར་ཐང་བརྒྱུད་དེ་ཆོས་སྡེ་ཆེན་པོ་དཔལ་ལྡན་ས་སྐྱར་འབྱོར།   དེར་ས་བཟང་མ་ཏི་པཎ་ཆེན་བཞུགས་པས་བཀའ་ཆོས་ཅི་རིགས་པ་ཞུས།   ས་སྐྱར་ཆོས་ཐོག་ཚུགས་རྗེས་བསྐྱར་དུ་བྱོན་ཏེ་ཕར་ཕྱིན་གྱི་གྲྭ་བསྐོར་མཛད་ཅིང་གྲུབ་རྗེས།   ལ་སྟོད་བྱང་ཏུ་བྱོན་ཏེ་འདར་བརྒྱུད་ནས་བཟང་ལྡན་དང་ངམ་རིང་ཆོས་སྡེ་ལྟ་བུའི་དགོན་སྡེ་ཁག་ཏུའང་གྲྭ་བསྐོར་མཛད་པས་རིམ་གྱིས་མཁས་པའི་སྙན་གྲགས་ཕྱོགས་སུ་ཁྱབ་པ་བྱུང་།   དེ་རྗེས་ཇོ་ནང་དགོན་དུ་བྱོན་ལ།   ཇོ་ནང་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་ཇོ་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་གྱི་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་གསན།   དགོན་དེའི་མཁན་པོའི་དྲུང་ནས་བཀའ་གདམས་ལམ་རིམ་གྱི་ལུང་གསན།    སྐབས་དེར་བོ་དོང་ཨེ་དགོན་པར་ཕེབས་ཏེ་གྲྭ་བསྐོར་མཛད་རྗེས་བཀའ་གདམས་པའི་གདན་ས་གྲགས་ཅན་དཔལ་སྣར་ཐང་ཏུ་བྱོན་ནས་མཁས་པ་ལོ་ཙྰ་བ་དོན་བཟང་གི་དྲུང་ནས་མཛོད་ཀྱི་བཤད་པ་ཞིག་གསན་ཡང་དེ་ཙམ་ཐུགས་བློ་མ་ཁེངས།  ཉ་དབོན་གྱི་དྲུང་ནས་ཕར་ཕྱིན་གྱི་ཊི་ཀྐ་ཆ་ཚང་གསན།  སླར་ཡང《མངོན་པ་མཛོད》ཅིག་ཀྱང་ཁྲིད་པར་ཞུས་པས་རྗེ་བཙུན་རེད་མདའ་བ་འོས་སྦྱོར་བྱས་པས། རྩེ་ཆེན་དུ་ཁོང་གི་བླ་མའི་གཙོ་བོ་རྗེ་བཙུན་རེད་མདའ་བ་དང་མཇལ་ཞིང་《མངོན་པ་མཛོད》ཁྲིད་པའི་དབུ་བརྩམས་ལ། དེར་མཐུད་《དབུ་མ་ལ་འཇུག་པའི》མཛུབ་ཁྲིད་གསན།    

མེའབྲུག1376ལོ་དགུང་ལོ་ཉི་ཤུ་བའི་དགུན་ཁར་ཕྱིར་སྙེ་ཐང་བདེ་བ་ཅན་ཏུ་ཕེབས་ཏེ་དགུན་ཆོས་ལ་དེར་བཞུགས།  འདུལ་བ་ལ་ཐུགས་སྦྱོང་མཛད་པའི་དོན་དུ་སྐྱོར་མོ་ལུང་དགོན་པར་བྱོན།  དེར་བཀའ་བཞི་བ་བློ་གྲོས་བཟང་པོ་ལས་《འདུལ་བ་མདོ་རྩ་བ》འགྲེལ་བ་ཆ་ལག་དང་བཅས་པ་རྫོགས་པར་གསན་པའི་ཞར་ལ།  《མདོ་རྩ་བའི་རྒྱ་ཆེར་འགྲེལ》གྱི་དབུ་ནས་ཉིན་རེ་བཞིན་ཤོག་བུ་མདའ་ཚད་མ་བཅུ་བདུན་ཙམ་རེ་ཆག་མེད་དུ་ཐུགས་ལ་བཟུང་བ་སོགས་མཛད། དེ་དུས་རྗེ་རིན་པོ་ཆེ་བཞུགས་སའི་འདུ་ཁང་གི་ཀ་བ་དེར་ཕྱིས་སུ་བསམ་གཏན་གྱི་ཀ་བ་ཞེས་ཐོགས།  

མེ་སྦྲུལ1377ལོ་དགུང་ལོ་ཉེར་གཅིག་གི་སྟེང་རང་གི་བླ་མ་རྗེ་བཙུན་རེད་མདའ་བར་སླར་ཡང་མཇལ་བར་འདོད་དེ་ས་སྐྱའི་ཕྱོགས་སུ་ཕེབས།   ལོ་དེའི་དགུན་ཁང་གྲང་ངར་གྱི་རྐྱེན་གྱིས་རེ་ཞིག་གནས་རྙིང་དགོན་པར་བཞུགས་གནང་བྱུང་།   དེར་དགོན་པ་དེའི་དགེ་འདུན་འགའ་ཤས་དང་རང་དང་མཉམ་པའི་སློབ་མ་རྣམས་ཀྱིས་བསྐུལ་ངོར།  《མངོན་པ་ཀུན་བཏུས》ཀྱི་བཤད་ཁྲིད་སྩལ་བ་ནི་རྗེའི་མི་ཚེའི་ནང་གི་ཚོགས་ཡོངས་སུ་བཀའ་ཆོས་གནང་བ་ཐོག་མ་ཡིན།  

ས་རྟ1378ལོ་དགུང་ལོ་ཉེར་གཉིས་པའི་དཔྱིད་ཀར་སྐུ་འཁོར་རྣམས་ས་སྐྱར་འབྱོར།  ཐེངས་འདིར་རྗེ་བཙུན་རེད་མདའ་བ་དང་ལྷན་ཏུ་ཟླ་བ་བཅུ་གཅིག་ལྷག་ཙམ་བཞུགས་ཤིང་།   རྗེ་བཙུན་རེད་མདའ་བས《མངོན་པ་ཀུན་བཏུས》ཀྱི་གཟབ་བཤད་ཚར་གཅིག་རྒྱས་པར་བསྩལ།  གཞན་ད་དུང《དབུ་མ་ལ་མཇུག་པའི》བཤད་པ་དང་འདུལ་བ་ལུང་ལ་སོགས་པའི་བཀའ་བསྟན་བཅོས་དུ་མའི་ལུང་ཡང་གསན།  རང་ནས་《ཚད་མ་རྣམ་འགྲེལ》ལ་ཐུགས་སྦྱོངས་མཛད།  དེ་བཞིན་དུ་བླ་མ་རྡོ་རྗེ་རིན་ཆེན་པའི་དྲུང་ནས་ཀྱང་ས་སྐྱའི་ཆོས་བརྒྱུད་ལ་དམིགས་བསལ་གལ་ཆེ་བའི་གསང་སྔགས་ཀྱེེ་རྡོ་རྗེའི་རྒྱུད《བརྟག་གཉིས》ཀྱི་བཤད་པའང་གསན།   

       ལོ་དེའི་དཔྱིད་ཀ་དང་དབྱར་ཁའི་ཆོས་ཐོག་གཉིས་ཀྱི་མཚམས་ལ་རྗེ་བཙུན་རེད་མདའ་བ་དང་ལྷན་ཏུ་ངམ་རིང་དགོན་པར་ཕེབས།  དེ་ཀའི་གྲྭ་པ་ནམ་མཁའ་དཔལ་དང་བླ་སློབ་ཀྱི་འབྲེལ་ཐོགས།   དེ་ཀར་རྗེ་ཙོང་ཁ་བའི་རེ་བསྐུལ་བཞིན་རྗེ་བཙུན་རེད་མདའ་བས《མངོན་པ་ཀུན་བཏུས་ཀྱི་ཊིཀ་ཆེན་ལེགས་བཤད་རྒྱ་མཚོ》ཞེས་པ་བརྩམས་ལ།  ཁོང་གི་རེ་བ་བཞིན་ཚད་མ་རྣམ་འགྲེལ་གྱི་རང་འགྲེལ་གཞུང་ཡོངས་རྫོགས་ཀྱི་བཤད་པ་ཞིབ་མོར་སྩལ་བ་ལན་གཅིག་གསན།   གཞན་ཡང་《གསང་བ་འདུས་པའི་རྩ་རྒྱུད》ཀྱི་བཤད་པ་དང་། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་བ་འདུས་པའི་རྫོགས་རིམ་གྱི་བསྟན་བཅོས《རིམ་ལྔའི》ཁྲིད་སོགས་གསན།  ངམ་རིང་དུ་བཞུགས་དུས་རྗེ་ཙོང་ཁ་པ་ཉིད་ནས་ཀྱང་ཡིད་དང་ཀུན་གཞིའི་རྣམ་གཞག་སྟོན་པའི་རྩ་བ་དང་།  དེའི་དཀའ་གནད་རྒྱ་ཆེར་འགྲེལ་པ《ལེགས་པར་བཤད་པའི་རྒྱ་མཚོ》ཞེས་བྱ་བ་མཛད།

        ལོ་དེའི་སྟོན་ཁར་རྗེ་ཙོང་ཁ་པར་ཁྱིམ་ནས་ཅ་དངོས་སྐོར་ཞིག་འབྲི་གུང་མཐིལ་དུ་བཞག་ཡོད་པའི་གནས་ཚུལ་འབྱོར།   ཅ་དངོས་དང་མཉམ་ཏུ་ཡུམ་ནས་ཀྱང་ཕ་ཡུལ་ཏུ་ལོག་པའི་རེ་སྐུལ་འཁོད་པའི་ཡི་གེ་ཞིག་ཀྱང་བཏང་ཡོད་པ་ཕྱག་ཏུ་འབྱོར།  ཡུམ་གྱི་འཕྲིན་ཡིག་དེས་ཐུགས་ཤིན་ཏུ་སྐྱོ་བ་བྱུང་ཞིང་།  ཨ་མ་མ་ཤི་གོང་ལ་ལན་གཅིག་མཇལ་བར་དགོངས་ཏེ་ཕྱིར་ངམ་རིང་ནས་ཐོན་ཏེ་ས་སྐྱ་བརྒྱུད་ལྷ་སའི་ཕྱོགས་སུ་ཆས།  མལ་གྲོ་ལྷ་ལུང་དུ་བཞུགས་སྐབས་མཚམས་ཤིག་ནས་ཐུགས་བློར་འགྱུར་བ་ཞིག་བྱུང་སྟེ།   གནས་སྐབས་ཤིག་རིང་ཕ་ཡུལ་དུ་མི་ལོག་པར་ཐག་བཅད་པ་དེ་ཡང་དག་པ་ཞིག་ཡིན་པའི་ངེས་པ་ཡང་བརྟན་པོ་རྙེད།  ཁོང་གིས་ཡུམ་ལ་དྲན་རྟེན་དུ་རང་ཉིད་ཀྱི་འདྲ་བརྙན་ཞིག་རེ་མོར་བྲིས་ནས་བསྐུར་ལེགས་པའི་ཐུགས་ཐག་བཅད་ཅིང་།  གནས་སྐབས་ཤིག་རིང་མལ་གྲོ་ལྷ་ལུང་ཁུལ་ཏུ་བཞུགས་ཏེ་བླ་མ་བསོད་ནམས་གྲགས་པའི་དྲུང་ནས་ཆོས་ལུང་མང་པོ་གསན།    དེར་མཐུད་ནས་སྐུ་མཚམས་བཅད་ནས་ཐུགས་དམ་མཛད་ཅིང་།    ཐུན་མཚམས་ཀྱི་བར་གསེང་ནས་འུ་ཡུག་པ་རིགས་པའི་སེང་གེའི《ཚད་མ་རིག་པའི་མཛོད》ཀྱི་སྟེང་ནས་བསྟན་བཅོས《ཚད་མ་རྣམ་འགྲེལ》ལ་སླར་ཡང་ཞིབ་གཟིགས་གནང་།  

       མལ་གྲོ་ནས་རྗེ་ཙོང་ཁ་པ་རང་ཉིད་གྲྭ་བསྐོར་ཐོག་མར་མཛད་ས་སྙེ་ཐང་བདེ་བ་ཅན་དུ་བྱོན་ནས།    ཕྱི་ལོའི་དགུན་བར་བཞུགས།   

ས་ལུག1379ལོ་དགུང་ལོ་ཉེར་གསུམ་པའི་དཔྱིད་ཀ་ནས་བཟུང་གཞུང་ཆེན་ལྷག་མ་གསུམ་སྟེ་ཚད་མ་དང་མངོན་པ།   འདུལ་བ་བཅས་ཀྱི་གྲྭ་བསྐོར་མཛད་པའི་གྲ་སྒྲིག་གི་དགོངས་བཞེས་དང་བཅས་སྣར་ཐང་དགོན་པར་བྱོན་ནས་བླ་མ་ལོ་ཙྰ་དོན་བཟང་ལས་རང་ཉིད་ཀྱིས་བརྩམས་པའི་ཚད་མའི་ཊྰིཀྐ་ཞིག་ཡོད་པ་གསན།  དབྱར་ཆོས་སྐབས་སུ་སྣར་ཐང་དུ་གཞུང་ཆེན་བཀའ་པོད་ལྷག་མ་གསུམ་གྱི་གྲྭ་བསྐོར་མཛད།   གྲྭ་བསྐོར་རྣམས་གྲུབ་རྗེས་རྗེ་ཙོང་ཁ་པ་མཆོག་གཞུང་ཆེན་བཀའ་པོད་བཞི་ཀ་ལ་མཁས་པའི་སློབ་དཔོན་དུ་གྱུར་ཏེ་བཀའ་བཞི་པ་ཞེས་པའི་མཚན་བསྟོད་ཐོབ།  སྐབས་འདི་ནས་བཟུང་རྗེ་ཙོང་ཁ་པས་དངོས་སུ་སློབ་མ་བཞེས་པའི་འགོ་བརྩམས་ཡོད།

       ལོ་དེའི་སྟོན་ཁར་རྗེ་བཙུན་རེད་མདའ་བ་བོ་དོང་ཨེའི་དགོན་པར་ཕེབས་ཡོད་པ་གསན་ཏེ་དེར་བྱོན།  བླ་མའི་དྲུང་ནས་དབུ་ཚད་མངོན་པ་ཚར་རེ་གསན།   དབུ་མ་རིགས་ཚོགས་ཐམས་ཅད་ཀྱི་ལུང་ཞིག་སྣར་ཐང་གི་མཁན་པོ་ཀུན་དགའ་རྒྱལ་མཚན་ལས་ཞུས།  ལོ་ཆེན་ནམ་མཁའ་བཟང་པོའི་དྲུང་ནས་ལེགས་སྦྱྱར་གྱི་སྙན་ངག་གི་བསྟན་བཅོས《མེ་ལོང་མ》དང་《སྡེབ་སྦྱོར་རིན་ཆེན་འབྱུང་གནས》མངོན་བརྗོད《འཆི་མེད་མཛོད》སོགས་རིག་གནས་གསན།  

        བོ་དོང་ཨེའི་དགོན་པ་ནས་རྗེ་བཙུན་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་ས་སྐྱར་བྱོན་ལ།  སྔར་ལྟར་གཞུང་ཆེན་གསུམ་གྱི་གྲྭ་བསྐོར་མཛད།   གྲུབ་རྗེས་ས་སྐྱ་ནས་དབུས་ཕྱོགས་སུ་བྱོན།  གུང་ཐང་དུ་ཁྱུག་ཙམ་བཞུགས་ཏེ་ལོ་གསར་བའི་ཚེས་བཅུ་ནས་རིམ་པ་བཞིན་གསང་ཕུ་དང་རྩེད་ཐང་སོགས་དབུས་ཀྱི་གདན་ས་ཁག་ཏུ་ཚད་མ་དང་མངོན་པ།  འདུལ་བ་བཅས་གཞུང་ཆེན་ལྷག་མ་གསུམ་གྱི་གྲྭ་བསྐོར་མཛད་པས།   མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ།  

       གསང་ཕུ་ནས་གྲྭ་བསྐོར་མཛད་ནས་རིང་པོ་མ་ཐོགས་པར་ཤེས་རབ་སྙན་ངག་གི་ལྷ་མོ་དབྱངས་ཅན་མའི་བསྙེན་སྒྲུབ་མཛད་ཅིང་།   དེའི་གཟུངས་སྔགས་བྱེ་བ་ལྔ་ཙམ་བསགས་པས་ཤེས་རབ་ཀྱི་ལྷ་མོ་དབྱངས་ཅན་མའི་ཞལ་གཟིགས་ཐོབ་པ་ཡིན།  

ལྕགས་སྤྲེལ1380ལོ་དགུང་ལོ་ཉེར་བཞིའི་སྟེང་ཡར་ཀླུང་དུ་ཆགས་པའི་ཇོ་གདན་དགོན་པར་མཁན་པོ་བཀའ་བཞི་པ་ཚུལ་ཁྲིམས་རིན་ཆེན་གྱིས་བསྙེན་རྫོགས་ཀྱི་ཆོ་གའི་མཁན་པོ་མཛད་ཅིང་།   བྱི་རྫིང་བའི་མཁན་པོ་གནས་བརྟན་འདལ་བ་འཛིན་པ་ཤེས་རབ་མགོན་པོས་ལས་ཀྱི་སློབ་དཔོན།   བྱི་རྫིང་བའི་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་དེ་དམ་ཆོས་འདུལ་བའི་ཆོ་ག་རྣམ་པར་དག་པས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།  

       བསྙེན་གྲུབ་རྫོགས་ནས་རིང་པོར་མ་སོན་པར་རྗེ་ཙོང་ཁ་པ་གདན་ས་མཐིལ་དུ་བྱོན་ནས་སྤྱན་སྔ་གྲགས་པ་བྱང་ཆུབ་དང་ཐོག་མར་མཇལ།  དེའི་དྲུང་ནས་ཆོས་འབྲེལ་གལ་ཆེན་མང་དག་ཅིག་སྟེ།   ལམ་འབྲས་ཀྱི་མན་ངག་དང་ནྰ་རོ་ཆོས་དྲུག   རྡོ་རྗེའི་གླུ་ལ་སོགས་པ་ནས་རྗེ་སྒམ་པོ་བའི་བཀའ་འབུམ་གྱི་བར་ལུང་དང་།   རྗེ་ཕག་མོ་གྲུ་བ་དང་འབྲི་གུང་འཇིག་རྟེན་མགོན་པོའི་བཀའ་འབུམ་གྱི་ལུང་།    རྗེ་གླིང་རས་པའི་མན་ཁ་ཐོར་བ་རྣམས་གསན།

       ལོ་དེའི་སྟོན་ཁར་སོན་དུས།   རྗེ་ཙང་ཁ་པས་གཞུང་ཆེན་གྱི་སློབ་གཉེར་དངོས་གཞི་ཡོངས་སུ་གྲུབ་ཟིན་ཅིང་སྐབས་འདིར་ཐུགས་སྐྱོའི་དོན་དག་ཤིག་བྱུང་བ་ནི་རང་གི་རྩ་བའི་བླ་མ་ཆོས་རྗེ་དོན་གྲུབ་རིན་ཆེན་ཞི་བར་གཤེགས་པ་དེ་ཡིན།   དུས་འདི་ནས་བཟུང་སྟེ་རང་ཉིད་དགོངས་པ་རྫོགས་རག་བར་ཏུ་བླ་མའི་དུས་མཆོད་ཆག་མེད་དུ་མཛད།  

        དེར་མཐུད་ཆེས་གནའ་བོའི་བྲག་དམར་ས་ཁུལ་དུ་ཡོད་པའི་འོན་གྱི་ལྷ་ཁང་ཀེ་རུར་རྗེ་ཙོང་པས་བཀའ་བཞི་པའི་ཚུལ་དུ་ཆོས་འཆད་ཐོག་མ་མཛད།

ལྕགས་བྱ1381ལོ་ནས་ཤིང་གླང1385ལོ་དགུང་ལོ་ཉེར་ལྔ་ནས་ཉེར་དགུའི་བར་འོན་གྱི་ལྷ་ཁང་ནས་བྱོན་ཏེ་སྐྱིད་ཤོད་བརྒྱུད་དེ་ཚལ་གུང་ཐང་དགོན་པར་ཕེབས་ནས་བཀའ་དང་བསྟན་བཅོས་གལ་ཆེན་མང་པོ་ལ་ཞིབ་ཏུ་གཟིགས་རྟོགས་གནང་།  ཚལ་གུང་ཐང་གི་དབུས་གླིང་གི་གཙུག་ལག་ཁང་གི་ཏོག་གི་རྩེ་ལ་ཉི་མ་ཤར་བའི་ཚེ།  རྗེ་ཙོང་ཁ་པས་མདའ་ཚད་ཕྲེང་དགུ་པ་ཞིག་གི་ཤོག་ལྡེབ་བཞི་ཐུགས་འཛིན་ཐུབ།  

        ཚལ་གུང་ཐང་དུ་བཞུགས་པའི་དུས་ཡུན་གྱི་སྨད་ཙམ་དུ།  དགུང་ལོ་ཉེར་དགུའི་སྟེང་ནས་རང་གི་གཞུང་ཆེན་མོའི་བསྟན་བཅོས་ཀྱི་ཐོག་མ་ཕར་ཕྱིན་གྱི་རྣམ་བཤད་ཆེན་པོ《ལེགས་བཤད་གསེར་ཕྲེང》རྩོམ་པའི་དབུ་བཙུགས་གནང་།   

ཤིང་གླང1385ལོ་དགུང་ལོ་ཉེར་དགུ་བར་རྗེ་ཙོང་ཁ་པ་ཚལ་གུང་ཐང་ནས་སྙེ་ཐང་བདེ་བ་དུ་ཕེབས།

མེ་སྟག1386ལོ་དགུང་ལོ་སུམ་ཅུ་པར། སྤྱན་སྔ་གྲགས་པ་བྱུང་ཆུབ་སྐུ་གཤེགས་ཤིང་རྗེ་ཙོང་ཁ་པས་སྤྱན་སྔ་གྲགས་པ་བྱང་ཆུབ་ཀྱི་གསོལ་འདེབས་ཤིག་མཛད་པ་དང་མི་དབང་གྲགས་པ་རྒྱལ་མཚན་གྱིས་གཞུང་འབྲེལ་གྱི་ཐོག་ནས་རྗེ་ཙོང་ཁ་པ་ལ་རེ་སྐུལ་བྱས་པ་ལྟར།   ཁོང་གིས《གྲགས་པ་བྱང་ཆུབ་དཔལ་བཟང་པོའི་རྟོགས་པ་བརྗོད་པའི་སྙན་དངགས་བྱིན་རླབས་ཀྱི་ལྷུན་པོ》ཞེས་བྱ་བ་འབྲི་གུང་མཐིལ་དང་ཉེ་བའི་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བཞུགས་པའི་སྐབས་ཤིག་ལ་བརྩམས།       དཔྱིད་ཀར་གཉའ་བྱ་ཡུལ་དུ་བྱོན།  དེ་རུ་རྗེ་ཙོང་ཀ་པས་འདུལ་བ་འཛིན་པ་བདུན་ཅུ་ལྷག་ལ་《མངོན་རྟོགས་རྒྱན》དང་།  《ཚད་མ་རྣམ་འགྲེལ》  《དབུ་མ་ལ་འཇུག་པ》 《མངོན་པ་ཀུན་བཏུས》བཅས་ཀྱི་བཤད་ཁྲིད་གནང་།  ཆོས་བར་ཞིག་ལ་《སྒྲ་དབྱངས་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པའི་ཚིགས་སུ་བཅད་པ》ཞེས་པ་སྙན་ངག་གི་ལམ་ནས་དྲངས་པའི་དབྱངས་ཅན་མའི་བསྟོད་པ་ཕུལ་དུ་བྱུང་བ་དེ་མཛད།        དེ་རྗེས་ལྷར་ཡང་ཚལ་གུང་ཐང་དུ་ཕྱིར་ཕེབས།  

       ཚལ་གུང་ཐང་དུ་བཞུགས་རིང་རྟོགས་ལྡན་ཡེ་ཤེས་རྒྱ་མཚོའི་དྲུང་ནས་དུས་འཁོར་གྱི་ཆོས་སྐོར་གསན།   སྐབས་ཤིག་ལ་ཁོང་དང་མཉམ་དུ་སྐྱོར་མོ་ལུང་དགོན་པར་ཕེབས་ཤིང་དེ་ཀར་ཟླ་བ་འགའི་རིང་ལ་དུས་འཁོར་གྱི་འགྲེལ་བ་གྲགས་ཆེན《དྲི་མེད་འོད》ཀྱི་ཁྲིད་ཞིབ་ཅིང་རྒྱས་པ་ཤིག་གསན།  

མེ་ཡོས1387ལོ་དགུང་ལོ་སོ་གཅིག་པར།   རྗེ་ཙོང་ཁ་པ་ལྷར་ཡང་དབྱར་ཆོས་ལ་སྙེ་ཐང་བདེ་བ་ཅན་དུ་ཕེབས།  རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་རྗེ་ཙོང་ཁ་པ་དང་ཐོག་མར་མཇལ།   བོད་ཟླ་ལྔ་བར་《ལེགས་བཤད་གསེར་ཕྲེང》ཡོངས་སུ་གྲུབ།  དེ་དུས་རྗེ་ཙོང་ཁ་པ་དགུང་ལོ་སོ་གཅིག་ཏུ་ཕེབས་ཡོད།  དེ་ནས་བཟུང་རྗེ་ཙོང་ཁ་པའི་བཀའ་རྩོམ་གྱི་ཁྱད་ཆོས་མངོན་གསལ་ཞིག་ནི་ཁོང་གི་གཞུང་ཆེན་པོའི་བསྟན་བཅོས་སྤྱི་དང་ཁྱད་པར་དུ་དབུ་མ་དང་ཚད་མ།   ཆོས་མངོན་པ་སོགས་བརྗོད་བྱར་གྱུར་བ་རྣམས་ཀྱི་ནང་དུ།    རྒྱ་གར་མཁས་པའི་གསུངས་འབའ་ཞིག་ལས་སྔོན་གྱི་བོད་ཀྱི་མཁས་པའི་གསུང་རྒྱབ་རྟེན་དུ་དྲངས་པ་ཧ་ལམ་མི་འབྱུང་བ་དེ་ཡིན།

《ལེགས་བཤད་གསེར་ཕྲེང་》གྲུབ་པའི་རྗེས་ཀྱི་ལོ་འགའི་རིང་རྗེ་ཙོང་ཁ་པའི་ཐུགས་བརྩེ་གཏད་ས་གཙོ་བོ་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་ཐོས་པ་རྒྱ་ཆེར་འཚོལ་བ་དེར་སྣང་། 

མེ་ཡོས1387ནས་ས་འབྲུག1388ལོ་དགུང་ལོ་སོ་གཅིག་ནས་སོ་གཉིས་བར་གྱི་དགུན་ཁ་ཧྲིལ་བོར་སྟོད་ལུང་དགོན་པ་དང་སྟོད་ལུང་གི་སྨད་དུ་ཆགས་པའི་ངང་དཀར་དགོན་གཉིས་སུ་བཞུགས་ཏེ་དང་ཐོག་དུས་འཁོར་གྱི་རྒྱུད་ལ་ཐུགས་སྦྱོངས་མཛད་ནས་ཉམས་བཞེས་གནང་། སྟོད་ལུང་ནས་རིམ་པས་རྗེ་ཙོང་ཁ་པ་ཡར་ལུང་ཕྱོགས་སུ་ཆས། དེ་ནི་རྫོང་སྤྱི་གྲགས་པ་རིན་ཆེན་གྱིས་སྔར་ནས་ཡར་ལུང་དུ་ཕེབས་པའི་གདན་ཞུའི་སྐུལ་མ་ཡང་ཡང་བྱུང་ཡོད་པས་ཡིན།  གོང་དཀར་ནས་རྗེ་ཙོང་ཁ་པ་དང་སྐུ་འཁོར་རྣམས་ཡར་ལུང་སྨོན་མཁར་དུ་བྱོན་ཏེ་བཞུགས།  དེར་བཞུགས་རིང་གཞུང་ཆེན་གྱི་བཤད་པ་ནར་མར་གསུངས་ཤིང་རྒྱུད་སྡེའི་གོང་འོག་གི་གསང་སྔགས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྐལ་བ་དང་ལྡན་པ་རྣམས་ལ་དབང་དང་རྗེས་གནང་དང་།  གཞན་ཡང་ལུང་དང་མན་ངག་སོགས་སྩལ་དེ་གདུལ་བྱ་ཤིན་ཏུ་མང་པོ་མདོ་སྔགས་གཉིས་ཀའི་ཆོས་ཀྱི་རྗེས་སུ་བཟུང་བར་མཛད།   དེ་ནས་མོན་མཁར་བཀྲ་ཤིས་གདོང་དུ་བྱོན།  དེ་ནས་འཁོར་རྣམས་ཀྱིས་བསྐུལ་ངོར། ཟླ་བ་དེའི་ཚེས་ལྔ་ཉིན་ནས་ཟླ་གསུམ་གྱི་རིང་ལ་དུས་གཅིག་ལ་རྒྱ་གཞུང་བཅུ་བདུན་གྱི་བཤད་ཁྲིད་མཛད།  

ས་སྦྲུལ1389ལོ་དགུང་ལོ་སོ་གསུམ་གྱི་དབྱར་ཁ་དེ་ལ།  རྗེ་ཙོང་ཁ་པས་ཡང་ཀླུང་དུ་ཡོད་པའི་ཨོ་ཀར་བྲག་ཏུ་སྐུ་མཚམས་དམ་པོར་མཛད་དེ་བཞུགས།   དེའི་སྐབས་དཔལ་འཁོར་ལོ་བདེ་མཆོག་གི་སྒོམ་བཟླས་དང་ཐུན་བཞིའི་རྣལ་འབྱོར། བདག་འཇུག་ཤིན་ཏུ་མང་བར་མཛད་ཅིང་།  རྒྱ་གར་གྱི་རྣལ་འབྱོར་མ་གྲགས་ཅན་ནི་གུ་མ་ནས་བརྒྱུད་པའི་ཤིང་བ་བཀའ་རྒྱུད་ཀྱི་གདམས་པའི་སྙིང་པོ་ནི་གུ་ཆོས་དྲུག་གི་དམིགས་སྐོར་རྣམས་ཐུགས་ཉམས་སུ་བསྟན་ནས་ལེགས་པར་སྦྱངས་ཏེ།  གཏུམ་མོའི་རླུང་སྦྱོར་ཡང་ཉིན་རེར་བརྒྱད་བརྒྱ་རེ་མཛད་པ་སོགས་གནང་།   ལོ་དེའི་སྟོན་ཁར་སྐྱིད་ཤོད་དུ་ཕེབས་ཤིང་། རྗེ་བཙུན་རེད་མདའ་བའང་དེ་དུས་ས་སྐྱའི་ཆོས་མཚམས་ཁེལ་པས་ཆོས་བར་ལ་དབུས་སུ་ཕེབས་ཡོད་པས་བླ་སློབ་གཉིས་ཀ་ལྷ་སར་ཞལ་འཛོམས་པ།

ལྕགས་རྟ1390ལོ་དགུང་ལོ་སོ་བཞི་པའི་དཔྱིད་ཀར།  རྗེ་ཙོང་ཁ་པས་རྒྱུད་སྡེ་ཆེན་པོ་རྣམས་ཀྱི་བཤད་པ་དང་དབང་ལག་ལེན་མན་ངག་དང་བཅས་པ་རྩད་གཅོད་པར་མཛད་པར་བཞེད་པ་དང་།  བླ་མ་རྗེ་བཙུན་རེད་འདའ་བ་ཆེན་པོ་དང་ལྷན་དུ་སླར་ཡང་གསུང་གླེང་མཛད་དགོས་སོགས་དགོངས་ཏེ་གཙང་གི་ཕྱོགས་སུ་བྱོན་ཏེ།  དང་ཐོག་རོང་གི་སྣུབས་ཆོས་ལུང་དུ་བཞུགས། དེར་དགོན་པའི་མཁན་པོ་རིན་པོ་ཆེ་གྲགས་པ་བཤེས་གཉེན་གྱི་དྲུང་ནས་གསང་འདུས་རིམ་ལྔ་སོགས་བཀའ་ལུང་མང་དག་ཅིག་གསན།  རྗེ་ཙོང་ཁ་པ་སྣུབས་ཆོས་ལུང་དུ་བཞུགས་པའི་སྐབས་ཤིག་ལ་བླ་མ་དབུ་མ་བ་རྗེ་ཙོང་ཁ་པའི་དྲུང་དུ་བཅར་ཏེ་ཁོང་གཉིས་ཞལ་འཛོམས་བྱུང་བའི་ཐོག་རྗེ་ཙོང་ཁ་པས་ཁོང་ལ་དབྱངས་ཅན་མའི་བཞེས་སྣང་བསྩལ།  བླ་མ་དབུ་མ་པ་ནི་རྗེ་ཙོང་ཁ་པའི་ཐུན་མིན་གྱི་རྣམ་ཐར་གྱི་ཆ་ཤས་གཙོ་བོ་རྗེ་བཙུན་འཇམ་པའི་དབྱངས་དགེ་བའི་བཤེས་གཉེན་དུ་གྱུར་ཏེ་ཡི་དམ་གྱི་དྲུང་ནས་མན་ངག་ཞུ་བ་སོགས་ཀྱི་གནས་དེར་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་བླ་མར་གྱུར་བ་བྱུང་།  

ལོ་དེའི་དབྱར་ཁར་སྟག་ཚང་དགོན་པར་བྱོན།  སྟག་ཚང་དུ་བཞུགས་པའི་རིང་ལ་ཆོས་འབྲེལ་དངོས་གཞིར་སློབ་དཔོན་བགྲེས་བ་གསུམ་གྱི་བཀའ་ཆོས་གསུང་བ་ནི།  ཀུན་མཁྱེན་གྲགས་པ་རྒྱལ་མཚན་གྱིས་བསྟན་བཅོས་《མངོན་རྟོགས་རྒྱན》དང་ལོ་ཆེན་སྐྱབས་མཆོག་དཔལ་བཟང་གིས་ཀྱེེ་རྡོ་རྗེའི《བརྟག་གཉིས》ཀྱི་རྒྱུད་དང་རྗེ་བཙུན་རེད་མདའ་བས་རང་ཉིད་ཀྱིས་མཛད་པའི་《ཚད་མ་རྣམ་འགྲེལ་》རྒྱན་གྱི་འགྲེལ་བཤད་ཆེན་མོའི་ཁྲིད་གནང་།  སྟག་ཚང་གི་དབྱར་ཁའི་ཆོས་ཐོག་གྲུབ་རྗེས་ཆོས་བར་ལ་རྗེ་བཙུན་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་འབའ་འུ་འབའ་གཉེར་དུ་བྱོན།   དེར་རྗེ་ཙོང་ཁ་པས་བླ་མ་རེད་མདའ་བའི་དྲུང་ནས་རྒྱུད་ཀྱི་རྒྱལ་བོ་དཔལ་གསང་བ་འདུས་པའི་རྩ་རྒྱུད་ཀྱི་བཤད་པ་ཆ་ཚང་བར་ཚར་གཅིག་གསན།

ལོ་དེའི་སྟོན་ཁར་བླ་སློབ་གཉིས་སོ་སོ་གྱེས།   ཕྱི་ལོའི་དཔྱིད་མགོའི་བར།  རྗེ་ཙོང་ཁ་པ་རང་ཉིད་རོང་གི་སྣུབས་ཆོས་ལུང་དུ་ཕྱིར་ལོག་ཏེ་བླ་མ་དབུ་མ་བ་དང་ལྷན་དུ་རེ་ཞིག་དེར་བཞུགས། ཁྱད་པར་དུ་བླ་མ་དབུ་མ་བ་བརྒྱུད་ནས་རྗེ་བཙུན་འཇམ་པའི་དབྱངས་ལ་མདོ་སྔགས་ཀྱི་གནད་ལས་བརྩམས་པའི་ཆོས་ཀྱི་དྲི་བ་མང་དུ་མཛད་ཐུབ་པ་བྱུང་།ལོ་དེའི་སྟོན་མཇུག་ཙམ་ལ་རྗེ་ཙོང་ཁ་པ་བླ་མ་ཆོས་ཀྱི་དཔའ་བོའི་བཞུགས་གནས་གོང་གསུམ་སྡེ་ཆེན་དུ་ཕེབས་ཐུབ་པ་བྱུང་། བླ་མ་དེ་ལས་དུས་འཁོར་འགྲེལ་ཆེན《དྲི་མེད་འོད》ཀྱི་འཕྲུལ་གསན། དུས་ཡུན་དེའི་རིང་རྗེ་ཙོང་ཁ་པས་བུ་སྟོན་ནས་བརྒྱུད་པའི་དུས་འཁོར་གྱི་འགྲེལ་ཆེན་གྱི་སྟེང་། ཕྱག་ལེན་གྱི་མཛུབ་ཁྲིད་དང་དུས་འཁོར་སྦྱོར་དྲུག་གི་མཉམ་ཁྲིད་སོགས་ཀྱང་རྫོགས་པར་གསན། ཡོ་ག་བ་མགོན་བཟང་དང་རྗེ་ཙོང་ཁ་པ་གཉིས་མྱང་སྟོད་སྨད་ཀྱི་མཚམས་སུ་ཡོད་པའི་འཁྲིའི་རྩྭ་ཁང་ཞེས་པར་ལྷན་དུ་བཞུགས། རྗེ་ཙོང་ཁ་བས་ཡོ་ག་བ་དེའི་དྲུང་ནས་རྡོ་རྗེ་དབྱིངས་དང་དཔལ་མཆོག་རྩེ་མོ་ལ་སོགས་པའི་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་མཐའ་དག་གི་བྲི་ཐིག  གར་དབྱངས། དཀྱིལ་མཆོགགི་ཆོག་ཁྲིགས། ཕྱག་རྒྱ་སོགས་ལ་ཤིན་ཏུ་བྱང་བར་སྦྱངས། སླར་ཡང་བླ་མ་ཆོས་ཀྱི་དཔལ་བོའི་དྲུང་དུ་ཕེབས་ཏེ་རྡོ་རྗེ་ཕྲེང་བའི་དབང་ལུང་མཛུབ་ཁྲིད། བཤད་པ། དཀར་ཐིག་དབྱངས་གསུམ་གྱི་ཕྱག་ལེན་ཁྲིད་དང་བཅས་པར་ཐུགས་སྦྱོང་མཛད་ནས། ཕྲེང་བ་སྐོར་གསུམ་སྟེ་སློབ་དཔོན་ཨབྷྱ་ཀ་རས་བསྒྲིགས་པའི་《དཀྱིལ་མཆོག་རྡོ་རྗེ་ཕྲེང་བ》དང་།《སྒྲུབ་ཐབས་རྣལ་འབྱོར་རྫོགས་ཕྲེང》དང་།  《སྦྱིན་སྲེག་འོད་ཀྱི་སྙེ་མ》བཅས་ལ་མཁས་པར་སྦྱངས།  གཞན་ཡང་སྐབས་དེར་ཆོས་ཀྱི་དཔལ་བོའི་དྲུང་ནས་ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོ་ལ་སོགས་པའི་དབང་ལུང་མན་ངག་དང་བཅས་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་ཆོས་མང་དུ་གསན།

ལྕགས་ལུག1391ལོ་དགུང་ལོ་ས་སོ་ལྔ་བའི་སྟོན་མཇུག་དེར་རྗེ་ཙོང་ཁ་པ་ཞྭ་ལུར་ཕེབས་ཏེ་བླ་མ་ཁྱུང་བོ་ལྷས་པ་གཞོན་ནུ་བསོད་ནམས་དང་ཐོག་མར་མཛད། དེའི་དྲུང་ནས་ཟླ་བ་མང་པོའི་རིང་གསང་སྔགས་ཀྱི་ཆོས་སྐོར་བུམ་པ་གང་ཞུས་ཚུལ་དུ་ཞུས་ཟིན་ནས། སླར་ཡང་བུ་སྟོན་རིན་པོ་ཆེ་སློབ་མ་ཆོས་ཀྱི་དཔའ་བོའི་གམ་དུ་བཅར་ནས་རྡོ་རྗེ་སྙིང་འགྲེལ་དང་ཕྱག་རྡོར་བསྟོད་འགྲེལ་ནྰ་རོའི་འགྲེལ་ཆེན་སོགས་དུས་འཁོར་གྱི་ཆ་ལག་མང་པོ་ཞིག་གསན། གསང་བ་འདུས་པ་བུ་སྟོན་རིན་པོ་ཆེས་མཛད་པའི་ཡིག་ཆ་གང་ཡོད་ཀྱི་ལུང་ཡང་གསན། དེ་ནས་ཞ་ལུ་བའི་ལུགས་ཀྱི་ཡོ་ག་ལ་མཁས་པའི་བླ་མ་རྒྱལ་མཚན་གྲགས་པའི་དྲུང་དུ་ཡོ་གའི་གར་དབྱངས་ལ་སོགས་བསྐྱར་ནས་ཞུས།  བུ་སྟོན་རིན་པོ་ཆེས་མཛད་པའི་རྡོ་རྗེ་འབྱུང་བའི་རྣམ་བཤད་ཆེན་མོ་གསན་ཅིང་། གཞན་ཡང་དེ་ཉིད་བསྡུས་པ་དང་རྡོ་རྗེ་རྩེ་མོ། དཔལ་མཆོག གོ་ས་ལས་རྒྱན། དཔལ་མཆོག་གི་འགྲེལ་ཆེན་ལ་སོགས་པ་རྒྱུད་དང་འབྲེལ་བ་དཔག་ཏུ་མེད་པ་གསན། དེ་ལྟར་སྤྱི་ལོ་1392ལས་མཇུག་སྒྲིལ་བའི་སྐབས་སུ་རྗེ་ཙོང་ཁ་པས་བུ་སྟོན་ཐམས་ཅད་ཆེན་པོར་མངའ་བའི་གསང་སྔགས་ཀྱི་དབང་ལུང་མན་ངག་ཐམས་ཅད་ཆ་ཚང་བར་ཐོབ་སྟེ། བུ་སྟོན་རིན་པོ་ཆེ་གསང་སྔགས་ཀྱི་བསྟན་པའི་རྒྱུད་འཛིན་ཆེན་པོར་གྱུར་བ་བྱུང་།   དགུང་ལོ་སོ་ལྔ་བཞེས་པའི་སྐབས་སུ་རྗེ་ཙོང་ཁ་པ་ནི། བོད་དུ་བསྟན་པ་ཕྱི་དར་གྱི་དུས་སུ་བྱུང་བའི་གསང་སྔགས་གསར་མའི་བསྟན་པའི་བདག་པོར་གྱུར།  ཡས་མས་འདིར་བོད་ཀྱི་སྒོམ་ཆེན་པ་རྣམས་དང་མཁས་པ་སྡེ་སྣོད་འཛིན་པ་རྣམས་ལ་སྤྲིངས་ཡིག་གི་ཚུལ་ཏུ།  ནང་བའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ལས་བརྩམས་ཏེ་དོགས་སློང་གི་དྲ་བ་མང་པོ་ཞིག《དགེ་སྦྱོར་གྱི་གནད་ཀྱི་དྲི་བ་སྙན་བསྐུལ་བ་ལྷག་བསམ་རབ་དཀར》ཞེས་པ་སྤེལ།

ཆུ་སྤྲེལ1392ལོ་དགུང་ལོ་སོ་སོ་དྲུག་པར།  རྗེ་ཙང་ཁ་པ་དང་བླ་མ་དབུ་མ་བ་གཉིས་དགའ་བ་གདོང་གི་དགོན་པར་ཞལ་འཛོམས་ཐེངས་གཉིས་པ་བྱུང་ཞིང་དེ་ནས་བླ་མ་དབུ་མ་བ་བརྒྱུས་ནས་རྗེ་ཙོང་ཁ་པས་རྗེ་བཙུན་འཇམ་པའི་དབྱངས་ལ་མདོ་སྔགས་གཉིས་ཀའི་གནད་ལས་བརྩམས་ཏེ་དོགས་འདྲི་མང་པོ་ཞུ་ཐུབ་པ་བྱུང་། ཅུང་མ་མགོར་བར་རྗེ་ཙོང་ཁ་པ་རང་ཉིད་ནས་ཡི་དམ་གྱི་ལྷ་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ཐུབ་པ་བྱུང་ཞིང་དོགས་གནད་མང་པོ་བཀའ་འདྲི་གནང་།   ལོ་དེའི་དགུན་ཁར་རྗེ་ཙོང་ཁ་པས་བླ་མ་དབུ་མ་སྐྱེལ་མ་གནང་ནས་ལྷ་སར་འཛོམས་པ་ཆེས་མཇུག་མཐའི་ཞལ་འཛོམས་ཡང་ཡིན།   བོད་ཟླ་བཅུ་བའི་ནང་སྐུ་འཁོར་བརྒྱད་དང་ལྷན་དུ་སྐྱོར་མོ་ནས་འོལ་ཁ་ཁུལ་དུ་བྱ་བྲལ་ལ་ཕེབས་ཐོན་མཛད།   དེར་རྗེ་ཙོང་ཁ་པས་ལྟུང་བཤགས་དང་སྦྲགས་ནས་བརྒྱ་ཕྱག་མཛད་པའི་སྐབས་སུ་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུའི་སྣང་བ་གཟིགས་པ་ནར་མར་བྱུང་།  སྐབས་ཤིག་རྗེ་བཙུན་བྱམས་མགོན་གྱི་ཞལ་གཟིགས་ཀྱང་ཐོབ།   

ཆུ་བྱ1393ལོ་དགུང་ལོ་སོ་བདུན་པར་སྣེའུ་ནམ་མཁའ་བཟང་པོས་རྗེ་ཙོང་ཁ་པ་སྐུ་འཁོར་ལ་ཆེད་དུ་སྒྲུབ་ཁང་གསར་བ་ཞིག་བཞེངས་ཏེ་ཕུལ་བ་དེ་ལ་འོལ་ཁ་ཆོས་ལུང་ཟེར།   ལོ་དེའི་དབྱར་ཁར་རྗེ་ཙོང་ཁ་པ་བླ་སློབ་རྣམས་འོལ་ཁ་རྫིང་ཕྱིའི་བྱམས་པ་མཇལ་དུ་བྱོན།  ལོ་དེའེ་དགུན་ཁར་བླ་སློབ་རྣམས་འོལ་ཁ་ལས་ཆས་ཏེ།  འོལ་ཁ་དང་དེ་ཙམ་ཐག་མི་རིང་བའི་དྭགས་པོ་སྨན་ལུང་དུ་ཡོད་པའི་རྒྱ་སོག་ཕུར་བྱོན།   

ཤིང་ཁྱི1394ལོ་དགུང་ལོ་སོ་བརྒྱད་པའི་དཔྱིད་ཀར་སླར་ཡང་འོལ་ཁར་བྱོན་ཏེ་རྫིང་ཕྱིའི་བྱམས་སྐུ་ཞིག་གསོའི་ཐུགས་འགན་བཞེས་ཏེ་་ལས་དོན་བསྒྲུབས།  རྒྱ་སོག་ཕུར་ཡི་དམ་འཇམ་པའི་དབྱངས་ཀྱིས་བསྐུལ་བ་ལས།    རྒྱལ་བ་བྱམས་པའི་བསྟོད་པ《རིན་པོ་ཆེ་གསལ་བའི་སྒྲོན་མེ》དང《སྨོན་ལམ་ཞིང་མཆོག་སྒོ་འབྱེད》བྱ་བ་གཉིས་བརྩམས།  ལྷག་པར་དུ་རྫིང་ཕྱིའི་བྱམས་པའི་སྐུ་བརྙན་བྱིན་ཅན་དེར་ཆེད་དམིགས་ཀྱིས་རྒྱལ་བ་བྱམས་པ་ལ་བརྟེན་པའི་སྨོན་ལམ《གསེར་བཟང་མ》ཞེས་པ་ཐོལ་བྱུང་དུ་བརྩམས།    ཕྱིས་སུའང་རྗེ་ཙོང་ཁ་པས་བསྙེན་མཚམས་གཞན་ཞིག་ལྷོ་བྲག་ཀྱི་ས་ཆར་སྟོད་རི་ཉི་ཤར་ཞེས་པར་བཞུགས་སྐབས།   རྗེ་བཙུན་བྱམས་པ་མགོན་པོའི་བསྟོད་ཆེན་དུ་གྲགས་པའི་གསོལ་འདེབས་སྙན་འཇེབས་ལྡན་པ《བསྟོད་པ་ཚངས་བའི་ཅོད་པན》བྱ་བ་མཛད།   

ཤིང་ཁྱི1394ལོའི་ལོ་མཇུག་རིལ་བོ་དང་ཤིང་ཕག་1395པ་དགུང་ལོ་སོ་བརྒྱད་ནས་སོ་དགུ་པའི་དཔྱིད་ཀ་ནས་དབྱར་སྨད་ཙམ་བར།   རྗེ་ཙོང་ཁ་པ་བླ་སློབ་རྣམས་དབེན་གནས་བྱམས་པ་གླིང་དུ་བཞུགས་ཏེ་སོ་སོའི་སྒྲུབ་ཁང་ནང་སྔར་བཞིན་མཚམས་དམ་པོར་བཅད་དེ་སྒྲུབ་པ་མཛད།   

ཤིང་ཕག1395ལོ་དགུང་ལོ་སོ་དགུ་པའི་དབྱར་ཁའི་དཀྱིལ་དུ་བྱ་བྲལ་དུ་བྱོན་པའི་རྗེ་ཙོང་ཁ་པ་བླ་སློབ་རྣམས་འོལ་ཁ་ནས་ཐོན།   ལྷོ་བྲག་གྲུབ་ཆེན་ནམ་མཁའ་རྒྱལ་མཚན་དང་མཇལ་བར་བོད་ལྷོ་ཕྱོགས་ཁུལ་དུ་ཆགས་པའི་བྲ་བོ་དགོན་དུ་ཆས་ཤིང་དེ་ཀར་ཕན་ཚུན་ཆོས་ཞུ་རེས་མཛད་ནས།   ལྷོ་བྲག་གྲུབ་ཆེན་གྱི་དྲུང་ནས་རྗེ་ཙོང་ཁ་པ་ནས་ཚུར་ལ་གསན་པ་ནི།  ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་བརྒྱུད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བཀའ་བབས་གསུམ་གྱི་ཁྲིད།    ཕྱག་རྡོར་སྐུ་ལྔའི་རྗེས་གནང་།   ཞུ་ལན་རྡོ་རྗེའི་ཕྲེང་བ།    ཞུ་ལན་གཅེས་ཕྲེང་གི་ལུང་རྗེས་གནང་།    ཕྱག་རྡོར་ཁྱུང་ལྔའི་དབང་དང་རྗེས་གནང་།    དྲེགས་པ་ཀུན་འདུལ་གྱི་དབང་།   རྟ་མགྲིན་དཔའ་བོ་གཅིག་པ་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་གསན།   ལྷོ་བྲག་གྲུབ་ཆེན་ནས་རྗེ་ཙོང་ཁ་པའི་ཆེད་དུ་ཡི་དམ་ཕྱག་ན་རྡོ་རྗེ་ལ་བཀའ་འདྲི་མངཔོ་བྱས་ཤིང་།  《ཞུ་ལན་སྨན་མཆོག་བདདུད་རྩིའི་ཕྲེང་བ》ཡི་གེར་བཀོད་ནས་ལོ་གསུམ་གྱི་རྗེས་སུ་རྗེ་ཙོང་ཁ་པར་གནང་།   རྗེ་ཙོང་ཁ་པ་བླ་སློབ་རྣམས་ལྷོ་བྲག་བྲ་བོ་དགོན་ནས་ཆས་ཏེ་གཉལ་དུ་ཕེབས།  དེར་རྗེ་ཙོང་ཁ་པ་བླ་སློབ་བཞིས་བྲ་གོར་གྱི་དབེན་གནས་རིན་ཆེན་གླིང་དུ་མཁན་ཆེན་ཆོས་སྐྱབས་བཟང་པོའི་དྲུང་དུ་བྱོན།  སྐབས་ཤིག་ལ་མཁན་ཆེན་གྱིས་གོས་ཁ་གསུམ་འབྲེལ་གཅིག་ཕུལ་ནས་ཆོས་འབྲེལ་ཞུ་པར་བརྩམས་པ་ན།   དང་ཐོག་རྗེ་ཙང་ཁ་པས་མཁན་ཆེན་གྱི་དྲུང་ནས་ཨ་ཏི་ཤའི《བྱང་ཆུབ་ལམ་སྒྲོན》རྩ་འགྲེལ།    ཀུན་མཁྱེན་མཚོ་སྣ་བ་ནས་བརྒྱུད་པའི་ལམ་རིམ་ཆ་ཚང་གསན།  བྲ་གོར་གྱི་དབེན་གནས་ནས་ཐོན་ཏེ་རྗེ་ཙོང་ཁ་པ་སྐུ་འཁོར་ཉུང་ཤས་རྣམས་གཉལ་གྱི་ལོ་རོར་ཕེབས་ཤིང་།    ལོ་རོ་སྟོང་སྟག་ཏུ་ཐུགས་དམ་ལ་རྩེ་གཅིག་ཏུ་གཞོན་ཏེ་ཟླ་བ་ལྔ་ཙམ་བཞུགས།   

མེ་བྱི1396ལོ་དགུང་ལོ་བཞི་ཅུ་པའི་དབྱར་ཁ་དེར་རྗེ་ཙོང་ཁ་པས་དེང་ཡོངས་སུ་གྲགས་པའི་རྣམ་རྒྱལ་མའི་བསྟོད་པ《འཆི་མེད་གྲུབ་པ》ཞེས་པ་དེ་བརྩམས།   ལོ་དེའི་སྟོན་ཁར་ལྷོ་བྲག་གྲུབ་ཆེན་གྱིས་བཀའ་མངགས་བཞིན།   རྗེ་ཙོང་ཁ་པ་བླ་སློབ་སུམ་ཅུ་སྐོར་ཞིག་ཙྰ་རིའི་གནས་བསྐོར་ལ་བྱོན།  ཞག་འགའ་བཞུགས་རིང་ཙྰ་རིར་བཞུགས་པའི་མཚམས་པ་རྣམས་ལ་མང་ཇ་དང་གནང་སྦྱིན་མཛད།  ཙྰ་རིའི་མ་ཆེན་ལས་བབས་ནས་གཉལ་གྱི་ཕྱོགས་སུ་ཆས་ཤིང་གཉལ་སྨད་སེང་གེ་རྫོང་དུ་བྱོན།  སེང་གེ་རྫོང་དུ་བཞུགས་རིང་གསེར་ཕྱེ་འབུམ་པ་ལ་མཆོད་པ་རྒྱ་ཆེན་པོ་ཕུལ་ཞིང་།  དེར་འདུལ་བའི་ཆོས་མང་དུ་གསུངས།

མེ་གླང1397ལོ་དགུང་གྲངས་ཞེ་གཅིག་པའི་དཔྱིད་ཀར།   རྗེ་ཙོང་ཁ་པ་འཁོར་དང་བཅས་གཉལ་སྨད་སེང་གེ་རྫོང་ནས་ཐོན་ཏེ་གཉལ་གྱི་སྒང་ཆུང་དུ་བཞུགས།  འདི་ནས་སྐྱ་སེར་གཉིས་འདུས་པའི་མང་ཚོགས་རྒྱ་ཆེན་པོ་ལ་གསུང་ཆོས་ཐོག་མ་གནང་།   དེ་མིན་གཙོ་བོ་ཞིག་ནི་རྗེ་ཙོང་ཁ་པའི་བསྟན་པ་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་བཀའ་བཅུ་བ་དར་མ་རིན་ཆེན་རྗེ་ཙོང་ཁ་པར་མཇལ་བར་ཕེབས།  ཕྱིས་སུ་རྒྱལ་ཚབ་རྗེའམ་རྒྱལ་ཚབ་ཐམས་ཅད་མཁྱེན་པ་ཞེས་པའི་མཚན་ཆེ་བསྟོད་ཀྱིས་བསྙད་པ་བྱུང་།  རྗེ་ཙོང་ཁ་པ་གཉལ་དུ་བཞུགས་པའི་སྐབས་སུ།  གནས་དེར་སྣོད་བཅུད་གཉིས་ཀར་སྨན་པའི་ཆེད་དུ་ལོ་རེའི་ཆོས་སྟོན་ཞིག་གསར་འཛུགས་བྱས་པ།  ཕྱིས་སུ་གཉལ་གྱི་ལུང་རྭ་ཆེན་མོ་ཞེས་གྲགས་པར་འགྱུར་ཞིང་།   དེ་ནི་རྗེའི་ཆེན་བཞིར་གྲགས་པའི་གཉིས་པ་ཡིན།  གཉལ་སྟོད་དུ་བསྟན་འགྲོའི་དོན་མཛད་རྗེས།  དེའི་དབྱར་ཁར་སླར་ཡང་འོལ་ཁ་ཕྱོགས་སུ་བྱོན།  དེ་དུས་རྗེ་ཙོང་ཁ་པའི་ལྷན་དུ་འཁོར་སུམ་ཅུ་ལྷག་ཙམ་ཡོད།  དང་ཐོག་དྭགས་པོ་ཁོུལ་དུ་འོ་དེ་གུང་རྒྱལ་གྱི་ལྷ་གཞོལ་དབེན་གནས་ལྷ་ལྡིངས་སུ་བཞུགས་ཏེ།   ཐུགས་དམ་ཉམས་བཞེས་རྒྱུན་མར་སྐྱོང་བའི་ཐོག་སློབ་བུ་རྣམས་ལ་ཆོས་མང་དུ་གསུངས།   སྐབས་དེར་དམིགས་བསལ་ལྟ་བའི་སྐོར་ལ་འབད་པ་རྩེ་གཅིག་ཏུ་གཞོལ།   

དྭགས་པོ་སྨན་ལུང་ལྷ་སྡིངས་སུ་རྗེ་ཙོང་ཁ་པས་རྩ་ཤེའི་འགྲེལ་པ《བུདྷ་པྰ་ལི་ཏར》ཞིབ་ཏུ་གཟིགས་རྟོགས་མཛད་པས་རྐྱེན་བྱས་ཏེ།  སྐབས་ཤིག་ནམ་མཁའ་ནས་གློ་བུར་དུ་གློག་འཁྱུག་པ་ལྟ་བུས་ཟབ་མོ་དབུ་མའི་ལྟ་བ་ཐུགས་ལ་འཁྲུངས་པ་བྱུང་རྗེས།  ལོ་དེའི་དཔྱིད་ཀ་དང་དབྱར་ཁ་གཉིས་ལ་ལྷ་ལྡིངས་སུ་བཞུགས་ཏེ་སྟོང་བ་ཉིད་ཀྱི་སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ། རྗེ་ཙོང་ཁ་པས་དབུ་མའི་ལྟ་བ་མཐར་ཐུག་པ་ཐུགས་རྒྱུད་ལ་འཁྲུངས་པ་ལ་བརྟེན་ནས་སྟོན་པའི་ཡོན་ཏན་དང་བཀའ་དྲིན་ཤེས་ནས་ངེས་པ་རྙེད་པའི་དད་པ་མི་ཕྱེད་པ་འཁྲུངས་ཏེ།  ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་བབས་པ་ལ་སོགས་པའི་ལུས་ཀྱི་རྣམ་འགྱུར་ངང་གིས་འབྱུང་བཞིན་དུ།   ངག་ནས་ཀྱང་དགའ་དད་ཀྱི་ཚོར་བ་མི་བཟོད་པ་ལྟ་བུ་དེ་ཐོལ་བྱུང་གི་ཚུལ་དུ་ཐོན་ཏེ།  སངས་རྒྱས་བཅོམ་ལྡན་འདས་ལ་ཟབ་མོ་རྟེན་འབྲེལ་གསུངས་པའི་སྒོ་ནས《བསྟོད་པ་ལེགས་བཤད་སྙིང་པོ》ཞེས་བྱ་བ།   ཡོངས་གྲགས་ལ《རྟེན་འབྲེལ་བསྟོད་པ》ཞེས་པ་དེ་བརྩམས།1397ལོའི་སྟོན་ཁར་རྗེ་ཙོང་ཁ་འཁོར་བཅས་འོལ་ཁར་བྱོན།   དེའི་ལོ་མཇུག་དང་ས་སྟག་1398པ་དགུང་ལོ་བཞི་ཅུ་བའི་དཔྱིད་གཉིས་མགར་ཕུག་ཏུ་ཐུགས་དམ་རྒྱུན་མར་མཛད་པའི་ཐོག    འོལ་ཁ་ཁུལ་གྱི་དགེ་འདུན་པ་རྣམས་ལ་ཆོས་མང་དུ་གསུངས།   

ས་སྟག1398ལོ་དགུང་ལོ་ཞེ་གཉིས་པའི་ལོ་དེའི་དབྱར་ཁར་མགར་ཕུག་ནས་ཆས་ཏེ་ཨེའི་ཏེའུ་རར་ཕེབས་ལ།   དེར་དབྱར་གནས་མཛད་དེ་བཞུགས་ཤིང་།  ཨེའི་དགེ་འདུན་རྣམས་ལ་ཆོས་མང་དུ་གསུངས།   སྐབས་དེར་རྗེ་ཙོང་ཁ་པས་ཞལ་གདམས་སམ་སྤྲིངས་ཡིག་གཉིས་བརྩམས་པ་ནི《ལམ་རིམ་པ་མདོ་ཙམ་དུ་བསྟན་པ》དང་《ལམ་གཙོ་རྣམ་གསུམ》ཞེས་པ་དེ་ཡིན།   དེར་བཞུགས་རིང་ཉིན་གཅིག་རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ལས《བར་དོའི་དྲིན་ལན》གཟིགས་པས།    གསང་སྔགས་ཀྱི་གདམས་པའི་གནད་ཐུན་མོང་མ་ཡིན་པ་ལ་ངེས་ཤེས་ཆེན་པོ་རྙེད།   

ས་ཡོས1399ལོ་དགུང་ལོ་ཞེ་གསུམ་པའི་གནམ་ལོ་གསར་དུ་ཚེས་པར།   རྗེ་ཙོང་ཁ་པ་འཁོར་བཅས་ལྷར་ཡང་རྫིང་ཕྱིའི་བྱམས་པའི་གཙུག་ལག་ཁང་དུ་ཕེབས།   ལོ་དེའི་དཔྱིད་ཀར་རྫིང་ཕྱིར་རྗེ་ཙོང་ཁ་པས་རྒྱལ་ཚབ་དར་མ་གཙོ་མཛད་པའི་འདུལ་བ་འཛིན་པ་ཉིས་བརྒྱ་ལྷག་ལ་ཆོས་མང་དུ་གསུངས་ཤིང་།   ཉང་པོ་ཕྱོགས་ནས་དད་ལྡན་མང་པོས་གསོལ་བ་བཏབ་པར་བརྟེན་ཉང་པོ་མདངས་དགོན་པར་བྱོན་ནས་དབྱར་གནས་དེར་མཛད།   དེའི་དུས་སུ་རྗེ་ཙོང་ཁ་པའི་ཞངས་འབྲིང་དུ་ཕེབས་མཁན་སློབ་མ་དགེ་འདུན་པ་ཉིས་བརྒྱ་ལྷག་ཙམ་ཡོད་སྣང་བས།   བླ་སློབ་རྣམས་གནས་གཅིག་ནས་གཅིག་ཏུ་འཇོན་རྒྱུ་དེ་དཀའ་ཚེགས་ཅན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད།   སློབ་མ་བགྲེས་པ་བཀའ་བཅུ་པ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ནས་རྒྱུན་ཆགས་སུ་བཞུགས་སའི་དགོན་གནས་ཞིག་དགོས་པའི་བསམ་ཚུལ་ཕུལ་ཀྱང་རེ་ཞིག་བཀའ་ལན་མ་གནང་།   ལོ་དེའི་སྟོན་ཁར་ལྷ་སར་བྱོན་ནས་པོ་ཏྰ་ལར་བཞུགས་ཏེ།    གསང་ཕུ་དང་སྙེ་ཐང་བདེ་བ་ཅན།    ཚལ་གུང་ཐང་།    དགའ་བ་གདོང་།    སྐྱོར་མོ་ལུང་།    ཟུལ་ཕུ་དགོན་བཅས་ཀྱི་མཁན་པོ་རྣམས་ཀྱིས་གཙོས།    ལྷ་ས་ཁུལ་གྱི་དགོན་སྡེ་ཁག་ནས་ཆོས་ཞུར་ཕེབས་པའི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་ལ་དབུ་མ་སྣང་བ་དང་འདུལ་བ།   ལམ་རིམ་ལ་སོགས་པའི་ཆོས་མང་དུ་གསུངས།     

ལྕགས་འབྲུག1400ལོ་དགུང་ལོ་ཞེ་བཞི་བར།  རྗེ་ཙོང་ཁ་པ་དགའ་བ་གདོང་དུ་བྱོན།   དེར་སློབ་མའི་ཚོགས་ལ་འཕགས་པ་ཐོགས་མེད་ཀྱི《བྱང་སའི》ཚུལ་ཁྲིམས་ལེའུ་དང་སློབ་དཔོན་རྟ་དབྱངས་ཀྱི《བླ་མ་ལྔ་བཅུ་པ》《རྩ་ལྟུང་བཅུ་བཞི་པ》རྣམས་ཀྱི་བཤད་པ་ཞིབ་པར་གསན།   སྐབས་དེར་རྗེ་བཙུན་རེད་མདའ་བ་སྟོད་སྐྱིད་གྲོང་ནས་བྱོན་ཏེ་དབྱར་གནས་སྟག་ཚང་དུ་མཛད་དེ་བཞུགས་པ་གསན་པས།  དགའ་བ་གདོང་དུ་ཕྱག་ཕེབས་པར་གསོལ་བ་བཏབ་པ་ལྟར་ཕེབས་ཏེ།  བླ་སློབ་གཉིས་དགའ་བ་གདོང་དུ་སླར་ཡང་ཞལ་འཛོམས་བྱུང་།   དེར་གསུང་ཆོས་ཀྱི་རིམ་པ་རྣམས་ཡོངས་སུ་གྲུབ་རྗེས།   རྗེ་བཙུན་རེད་མདའ་བ་དང་རྗེ་ཙོང་ཁ་པ་གཉིས་དགའ་བ་གདོང་ནས་ཆས་ཏེ་དབེན་གནས་རྭ་སྒྲེང་ཕྱོགས་སུ་ཐོན།   ལོ་དེའི་དགུན་ཁར་རྭ་སྒྲེང་དུ་བཞུགས་ཤིང་དགེ་འདུན་གྱི་ཚོགས་ལ་གསབ་ཆོས་མང་པོ་གནང་།    

ལྕགས་སྦྲུལ1401ལོ་དགུང་ལོ་ཞེ་ལྔ་པའི་དཔྱིད་ཀར་རྭ་སྒྲེང་ནས་འབྲི་གུང་ཕྱོགས་སུ་བྱོན།   རྗེ་ཙང་ཁ་པ་འབྲི་གུང་བཀའ་བརྒྱུད་ཀྱི་མ་དགོན་འབྲི་གུང་མཐིལ་དུ་ཕེབས།  དེར་ཆོས་མང་ཏུ་གསུངས་ཤིང་རང་ཉིད་ཀྱིས་ཀྱང་འབྲི་གུང་ཆོས་རྗེའི་དྲུང་ནས་ནྰ་རོ་ཆོས་དྲུག་དང་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་སོགས་གསན།       སྐབས་དེར་ལོ་ཆེན་སྐྱབས་མཆོག་དཔལ་བཟང་ནས་གནམ་རྩེ་ལྡེང་དགོན་པར་ཞལ་འཛོམས་ཀྱི་གདན་འདྲེན་བསྐུལ་མ་འབྱོར་དོན།   རྗེ་ཙོང་ཁ་པ་འབྲི་གུང་མཐིལ་ནས་ཐོན་ཏེ་ལོ་ཆེན་གྱི་ཐུགས་རེ་བཞིན་གནམ་རྩེ་ལྡེང་གི་ཕྱོགས་སུ་བྱོན།   ཕར་ལམ་དུ་སྟག་ལུང་མདོར་རྗེ་བཙན་རེད་མདའ་བ་དང་ཞལ་འཛོམས།   སྟག་ལུང་རིན་པོ་ཆེ་བཀྲ་ཤིས་དཔལ་བརྩེགས་ཀྱིས་གདན་ཞུས་བསྐུལ་མ་བྱུང་བ་བཞིན་བླ་སློབ་གཉིས་སྟག་ལུང་དགོན་པར་ཕེབས།    དགེ་འདུན་པ་རྣམས་ལ་ཆོས་འབྲེལ་ཡང་མཛད།   སྟག་ལུང་ནས་རྗེ་རྣམ་པ་གཉིས་གནམ་རྩེ་ལྡེང་དུ་དབྱར་གནས་དེར་མཛད་པར་བྱོན།    སྐབས་དེར་གནམ་རྩེ་ལྡེང་དུ་དབུས་གཙང་གི་ཆོས་རྗེ་རྣམ་པ་གསུམ་སྟེ།    ལོ་ཆེན་སྐྱབས་མཆོག་དཔལ་བཟང་དང་རྗེ་བཙུན་རེད་མདའ་བ།   རྗེ་ཙོང་ཁ་པ་བཅས་དབྱར་གནས་རིང་ཞལ་འཛོམས་ཀྱིས་ཆོས་འབྲེལ་དང་ཆོས་ཀྱི་བགྲོ་གླེང་མང་པོ་མཛད།   རྗེ་ཙོང་ཁ་པའི་ངོས་ནས་གནས་འདིར་བཞུགས་རིང་རང་གི་བླ་མར་གསོལ་འདེབས་དང་གསེར་དངུལ་གྱི་འབུལ་སྣོད་རྒྱ་ཆེན་པོ་མཛད་ལ།   སྐབས་ཤིག་ལ།     ནྰ་མོ་གུ་རུ་མཉྫུ་གོ་ཥྰ་ཡ།

                              མཁས་པ་གཞོན་ནུའི་ལུས་འཆང་འཇམ་པའི་དབྱངས།།

                               མགོན་དེའི་རྣམ་དཀར་འཕྲིན་ལས་ཀྱིས་བསྐྲུན་པའི།།

                              དྲི་མེད་བློ་གྲོས་ཀུན་ཏུ་རབ་རྒྱས་པ།།

                               རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།།

                               ཚུལ་བཞིན་འབྱེད་ལ་གཞན་དྲིང་མི་འཇོག་པས།།

                               གངས་ཁྲོད་མཁས་པའི་ཁྲོད་དུ་ལྷམ་མེ་བ།།

                                རྒྱལ་སྲས་ཆེན་པོ་ཁྱོད་ལ་གསོལ་བ་འདེབས།།

      ཞེས་པ་བརྩམས་ནས་བླ་མ་རྗེ་བཙུན་རེད་མདའ་བ་ལ་ཕུལ།   ཡང་སྐབས་གཞན་དུ་གཤམ་གྱི་བསྟོད་པའི་ཚིགས་སུ་བཅད་པ་འདི་བརྩམས་ཏེ་ཕུལ།

                               དྲི་མེད་མཁྱེན་པའི་དབང་པོ་འཇམ་དཔལ་དབྱངས།།

                               ཚད་མེད་བརྩབའི་གཏེར་ཆེན་སྤྱན་རས་གཟིགས།།

                              གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ།།

                              གཞོན་ནུ་བློ་གྲོས་ཞབས་ལ་གསོལ་བ་འདེབས།།

                              ཐར་འདོད་བུང་བ་བདག་ཀྱང་བསྐྱབ་ཏུ་གསོལ།།

     རྗེ་བཙུན་རེད་མདའ་བས་ནི་བསྟོད་པའི་ཚིགས་བཅད་འདི་ལ་གཟིགས་ཏེ་ཚིགས་རྐང་རེ་གཉིས་ལ་འགྱུར་བ་ཅུང་ཟད་མཛད་དེ་རྗེ་ཙོང་ཁ་པར་སྩལ་པ་ནི།

                               དམིགས་མེད་བརྩེ་བའི་གཏེར་ཆེན་སྤྱན་རས་གཟིགས།།    

དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས།།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་པ།།     

བློ་བཟང་གྲགས་པའི་ཞབས་ལ་གསོལ་བ་འདེབས།།

ཞེས་པ་འདི་ཡིན།   འདི་ལ་ཕྱིས་སུ"བདུད་དཔུང་མ་ལུས་འཇོམས་མཛད་གསང་བའི་བདག།"ཅེས་པ་སྔར་རྗེ་ཙོང་ཁ་པས་ལྷོ་བྲག་གྲུབ་ཆེན་ལ་བསྟོད་པའི་ཚིགས་སུ་བཅད་པར་གསུངས་པ་དེ་བསྣན་པའོ།     

གནམ་རྩེ་ལྡེང་དུ་དབྱར་གནས་པ་གྲུབ་སྟེ་དགག་དབྱེ་ཐོན་རྗེས།    རྗེ་བཙུན་རེད་མདའ་བ་གཙང་དུ་ཕྱག་གཏེག ལོ་ཆེན་དང་རྗེ་ཙོང་ཁ་པ་རྣམ་གཉིས་འཁོར་དང་བཅས་པ་སླར་ཡང་རྭ་སྒྲེང་ལ་བྱོན་ཏེ།    དེར་བྲག་སེང་གེའི་གདོང་དུ་དབེན་གནས་བཏབ་སྟེ་བཞུགས།    སྐབས་དེར་བྱང་ཆུབ་ལམ་རིམ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་《ལམ་མཆོག་སྒོ་འབྱེད》ཅེས་པ་བརྩམས།  

ལྕགས་སྦྲུལ1401ལོ་དགུང་ལོ་ཞེ་ལྔ་པའི་སྟོན་ཁར་རྗེ་ཙོང་ཁ་པས་མ་འོངས་པར་རང་ཉིད་ཀྱི་བསྟན་བཅོས་ཀྱི་ནང་ནས་ཤུགས་རྐྱེན་ཆེ་ཤོས་སུ་འགྱུར་བའི《བྱང་ཆུབ་ལམ་རིམ་ཆེན་མོ》མཛད་པའི་དབུ་བརྩམས།  གྲུབ་རྗེས་སུའང་རྗེ་ཙོང་ཁ་པ་བླ་སློབ་རྣམས་རྭ་སྒྲེང་དུ་ད་དུང་ཡང་ལོ་གཅིག་ཙམ་ལ་བཞུགས་པར་སྣང་ལ།   དེར་བཞུགས་མུར་གཞུང་རྩོམ་པའི་འདུན་པ་དང་འབད་པ་མ་དོར་བར།   རིམ་པས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་རྣམཔ་གསུམ་གྱི་ལག་ལེན་ཞིབ་ཏུ་སྟོན་པའི་གཞུང 《བྱང་སའི》ཚུལ་ཁྲིམས་ཀྱི་ལེའུའི་རྣམ་བཤད་《རྒྱལ་བོའི་གཞུང་ལམ》ཞེས་བྱ་བ་དང་།   《གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་རྣམ་བཤདདངོས་གྲུབ་སྙེ་མ།》སྔགས་ལུགས་ཀྱི་བཤེས་གཉེན་བསྟེན་ཚུལ་སྟོན་པའི་བསྟན་བཅོས་མཆོག་ཏུ་གྱུར་པ《བླ་མ་ལྔབཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང》ཞེས་བྱ་བ་རྣམས་བརྩམས།   དེ་དང་མཉམ་ཏུ་རྗེ་ཙོང་ཁ་པས་རང་ཉིད་ཀྱིས་གསར་དུ་བརྩམས་པའི《ལམ་རིམ་ཆེན་མོ》དེས་གཙོས་པའི་ཆོས་མང་ཏུ་གསུངས།   

གཞན་ཡང་ཤིང་སྤྲེལ1404ལོ་དགུང་ལོ་ཞེ་བརྒྱད་པའི་གནམ་ལོ་གསར་ཚེས་དང་བསྟུན་ཏེ་རྭ་སྒྲེང་དུ་སྔོན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གཉེན་ཡོད་དུ་ཆོ་འཕྲུལ་བསྟན་པའི་མཛད་པ་དེའི་དུས་དྲན་དུ་ཚེས་གཅིག་ནས་ཞག་བཅོ་ལྔའི་རིང་།རྗེ་ཙོང་ཁ་པ་བླ་སློབ་རྣམས་དང་རྭ་སྒྲེང་དུ་གཉུག་མར་གནས་པའི་འདུས་སྡེ་ཡོངས་ནས་མཆོད་པ་དང་སྨོན་ལམ་རླབས་ཆེ་བར་མཛད་ཅིང་འདི་ནི་སྔར་ས་ཡོས1399ལོར་རྫིང་ཕྱི་རྒྱལ་བ་བྱམས་པའི་མདུན་དུ་ཆོ་འཕྲུལ་གྱི་དུས་མཆོད་དུ་སྨོན་ལམ་རྒྱ་ཆེ་བ་ཞིག་མཛད་པ་དང་མཚུངས་བར་རྗེ་ཙོང་ཁ་པའི་ཆོ་འཕྲུལ་གྱི་དུས་ཆེན་དམིགས་ཀྱིས་རྒྱས་པར་མཛད་པ་ཐེངས་གཉིས་པ་དེ་ཡིན་ལ།  འདི་ཡང་ཕྱིས་ས་གླང1409ལོར་ལྷ་སར་ཆོ་འཕྲུལ་སྨོན་ལམ་གྱི་དུས་སྟོན་ཤིན་ཏུ་རླབས་ཆེ་བ་ཞིག་མཛད་པར་འགྱུར་བའི་སྟ་གོན་དུའང་སྨན་པ་བྱུང་ཡོད།

རྭ་སྒྲེང་དུ་ཆོ་འཕྲུལ་སྨོན་ལམ་གྱི་དུས་མཆོད་རྒྱས་པར་གནང་བ་ལེགས་པར་གྲུབ་རྗེས་རྗེ་ཙོང་ཁ་པ་འཁོར་བཅས་ལྷས་ཕུ་དགོན་གསར་དུ་བྱོན།  དགོན་པ་དེར་རྗེ་ཙོང་ཁ་པའི་ཚད་མ་རྣམ་འགྲེལ་གྱི་བརྗོད་བྱེད་གཙོ་བོ་རྣམས་རིགས་པའི་ལམ་ནས་དྲངས་ཏེ་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས་ནས་ཉམས་སུ་ལེན་ཚུལ་དང་སྦྱར་ཏེ་གསུངས།   

 དེ་ནས་མི་དབང་གྲགས་པ་རྒྱལ་མཚན་གྱིས་ནན་ཆེར་གསོལ་བ་བཏབ་པ་ལྟར།  རྗེ་ཙོང་ཁ་པ་འཁོར་བཅས་འོན་བདེ་ཆེན་དུ་བྱོན་ཏེ། དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་དུ་མ་འདུས་ཡོད་པ་དང་ལྷན་དུ་དབྱར་གནས་མཛད་ཅིང་བཞུགས། རང་ཉིད་ཀྱིས་གསར་དུ་བརྩམས་པའི《བྱང་ཆུབ་ལམ་རིམ་ཆེན་མོའི》བཀའ་ཁྲིད་དང་། གཞན་ཡང་དབུ་མ་དང་ཚད་མའི་དཀའ་བའི་གནས་དུ་མ་གྲོལ་བའི་ཆོས་མང་དུ་གསུངས།            

ཤིང་སྤྲེལ1405ལོ་དགུང་ལོ་ཞེ་དགུའི་དགུན་ཁར། རྗེ་ཙོང་ཁ་པ་དཔོན་སློབ་རྣམས་འོལ་ཁ་བྱམས་པ་གླིང་དུ་སྐུ་མཚམས་ཤིན་ཏུ་དམ་པར་གནང་སྟེ་ཐུགས་དམ་ལ་ལྷུར་ལེན་མཛད་པའི་སྐབས་སུ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་སྣང་བ་བྱུང་། དེ་འཕྲལ《རྣམ་བཞག་རིམ་པའི་རྣམ་དཔྱད》མཛད་དེ་དོན་གཉེར་ཅན་རྣམས་ལ་ཞིབ་ཏུ་གསུངས།

               གསང་སྔགས་ཀྱི་སྐོར་ལ་གཞུང་རྩོམ་པར་མཛད་པའི་གནས་འདི་རིམ་པས་གཞན་གྱིས་ཐོས་པར། མང་པོ་ཞིག་གིས་བསྐུལ་དོན་དུ་སྔར་ཕར་ཕྱིན་ཐེག་པའི་སྡོམ《བྱང་ཆུབ་ལམ་རིམ་ཆེན་མོ》མཛད་ཡོད་པ་དང་འདྲ་བར། ད་ནི་གསང་སྔགས་རྡོ་རྗེ་ཐེག་པའི་སྡོམ་ཆེན་པོ་ཞིག་རྩོམ་པར་ཞུ་ཞེས་གསོལ་བ་འདེབས་པ་བྱུངབས།  རྡོ་རྗེ་ཐེག་པའི་ལམ་གྱི་རིམ་པའམ་ཕྱིས《སྔགས་རིམ་ཆེན་མོར》གྲགས་པ་དེའི་རྩོམ་པའི་དབུ་བཙུགས་ཏེ། རྩོམ་པའི་བྱ་བར་རྩེ་གཅིག་ཏུ་གཞོལ་ཏེ་དགུང་ལོ་ཞེ་བརྒྱད་བཞེས་པ་ཤིང་བྱ1405ལོའི་ལོ་མཇུག་ཏུ་མདོ་སྔགས་ཀྱི་སྡོམ་ཆེན་པོ་གཉིས་ལས་གསང་སྔགས་ཀྱི་སྡོམ་ཆེན་པོ《སྔགས་རིམ་ཆེན་མོའི》རྩོམ་པ་ལེགས་པར་གྲུབ།  《སྔགས་རིམ་ཆེན་མོའི》མཚན་དངོས་ནི་《རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་ཕྱེ་བ》ཞེས་པ་དེ་ཡིན།         

              དེ་ཡང་རྗེ་ཙོང་ཁ་པའི་མདོ་སྔགས་ཀྱི་སྡོམ་ཆེན་པོ་གཉིས་ཀྱི་སྐོར་ལ་སྐབས་དེར་བོད་དུ་མཁས་པའི་གྲགས་པ་ཆེ་ཆེར་རྒྱས་བཞིན་པ་བོ་དུང་ཕྱོགས་ལས་རྣམ་རྒྱལ་གྱིས་ཀྱང་ཆེར་བསྔགས་ཏེ། རྗེ་ཙོང་ཁ་བ་ལ་འཕྲིན་ཡིག་ཅིག་ཕུལ་བའི་ནང་དུ།

ཁྱོད་ཀྱི་རྣམ་ཐར་ཆེན་པོའི་ཆེན་པོ་རྣམས།།           རིང་ནས་གནས་ཀྱང་མངོན་སུམ་བཞིན་དུ་མཐོང་།།

ཕར་ཕྱིན་སྔགས་ཀྱི་ལམ་རིམ་གཉིས་ཀྱང་མཐོང་།།  དུས་ཀྱང་བདག་ཡིད་སྤྲོ་དང་དགའ་བར་གྱུར།།

བདག་ནི་འཇིག་རྟེན་འདི་ནས་ཕ་རོལ་ཏུ།།            མྱུར་བར་དུས་ཀྱི་ཕོ་ཉས་མ་བོས་ན།།

སངས་རྒྱས་སྤྲུལ་སྐུ་ཁྱོད་ཉིད་མཇལ་བ་དང་།།       དེར་བཞུགས་མཁས་གྲུབ་རྣམས་དང་མཇལ་ནས་ཀྱང་།།

དམ་པ་ཁྱོད་དང་ཆོས་ཀྱི་བཀའ་ཆད་ལ།།              དེ་ཕྱོགས་བགྲོད་ལ་རྩེ་གཅིག་ཡིད་ཞུགས་པ།།

རྟག་ཏུ་ངུ་དེ་ཤེར་ཕྱིན་འཚོལ་བ་ལྟར།།      ཞེས་གསུངས་སོ།   

སྐབས་དེར་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས《བདུད་ལས་རྣམ་པར་རྒྱལ》དང་སྦྱིན་སྲེག་གི་ཆོ་ག་རྒྱས་པ་གཉིས་ཀྱང་བརྩམས།  

ཤིང་བྱ1406ལོ་དགུང་ལོ་ལྔ་བཅུ་བའི་དགུན་ཁར།  རྗེ་ཙོང་ཁ་པ་འོལ་ཁ་བྱམས་པ་གླིང་དུ་ལོ་གཉིས་བཞུགས་རྗེས་འོལ་ཁ་བྱང་ཆུབ་ལུང་དུ་བཞུགས་གནས་སྤོས་ཏེ།     དེར་སྡེ་སྣོད་འཛིན་པ་བརྒྱ་ཕྲག་ལ《སྔགས་རིམ་ཆེན་མོ》གསུངས།

མེ་ཕག་1407ལོ་དགུང་ལོ་ང་གཅིག་པར།   འོལ་ཁ་བྱང་ཆུང་ལུང་ནས་ཐོན་ཏེ་རྗེ་ཙོང་ཁ་འཁོར་བཅས་སྐྱིད་ཤོད་ལ་ཕེབས་ཤིང་།    ལོ་དེའི་དབྱར་གནས་སེ་རྭ་ཆོས་སྡིངས་ཀྱི་རི་ཁྲོད་དུ་བཞུགས།   སྐབས་དེར་མཁས་གྲུབ་དགེ་ལེགས་དཔལ་བཟང་རྗེ་རིན་པོ་ཆེའི་སློབ་མར་གྱུར།    ཉིན་གཅིག་ལ།  རྗེ་ཙོང་ཁ་པས་གུང་གུ་རུ་རྒྱལ་མཚན་བཟང་པོ་སོགས་སློབ་མ་བགྲེས་པ་འགའ་ཤས་ལ།    རང་རེ་ལ་བར་ཆད་ཀྱི་སྣང་བ་ཅུང་ཟད་སྣང་བས།  དེ་སེལ་བའི་ཕྱིར་ངེད་འདི་ནས་ཟླ་བ་འགའ་འགྲོ་གསུང་རྗེས།   གསང་སྟབས་ཀྱིས་ར་བྲག་ཁར་བྱོན།    དེར་སྐུ་མཚམས་ལ་བཞུགས་པའི་སྐབས་སུ་ 《དྲང་བ་དང་ངེས་པའི་དོན་རྣམ་པར་འབྱེད་པའི་བསྟན་བཅོས་ལེགས་བཤད་སྙིང་པོ》ཞེས་བྱ་བ།  ཕྱིས་མཚན་བསྡུས་ལ《དྲང་ངེས་ལེགས་བཤད་སྙིང་པོ》ཞེས་ཡོངས་སུ་གྲགས་པའི་དབུ་སེམས་གཉིས་ཀྱི་ལྟ་གྲུབ་ཀྱི་ལེགས་བཤད་རྨད་དུ་བྱུང་བ་དེ་བརྩམས། འདི་ལ་བརྟེན་ནས་བོས་བརྒྱུད་ནང་བསྟན་གྱི་མཚན་ཉིད་རིག་པའི་གཞུང་ལུགས་ནང་།   དྲང་ངེས་ཞེས་ལྟ་གྲུབ་ཀྱི་བསླབ་གཞིའི་སྡེ་ཚན་གལ་འགངས་ཅན་གསར་བ་ཞིག་ལོགས་སུ་གྲུབ་པའང་བྱུང་ཡོད།   

ས་བྱི1408ལོ་དགུང་ལོ་ང་གཉིས་པའི་དབྱར་ཁར།  རྗེ་ཙོང་ཁ་པ་སྐུ་འཁོར་གསུམ་ར་ཁ་བྲག་ཏུ་སྐུ་མཚམས་དམ་པོར་མཛད་བཞིན་པའི་སྐབས་སུ།   རྒྱ་ནག་ཏྰ་མིང་རྒྱལ་པོའི་གོང་མ་ཡུང་ལོའི་གསེར་ཡིག་པ་སེ་རྭ་ཆོས་སྡིངས་སུ་འབྱོར།    མི་དབང་གྲགས་པ་རྒྱལ་མཚན་དང་སྣེའུ་ནམ་མཁའ་བཟང་པོ་བཅས་པ་ངོ་ཆེན་ལ་སྦྲན་ནས་ཞུ་བ་ནན་གྱིས་ཕུལ་བས།   ར་ཁ་བྲག་ནས་སེ་རྭ་ཆོས་སྡིངས་སུ་ཚུར་ཕེབས་ཏེ་གསེར་ཡིག་པ་རྣམས་ལ་མཇལ་ཁ་གནང་།   ས་ཐག་རིང་བའི་རྒྱ་ནག་ལ་འབྱོན་པ་དགག་བྱ་ཆེ་ཞིང་དགོས་པ་ཆུང་བའི་རྒྱུ་མཚན་རྣམས་ཞིབ་པར་གསུངས་སྟེ་སྤྱན་མ་འདྲོངས་པས།    གདན་ཞུ་འབྱོར་བའི་ལན་དང་བཅས་གསེར་ཡིག་པ་རྣམས་རྒྱ་ཡུལ་དུ་ལོག     སེ་རྭ་ཆོས་སྡིངས་སུ་《ཊྰིཀ་ཆེན་རིགས་པའི་རྒྱ་མཚོར》ཡོངས་སུ་གྲགས་པ་དེ་རྩོམ་པར་མཛད།   1408ལོའི་ལོ་མཇུག་ཏུ་རྩོམ་པ་མཐར་ཕྱིན།  1408ལོའི་དབྱར་གནས་གྲོལ་ཏེ་དགག་དབྱེ་ཐོན་པ་དང་།   ཕག་གྲུ་མི་དབང་གྲགས་པ་རྒྱལ་མཚན་གྱིས་གསོལ་བ་བཏབ་པ་ལ་བརྟེན་ནས།   དབེན་གནས་སེ་རྭ་ཆོས་སྡིངས་ནས་ཐོན་ཏེ་སྐྱིད་སྨད་གྲུམ་བུ་གླིང་དུ་ཕྱག་བཏེགས།  སྐབས་དེར་མི་དབང་གྲགས་པ་རྒྱལ་མཚན་ལ་ལྷ་ལྡན་སྨོན་ལམ་ཆེན་མོ་འཚོགས་རྒྱུའི་ཐུགས་བཞེད་སྐོར་ལ་རོགས་དན་སྐུལ་མ་གནང་གནང་རྒྱུའི་གོ་སྐབས་ལེགས་པོ་ཐོབ་ཡོད་ལ།   ཕག་གྲུའི་སྡེ་སྲིད་མི་དབང་གིས་ཀྱང་རྗེ་བླ་མའི་ཐུགས་རེ་བཞིན།  བཀའ་ལུང་ཕྱོགས་ཀུན་ཏུབསྒྲགས་ཤིང་སྤེལ།  རྗེ་ཙོང་ཁ་པའི་ངོས་ནས་ཀྱང་འབྲི་གུང་དང་རྭ་སྒྲེང་ཚུན་ཆད།  འོལ་ཁ་ཡན་ཆད་ཀྱི་སྡེ་དགོན།  མི་ཆེན་ཡོན་བདག་བུ་སློབ་ཀྱི་ཚོགས་ལ་དད་འབུལ་བསྐུལ་བ་ཕྱོགས་ཕྱོགས་སུ་མངགས་ཏེ་ཐུགས་རྩོལ་ཆེར་མཛད། སྤྱིར་ལྷ་སའི་ཇོ་ཁང་མཇལ་བར་བོད་ཀྱི་ཕྱོགས་མཐའ་ཀུན་ནས་དད་ལྡན་མང་པོ་རྒྱུན་དུ་འབྱོར་བཞིན་པ་ཡིན་མོད།    སྐབས་དེར་བྱིན་ཅན་གྱི་གཙུག་ལག་ཁང་དེའི་གནས་སྟངས་དེ་ཙམ་ལེགས་པོ་མེད་པར་བརྟེན་སྨོན་ལམ་ཆེན་མོ་མ་ཚོགས་གོང་དུ་གཙུག་ལག་ཁང་ཕྱི་ནང་གཉིས་ཐད་ནས་ཉམས་གསོ་ཞིག་དགོས་པར་རྗེ་བླ་མས་གཟིགས་ཡོད།   དེ་ཡང་གཙུག་ལག་ཁང་གི་ལྷ་ཁང་སོ་སོའི་ནང་གི་བྲིས་སྐུ་དང་སྐུ་འབུར་དུ་དོད་པ་ཐམས་ཅད་ཐལ་རྡུལ་དང་དུ་དྲེག་གིས་གཡོགས་ནས་སྐུ་མདོག་ཙམ་ཡང་ཅི་ལྟར་ཡོད་ངེས་དཀའ་བར་གྱུར་ཡོད་ལ། དེ་བཞིན་དུ་ལྷ་ཁང་རྣམས་རྙིང་ཞིང་བཤིག་པ་དང་ལྷ་ཁང་ལ་ལར་སློང་མོ་བ་རྣམས་བསྡད་ནས་མེ་བུས་པ་དང་རྟེན་གྱི་སྟེང་དུ་ཟན་ཁུང་དང་གོས་ཧྲུལ་བཞག་པ་སོགས་བྱུང་ཡོད་པས།    སློང་མོ་བ་རྣམས་ལ་བཟའ་བཏུང་སོགས་བྱིན་ཏེ་གནས་གཞན་དུ་སྤོར་བཅུག་པ་དང་། གཙུག་ལག་ཉམས་གསོའི་རིང་ལ་མཚན་མོར་ལྷ་ཁང་རྣམས་ལ་སྒོ་ལྕགས་བརྒྱབ་ཏེ་བསྲུངས་།  རྗེ་ཙོང་ཁ་པའི་སྦྱིན་བདག་གཙོ་བོ་སྣེའུ་དཔོན་ནམ་མཁའ་བཟང་པོ་ནས། ལྷ་སར་དེ་སྔ་བྱུང་མ་མྱོང་བ་ལྟ་བུའི་དགེ་འདུན་གྱི་ཚོགས་ཤིན་ཏུ་ཆེན་པོ་ཞིག་སྨོན་ལམ་ཆེན་མོའི་རིང་འདུ་འཛོམས་འོང་ངེས་པ་རྣམས་ཀྱི་གསོལ་ཆས་སོགས་མཁོ་རྒུའི་ཆ་རྐྱེན་སྒྲུབ་པའི་འགན་འཁྱེར་ཅིང་།  རྗེ་ཙོང་ཁ་པ་རང་ངོས་ནས་ཀྱང་སྨོན་ལམ་ཆེན་མོའི་ཆེད་ཟུར་བཞག་གནང་བའི་དད་འབུལ་ཅི་ཡོད་པ་རྣམས་ཀྱང་བསྩལ།

སྣེའུ་དཔོན་ནམ་མཁའ་བཟང་པོས་རྗེ་བླ་མའི་ཐུགས་བཞེད་ལྟར་ལྷ་སའི་ཇོ་ཁང་གི་སྐུ་བརྙན་དང་ལྷ་ཁང་ཁག་གི་ལྡེབས་རིས་སོགས་ཉམས་གསོའི་ཆེད་དུ་ལྷ་བཟོ་བ་དང་གཙུག་ལག་ཁང་གི་ཕྱི་ནང་ལ་ཞིག་གསོ་བྱེད་པའི་ལས་བཟོ་བ་མང་པོ་བཀུག   རྗེ་ཙོང་ཁ་པ་རང་ངོས་ནས་ནི།   སྨོན་ལམ་ཆེན་མོའི་ཚོགས་སུ་འདོན་རྒྱུའི་སྨོན་ལམ་དང་གསོལ་འདེབས་སོགས་ཀྱི་ཆེད་དུ་མདོ་དང་འཕགས་ཡུལ་གྱི་མཁས་གྲུབ་རྣམས་ཀྱི་གསུང་བསྟན་འགྱུར་དུ་བཞུགས་པ་ལས་ཚིགས་བཅད་ཁག་གཅིག་འཏུས་ཏེ་མཆོད་འབུལ་གྱི་རིམ་པ་ཁྲིགས་སུ་སྡེབས།

ས་གླང་ 1409ལོ་དགུང་ལོ་ང་གསུམཔའི་ཟླ་བ་དང་པོའི་ནང་།   རྗེ་ཙོང་ཁ་པ་བླ་སློབ་རྣམས་གྲུམ་བུ་ལུང་ནས་ཕྱག་གཏེག་སྟེ་ལྷ་སར་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཆེད་དུ་ཕེབས།  སྐབས་དེར་དབུས་གཙང་ཙམ་དུ་མ་ཟད།   ཁམས་དང་ཨ་མདོ་ལྟ་བུའི་ཐག་རིང་གི་ཡུལ་ནས་ཀྱང་ཆེད་དུ་འབྱོར་བའི་དགེ་འདུན་པའང་འཛོམས་པ་སོགས་ཀྱིས།  དགེ་འདུན་པ་སྟོང་ཕྲག་བརྒྱད་ལྷག་ཙམ་སྨོན་ལམ་ཆེན་མོར་མཉམ་ཞུགས་བྱེད་པར་ལྷ་སར་འཛོམས།   

རྗེ་ཙོང་ཁ་པའི་ཐུགས་འདུན་ཆེན་པོས་སྐུལ་ཞིང་འབད་པ་དུ་མའི་སྒོ་ནས་ལྷ་ས་གཙུག་ལག་ཁང་དུ་སྨོན་ལམ་ཆེན་མོ་ཚོགས་པ་འདིའི་གནད་འགག་དང་དགོས་དོན་ཅི་ཡིན་ཞེ་ན་དེ་ནི་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་རྒྱ་གར་གྱི་ཡེ་ཤེས་མཉམ་ཡོད་དུ་མཆོད་ཆོ་འཕྲུལ་གྱི་མཛད་པ་ཁྱད་པར་ཅན་བསྟན་པ་དེའི་རྗེས་དྲན་ཞུ་བའི་ཆེད་ཡིན་ལ་བོད་ཀྱི་ལོ་ཐོ་ལྟར་ན་དེ་ལྟ་བུའི་གཟིམ་ཁྲིད་ཀྱི་མཛད་པ་བསྟན་པའི་དུས་དེ་བོད་ཟླ་དང་པོའི་ནང་འཁེལ་བར་བརྟེན་བོད་ལོའི་ཟླ་བ་དང་པོ་དེ་ལ་ཆོ་འཕྲུལ་གྱི་ཟླ་བ་ཞེས་ཀྱང་སྲིད།

1409ལོའི་ལོ་གསར་བའི་སྐྱ་རེངས་ཤར་བ་དང་།    རྗེ་ཙང་ཁ་པ་ཆེན་པོས་ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་ཚོགས་ཐུན་དང་པོར་བཅར་ནས་ཏེ་དེའི་དབུ་བཞུགས་མཛད།  ཚེས་བཅུ་དྲུག་ཉིན་སྨོན་ལམ་ཆེན་མོ་ལེགས་པར་གྲུབ།   སློབ་མ་བགྲེས་གྲས་རྣམས་ཀྱིས་སྔར་ནས་བསྐུལ་མ་བྱུང་བའི་འདོད་དོན་དེ་འགྲུབ་པའི་ཆེད་དུ།  རྒྱལ་ཚབ་རྗེ་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་གཙོས་པའི་སློབ་མ་ཉུང་ཤས་དང་ལྷན་དུ་འབྲོག་རི་བོ་ཆེར་ཕེབས་ཏེ། དེར་ས་བརྟག་དཔྱད་པར།    གནས་དེར་བཤད་སྒྲུབ་ལོངས་སྤྱོད་རྒྱས་པའི་ལྟས་ཤིན་ཏུ་ལེགས་པར་གཟིགས།  རི་དེ་ལ་དབང་བསྐུར་རི་ཞེས་ཟེར་ཞིང་།  ས་འདུལ་གྱི་ཆོ་ག་རྒྱས་པར་མཛད་ཅིང་ལ་རྒྱལ་ཚབ་རྗེ་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ལ་དགོན་པ་འདེབས་ཚུལ་གྱི་བཀའ་ལུང་མང་པོ་བསྩལ་མུར།  རྗེ་ཙོང་ཁ་པ་རང་ཉིད་སེ་རྭ་ཆོས་སྡིངས་སུ་བྱོན་ཤིང་དེར་ཆོས་མང་དུ་གསུངས།     ལོ་དེའི་དབྱར་གནས་ལ་འོལ་ཁ་བས་གདན་དྲངས་པ་ལྟར།  རྗེ་བླ་མ་རང་ཉིད་རྣམ་ཀུན་ཐུགས་ལ་ཤིན་ཏུ་མོས་པའི་འོལ་ཁ་ཁུལ་ཏུ་བྱོན།   སྟོན་ཁར་ཁོང་གིས་སྐུ་མཚམས་དམ་པོར་བཅད་དེ།   གཙོ་བོ་རྡོ་རྗེ་ཐེག་པའི་ཉམས་ལེན་སྤྱི་དང་ཁྱད་པར་དུ་གསང་བ་འདུས་པའི་ཉམས་བཞེས་རྩལ་འདོན་དུ་མཛད་དེ་སྒྲུབ་པ་མཛད།  འོལ་ཁ་བསམ་གཏན་གླིང་དུ་བཞུགས་རིང་།    དཔལ་གསང་བ་འདུས་པའི་སྒྲུབ་ཐབས《རྣལ་འབྱོར་དག་རིམ》དང་དེའི་དཀྱིལ་མཆོག《དབང་དོན་དེ་ཉིད་རབ་གསལ》བྱ་བ་མཛད་ལ།   《རིམ་ལྔ་གསལ་སྒྲོན》རྩོམ་པའི་ཐུགས་ཀྱི་འདུན་པ་བཏང་།    ལོ་དེར་ཕྱིས་རྗེ་བླ་མའི་རྗེས་མཇུག་པ་དགེ་ལྡན་པ་ཡོངས་ཀྱིས་མ་དགོན་དུ་རྩི་བའི་དབེན་གནས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ།    

ལྕགས་སྟག1410ལོ་དགུང་ལོ་ང་བཞི་པའི་ཕྱི་ཟླ༣པའི་ཚེས11ཉིན།   དགའ་ལྡན་དགོན་པའི་རྨང་རྡོ་བཏིང་ནས་ལོ་འཁོར་གཅིག་ཙམ་གྱི་རྗེས་ས།  རྗེ་ཙོང་ཁ་པ་ཆེན་པོ་རང་ཉིད་ཀྱིས་གསར་དུ་བཏབ་པའི་དགའ་ལྡན་དགོན་པར་ཞབས་སོར་འཁོད།  གསར་དུ་བཞེངས་གྲུབ་པའི་དགོན་པ་འདུ་ཁང་དང་བཅས་པ་ལ་མདོ་རྒྱུད་ནས་བྱུང་བ་ལྟར་གྱི་རབ་གནས་ཀྱི་ཆོ་ག་རྒྱས་པར་མཛད་ཅིང་།   དགོན་པ་གསར་བའི་རབ་གནས་ཀྱི་རྟེན་འབྲེལ་དང་བསྟུན་ནས་རྗེ་བླ་མས་འདུ་ཁང་གསར་བའི་ནང་དུ་ཆོས་འབྲེལ་ཡང་རྒྱས་པར་མཛད།  རྗེ་ཙོང་ཁ་པ་རང་ཉིད་དང་རང་གི་འཁོར་དུ་གཏོགས་པའི་དགེ་འདུན་གྱི་འདུས་སྡེ་ལ།   གཏན་དུ་གནས་པའི་དབེན་གནས་དགོན་པ་གསར་པ་ཞིག་བྱུང་ཡོད་སྟབས།    དགོན་པ་འདིར་བཞུགས་པའི་དགེ་འདུན་པ་རྣམས་ཉིན་རེའི་ཀུན་སྤྱོད་དང་རྒྱུད་ཀྱི་ཉམས་ལེན་ལ་བསླབ་ཁྲིམས་ཞིག་གཏན་ལ་འབབ་དགོས་པའི་ཐུགས་འདུན་འཁྲུངས།  རྗེ་བླ་མས་རི་བོ་དགེ་ལྡན་གྱི་དགོན་པ་འདི་ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང་།   སྤོང་བ་བསམ་གཏན་གྱི་འཁོར་ལོ།   བྱ་བ་ལས་ཀྱི་འཁོར་ལོ་བཅས་འཁོར་ལོ་གསུམ་གྱི་བྱ་བ་རྣམས་ཆེ་ཆེར་འཕེལ་བའི་གསན་སུ་ཇི་ལྟར་འགྱུར་བའི་ཚུལ་ལ་ཐུགས་བཞེད་ནན་གྱིས་མཛད།  

ལྕགས་ཡོས1411ལོ་དགུང་གྲངས་ང་ལྔ་པའི་དཔྱིད་ཀར་རྗེ་བླ་མས་གནས་སྐབས་ཤིག་སྟེ་ལོ་ངོ་འགའ་ཙམ་གྱི་རིང་ལ་རི་ནས་མི་འབབ་པའི་དམ་བཅའ་བཞེས་ཏེ་དགའ་ལྡན་རང་དུ་ཐུགས་དམ་མཛད་དེ་བཞུགས།   དེའི་རིང་རྗེ་བླ་མས་གསང་སྔགས་ཀྱི་ཆོས་སྐོར་བའི་ཤུགས་རྐྱེན་ཆེ་ཤོས་ཀྱི་གྲས་སུ་གཏོགས་པའི་གསུང་རབ་ཤིན་ཏུ་གལ་འགངས་ཆེ་བ་གཉིས་བརྩམས་པར་མཛད། དེ་ལས་གཅིག་ནི་གསང་བ་འདུས་པའི་རྫོགས་རིམ་གྱི་མན་ངག་རྣམས་ཕྱོགས་གཅིག་ཏུ་བཏུས་ཏེ་གསལ་བོར་གཏན་ལ་འབེབས་པའི་རྣམ་བཤད་ཆེན་མོ《རིམ་ལྔ་གསལ་སྒྲོན》དུ་གྲགས་པ་དང་། ཅིག་ཤོས་ནི་གསང་བ་འདུས་པའི་རྫོགས་རིམ་གྱི་མན་ངག་ཐུན་མོང་མ་ཡིན་པ《རིམ་ལྔ་གདན་རྫོགས་ཀྱི་དམར་ཁྲིད》བཅས་ཡིན།  ལོ་དེའི་དགུན་སྟོད་ནས།  རྗེ་བླ་མས་གཙོ་མཛད་དཔོན་སློབ་སུམ་ཅུ་རྩ་གྲངས་ཀྱིས།   བླ་མའི་སྐུ་ཚེ་འཕེལ་བ་དང་བར་ཆད་ཟློག་པའི་ཐབས་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱས་པའི་འཁྲུལ་འཁོར་མང་དུ་མཛད་ནས་སྐུ་མཚམས་དམ་པོར་བཞུགས།  

ཆུ་འབྲུག1412ལོ་དགུང་ལོ་ང་དྲུག་པའི་དཔྱིད་ཀར་རྗེ་ཙོང་ཁ་པས་རང་གི་སློབ་མ་རྣམས་ལ་ད་ཕན་བར་དུ་སྐུ་ཚེའི་བར་ཆད་བཟློག་པའི་མཚན་མ་གསལ་བར་མ་བྱུང་བའི་ཚུལ་བཀའ་གནང་།   སྟོན་ཁ་ནས་སློབ་མ་རྣམས་ཀྱིས་མགྲིན་གཅིག་ཏུ་སྐུ་མཚམས་དམ་པོར་བཞུགས་པའི་གསོལ་བ་བཏབ་པ་ལྟར།  ཟླ་བརྒྱད་པའི་ཚེས་བདུན་ཉིན་ནས་རྗེ་ཙོང་ཁ་པ་རང་ཉིད་དང་ཉེ་སློབ་སུམ་ཅུ་རྩ་གྲངས་རྣམས་སྐུ་མཚམས་དམ་པོར་བཅད་ནས་ཐུགས་དམ་ལ་བཞུགས་མུར་སྐུ་རིམ་བསྒྲུབས་ནའང་།  རྗེ་བླ་མའི་སྐུ་ཁམས་ཅུང་མི་བདེ་བ་བྱུང་།  

ཆུ་སྦྲུལ1413ལོ་དགུང་ལོ་ང་བདུན་པའི་ལོ་གསར་ཚེས་པ་དང་སྔར་གྱི་ལུང་བསྟན་ཇི་བཞིན་རྗེ་ཙོང་ཁ་པ་སྐུ་ཁམས་སྙུན་པའི་འགོ་ཚུགས།  དེའི་སྐབས་སུ་རྒྱལ་ཚབ་རྗེས་གཙོས་མཛད་དགའ་ལྡན་དུ་ཡོད་པའི་དགེ་འདུན་བྱིངས་སང་།    རྗེ་བླ་མའི་སྐུ་འཁོར་དུ་ཡོད་པའི་ཉེ་བའི་སློབ་མ་རྣམས་དང་བཅས་པས།  གཡེལ་བ་མེད་པར་སྐུའི་རིམ་གྲོ་ཉིན་མཚན་འཁོར་ཡུག་ཏུ་བསྒྲུབས་ལ།  སྔོན་ཆད་གངས་རིའི་ཁྲོད་དུ་བླ་མའི་སྐུ་རིམ་བསྒྲུབས་པ་ལ་འདི་ལྟ་བུ་གཞན་མ་བྱུང་ཞེས་ཀུན་གྱིས་མཐུན་པར་གླེང་།  ལོ་མཇུག་ཙམ་ལ་གོང་མ་ཏྰ་མིང་རྒྱལ་པོས་རྗེ་ཙོང་པ་ཆེན་པོ་རྒྱ་ནག་ཏུ་སྐྱར་དུ་གདན་འདྲེན་ཞུ་བའི་འཕྲིན་ཡིག་འབྱོར། རྗེ་བླ་མ་རང་ཉིད་ད་དུང་ཡང་ཕེབས་རྒྱུའི་ཞལ་བཞེས་མ་གནང་མོད། སློབ་མ་བགྲེས་པ་བྱམས་ཆེན་ཆོས་རྗེ་རང་ཉིད་ཀྱི་ཚབ་ཏུ་རྒྱ་ནག་གོང་མའི་མདུན་སར་སྤྲིངས་ཡིག་དང་ལེགས་སྐྱེས་བཅས་བསྐུར་ཏེ་ཆེད་དུ་བརྫོངས་པར་མཛད།

ཤིང་རྟ1414ལོ་དགུང་ལོ་ང་བརྒྱད་པའི་དབྱར་ཀ་ཤར་བའི་སྐབས་སུ་ནི།  རྗེ་བླ་མ་སྙུན་གཞི་ལས་ལེགས་པར་དྭངས་ཟིན་ཏེ།   དགའ་ལྡན་དུ་སྔར་བཞིན་ཆོས་གསུངས་པ་དང་།   གསུང་རབ་རྩོམ་པའི་བྱ་བ་ལ་གཞོལ་བ་བཅས་ལ་འཇུག་པའི་དབུ་བརྩམས།  རྗེ་ཉིད་ཀྱིས་བརྩམས་པའི་གཞུང་གི་ནང་དུ་ད་དུང་སྟོང་ཆ་གལ་ཆེན་ཞིག་ལུས་ཡོད་པ་བཀང་བའི་ཆེད་དུ། གསང་འདུས་རྩ་རྒྱུད་ཀྱི་བཤད་པ་ཞིག་རྩོམ་པའི་ཐུགས་འདུན་བཏང་སྟེ།   དབྱར་ཁ་ནས་བཟུང་སྐུ་མཚམས་དམ་པོར་མཛད་པ་དང་བཅས།  གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པརྩོམ་པའི་བྱ་བར་ཞུགས།   《ས་བཅད་བསྡུས་དོན》དང་《མཐའ་དཔྱོད་རིན་པོ་ཆེའི་མྱུ་གུ》།  དཔལ་ལྡན་ཟླ་བའི《སྒྲོན་གསལ་མཆན་འགྲེལ》བཅས་བརྩམས།

མེ་སྤྲེལ1415ལོ་དགུང་ལོ་ང་དགུ་པའི་དབྱར་ཁར།   འབྲོག་རིམ་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི་རི་ལས་ཐོག་མར་བབས་ཏེ་ཕྱག་བཏེག  དེ་ནི་མི་དབང་གྲགས་པ་རྒྱལ་མཚན་གྱིས་ཆེད་དུ་གདན་ཞུས་ལྟར།   ཕག་གྲུའི་མ་དགོན་གདན་ས་མཐིལ་དང་ཐག་ཉེ་ལ་འོན་གྱི་ས་ཁོངས་སུ་གཏོགས་པའི་བཀྲ་ཤིས་དོ་ཁར་དབྱར་གནས་པར་ཞལ་གྱི་བཞེས་པའི་ཆེད་དུ་ཡིན།  དེ་དུས་ནས་རྗེ་དགེ་འདུན་གྲུབ་ཀྱིས་རྗེ་བླ་མའི་ཞབས་ལ་གཏུགས་ཡོད།  སྐབས་དེར་བཀྲ་ཤིས་དོ་ཁར་རྗེ་ཙོང་ཁ་ཆེན་པོའི་སྐུ་བརྙན་བྱིན་ཅན་བཀྲ་ཤིས་དོ་ཁ་མ་ཞེས་གྲགས་པ་བདུན་བྱུང་ཡོད་ལ། བྱིན་ཅན་གྱི་སྐུ་དེ་རྣམས་ཆེ་ཆུང་མཐོ་གཅིག་ཙམ་ལ་གཟུངས་ཞུགས་ཀྱི་ཁོངས་སུ། རྗེ་བླ་མས་བཀྲ་ཤིས་དོ་ཁར་དབུ་སྐྲ་ལན་བདུན་སྦྱར་བ་བདུན་པོ་སོ་སོའི་དབུ་སྐྲ་རྣམས་སྐུ་བརྙན་རེ་རེའི་ནང་དུ་བཞུགས་སུ་གསོལ་ཡོད་པ་དང་རབ་གནས་ཀྱང་རྗེ་བླ་མ་ཉིད་ཀྱིས་མཛད་པར་གྲགས། ཆོས་འཁོར་གྲུབ་རྗེས་ཀྱི་སྟོན་ཀར་རྗེ་བླ་མ་འཁོར་བཅས་འོན་གྱི་བཀྲ་ཤིས་དོ་ཁ་ནས་ཕྱིར་དགའ་ལྡན་དུ་ཕྱག་བཏེག    

              དགའ་ལྡན་དུ་ཕྱིར་ཕེབས་རྗེས།  སྔར་བས་ཀྱང་ཐུགས་བློ་བསྒྲིམས་ཏེ་ཐུགས་དམ་ཉམས་བཞེས་དང་།  སློབ་མར་ཆོས་འཁོར་བསྐོར་བ།  གསུང་རབ་རྩོམ་པ་སོགས་ཀྱི་བྱ་བ་འབའ་ཞིག་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་དེ།  《ལམ་རིམ་འབྲིང་པོར》གྲགས་པ་བརྩམས།  གྲུབ་རྗེས་རྗེ་བླ་མས་དཔལ་འཁོར་ལོ་སྡོམ་པའམ་བདེ་མཆོག་གི་ཆོས་སྐོར་རྩལ་འདོན་དུ་མཛད་དེ་གསུང་རབ་རྩོམ་པའི་དབུ་ཚུགས།   《དཔལ་འཁོར་ལོ་བདེ་མཆོག་གི་མངོན་པར་རྟོགས་པའི་རྒྱ་ཆེར་བཤད་པ་འདོད་འདོད་པ་འཇོ་བ》དང་《རྣལ་འབྱོར་གྱི་དབང་ཕྱུག་ལྰུ་ཨི་པའི་ལུགས་ཀྱི་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་སྒྲུབ་པའི་ཐབས་བདེ་མཆོག་གསལ་བ》དང་།  དེའི་སྟེང་རྒྱུན་འཁྱེར་གྱི་སྒྲུབ་ཐབས《དཔལ་འཁོར་ལོ་བདེ་མཆོག་ལྰུ་ཨི་པའི་མངོན་རྟོགས་ངག་འདོན་གྱི་ཆོ་གའི་རིམ་པ》དང་《བདེ་མཆོག་གི་རྫོགས་རིམ་གྱི་རྣམ་བཤད་དངོས་གྲུབ་སྙེ་མ》    《རྣལ་འབྱོར་གྱི་དབང་ཕྱུག་ལྰུ་ཨི་པའི་ལུགས་ཀྱི་རྫོགས་རིམ་རྣལ་འབྱོར་ཆེན་པོའི་ཁྲིད་ཀྱི་རིམ་པ་མདོར་བསྡུས་པ》 《བདེ་མཆོག་ལུས་དཀྱིལ་གྱི་མངོན་རྟོགས་དགོངས་པ་རབ་གསལ》 《རྣལ་འབྱོར་དབང་ཕྱུག་དྲིལ་བུ་ལུགས་བདེ་མཆོག་ལུས་དཀྱིལ་གྱི་དབང་ཆོག་རིན་པོ་ཆེའི་བང་མཛོད》《དཔལ་འཁོར་ལོ་བདེ་མཆོག་རིམ་པ་ལྔ་བའི་བཤད་པ་སྦས་པའི་དོན་ལྟ་བའི་མིག་རྣམ་པར་འབྱེད་པ》   དེ་མིན་ནྰ་རོ་ཆོས་དྲུག་གི་ཁྲིད་ཡིག《ཡིད་ཆེས་གསུམ་ལྡན》སོགས་སྔ་རྗེས་སུ་བརྩམས་།

མེ་སྤྲུལ1416ལོ་དགུང་ལོ་དྲུག་ཅུ་བའི་དབྱར་ཁར་ཡངས་པ་ཅན་དུ་གྲགས་པའི་གཙུག་ལག་ཁང་གི་རྨང་བཏིངས་ཏེ་ཨར་ལས་འཕྲལ་མར་དབུ་ཚུགས། ལོ་མཇུག་ཏུ་གཙུག་ལག་ཁང་ཁྱམས་འདུ་ཁང་དང་བཅས་པའི་རྒྱ་ཁྱོན་ལ་ཀ་བ་བདུན་ཅུ་རྩ་གཉིས་ཡོད་པ་བརྩེགས་ཉིས་ཐོག་ཅན་གྲུབ་པ་བྱུང་ཞིང་རབ་གནས་རྨད་དུ་བྱུང་བ་རྒྱས་པ་མཛད།  གཞན་ཡང་ཚ་ཁོ་ངག་དབང་གྲགས་པས་མདོ་ཁམས་རྒྱལ་མོ་རོང་ནས་བསྐུལ་ངོར།  བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མའི་སྒྲུབ་ཐབས་རྒྱས་པ《རིན་པོ་ཆེ་ཟ་མ་ཏོག》ཅེས་བྱ་བ་བརྩམས།  

ས་ཁྱི1418ལོ་དགུང་ལོ་རེ་གཉིས་པར་རྗེ་བླ་མས་ཐུགས་ཁུར་བཞེས་ཏེ་ཆེད་དུ་བརྩམས་པའི་བསྟན་བཅོས་གལ་ཆེན་ཞིག་ནི།  དཔལ་ལྡན་ཟླ་བ་གྲགས་པའི《དབུ་མ་ལ་འཇུག་པ》རང་འགྲེལ་དང་བཅས་པའི་རྒྱ་ཆེར་འགྲེལ《དགོངས་པ་རབ་གསལ་》དུ་གྲགས་པ་དེ་ཡིན།  

ས་ཕག1419ལོ་དགུང་ལོ་རེ་གསུམ་པར་འཁོར་ལོ་བདེ་མཆོག་གི་རྩ་རྒྱུད་བདེ་མཆོག་བསྡུས་རྒྱུད་དུ་གྲགས་པ་དེའི་རྒྱ་ཆེར་བཤད་པ《སྦས་དོན་ཀུན་གསལ》ཞེས་བྱ་བ་བརྩམས།  མ་འོངས་མངོན་མཁྱེན་ལྟ་བུས་《རྣམ་ཤེས་གོང་དུ་འཕེ་བའི་རྒྱ་ཆེར་བཤད་པ་གསེར་གྱི་སྒོ་འབྱེད》ཅེས་པ་ཕྱིས་དགའ་ལྡན་འཕོ་ཁྲིད་ཆེན་མོར་གྲགས་པ་མཛད།   སྟོན་ཁ་ནས་བཟུང་།  རྗེ་བླ་མའི་ཞབས་ལ་མཚམས་མཚམས་སུ་སྙུན་ཟུག་བྱུང་བའི་འགོ་ཚུགས་ཤིང་།   སློབ་བུ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན། སྟོད་ལུང་ཆུ་ཚན་ལ་བྱོན་པར་ཞལ་གྱིས་བཞེས་ཤིང་།  དོན་གྱི་གཙོ་བོ་ནི་ལྷ་སའི་ཇོ་བོ་རིན་པོ་ཆེ་ལ་སླར་ཡང་ལན་གཅིག་མཇལ་ནས་ཏེ་བྱིན་ཅན་གྱི་སྐུ་དེའི་དྲུང་དུ་ཕྱག་མཆོད་དང་གསོལ་འདེབས་མཛད་པའི་སྐལ་བཟང་བདག་གིར་མཛད་པར་དགོངས་ནས།  ཉེ་གནས་ཉུང་ཤས་དང་བཅས་དགའ་ལྡན་ནས་ཕྱག་བཏེག    གཙུག་ལག་ཁང་དུ་ཇོ་བོ་ཤྰཀྱ་མུ་ནེ་ལ་མཆོད་པ་དང་གསོལ་འདེབས་རྒྱས་པར་མཛད་ཅིང་།    བསྟན་འགྲོའི་དོན་དུ་སྨོན་ལམ་ཡང་དཔག་ཏུ་མེད་པ་བཏབ།  ལྷ་ས་ནས་སྟོད་ལུང་གི་ཆུ་ཚན་ལ་བྱོན་ཅིང་།  འབྱོར་རྗེས་སུ་རྗེ་བླ་མས་ཆུ་ཚན་གྱི་ནང་དུ་ཞབས་སྦངས་པ་ཙམ་ལས་ཡུན་རིང་པོའི་ཆུ་ཚན་གྱི་བཅོས་ཐབས་ཞིག་མཛད་རྒྱུའི་ཐུགས་འདུན་བྱུང་མེད་ཅིང་།  སྐྱེ་བོའི་ཚོགས་མཐའ་ཡས་པ་ལ་ཆོས་དང་བྱིན་རླབས་ཀྱི་སྐྱེས་གནང་བ་དང་བསྔོ་བ་སྨོན་ལམ་མཛད་པ་སོགས་གནང་།  སྟོད་ལུང་ནས་དཔལ་ལྡན་འབྲས་སྤུངས་ཀྱི་དགོན་པར་བྱོན། ཕྱིར་དགའ་ལྡན་དུ་ཕེབས་སྐབས་སླར་ཡང་གཅུག་ལག་ཁང་དུ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ཕྱག་མཆོད་དང་གསོལ་འདེབས་རྒྱ་ཆེར་མཛད་རྗེས།  བྱམས་ཆེན་ཆོས་རྗེས་གསོལ་བ་ནན་གྱིས་བཏབ་པ་ལྟར་སེ་རྭ་ཆོས་སྡིངས་སུ་བྱོན་པ་དང་སེ་རྭ་ཐེག་ཆེན་གླིང་ཕྱག་བཏབ།   སེ་རྭ་ཆོས་སྡིངས་ནས་བདེ་ཆེན་རྩེ་ལ་ཕེབས་པ་དང་དེ་ནས་བྲག་དཀར།   དེ་ནས་གྲུགབཞིར་གདན་འདྲེན་བྱས་པ་ལྟར་འབྱོར།    དེ་ནས་ཕྱིར་དགའ་ལྡན་དུ་ཕེབས།    མཚན་མོའི་གུང་ཙམ་ནས་རྗེ་བླ་མ་སྐུ་ཁམས་ཅུང་ཞིག་མཉེལ་བའི་ཚུལ་བསྟན།   སྐུ་ཐང་ཆད་པའི་རྣམ་པས་སྐུ་ཁམས་ཉོག་པར་གསལ་ཙམ་གྱི་བར་ལ་ཉིན་ཞག་རེ་གཉིས་ཀྱི་རིང་དུ་སྐུ་རིམ་བསྒྲུབས།

བོད་ཟླ10པའི་ཚེས24དགོང་ཕྱི་མ་རིང་དུ་སོང་ཙ་ན།  རྗེ་བླ་མས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་མཆོད་པ་རྒྱས་པ་ཞིག་མཛད།   དེ་ལྟར་ཕག་ལོའི་ཟླ10པའི་ཚེས25ཉིན་དགུང་ལོ་རེ་གཉིས་པའི་ཐོ་རེངས་ལ་རྗེ་བླ་མ་སྤྱན་གཉིས་ཏིང་ངེ་འཛིན་གྱི་གཟིགས་སྟངས།    ཕྱག་གཡོན་པ་མཉམ་བཞག    གཡས་པ་མཆོག་སྦྱིན་པའི་ཕྱག་རྒྱ་མཛད་ནས།    གངས་ཅན་གྱི་གདུལ་བྱ་ལས་བཟང་པོའི་བསྒོ་སྐལ་ཟད་པའི་དོན་གྱིས་གཟིམ་ཁང་འོད་གསལ་སྦུག་ཏུ་དགོངས་པ་མྱ་ངན་ལས་འདས་སོ།  

རྗེ་བླ་མའི་རྣམ་ཐར་གསར་བསྒྲིགས་ཀྱི་ལོ་ཚིགས་བཀོད་པ་འདི་ནི་རབ་རྒྱན་ཆུ་ཡོས་ལོའི་དགུན་དུས་སུ་སློབ་ཁྲིད་ཀྱི་ཞོར་ལ་རྗེའི་རྣམ་ཐར་གསར་བསྒྲིགས་ལ་ཞིབ་མཇལ་ཐེངས་གཅིག་བྱས་པའི་རྗེས་སུ་དད་པའི་སྤུ་ལོང་བར་མེད་གཡོས་པས། ཟིན་ཐོར་བྲིས་ཏེ་བཀོད་པ་ནི་དགེ་མིང་ཙམ་འཛིན་པ་རྟ་མགྲིན་རྡོ་རྗེ་ནས 2023 ལོའི་ཟླ་ 12པའི་ཚེས7ཉིན་ཏེ།  ཆུ་ཡོས་ལོའི་དགའ་ལྡན་ལྔ་མཆོད་ཉིན་ཡོངས་སུ་རྫོགས་པར་སྦྱར་བས་ཚེ་རབས་ཀུན་ཏུ་འཇམ་མགོན་རྒྱལ་བས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག །

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།