དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་གི་སྐོར་ཅུང་ཟད་གླེང་བ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-11-08 21:36:50     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དགེ་ལུགས་པའི་གྲུབ་མཐའི་སྲོལ་ནི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་པོས་ཕྱེས་ཤིང་། གྲུབ་མཐའ་འདིའི་ལྟ་སྒོམ་སྤྱོད་གསུམ་གཙང་ཞིང་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པས་ཅུང་མ་འགོར་བར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར།དེ་བས་དཔལ་ཡིད་བཟང་རྩེ་བ་ཆེན་པོས། དེང་དུས་ས་ཆེན་པོ་འདི་རྗེ་བཙུན་ཙོང་ཁ་པའི་གདུགས་དཀར་པོ་གཅིག་གིས་ཁྱབ་པར་བྱས་ནས་ཡོད་པ་ཡིན། ཞེས་དོན་ལ་གནས་པའི་བསྔགས་པ་བརྗོད་དོ།།

སྔོན་ཆད་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་ཅེས་ཆེད་དུ་དེབ་ཅིག་བརྩམས་པ་མེད་ཅིང་མཁས་པ་དག་ལ་མདོར་བསྡུས་པ་མི་དགོས་མོད། དགེ་ལྡན་པའི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་ལས་འཇུག་མི་ནུས་པའི་བློ་གྲོས་དམན་པ་དག་འཇུག་པར་བྱ་བའི་མདོར་བསྡུས་པ་ཞིག་ངེས་པར་མཁོ་སྟེ་རྒྱལ་དབང་ལྔ་བས།གུར་ཀུམ་ཚོས་ཀྱིས་བཙོས་པའི་ལ་བའི་ཞྭས།  །རང་རིགས་བསྟན་པ་ཟིན་ན་ཆེས་ལེགས་ཀྱི།  །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་ཚོགས།  །རྣམ་གཡེང་རྐུན་པོར་ཤོར་བའི་ལག་སྟོང་མང་།  །ཞེས་གསུངས་པ་ལྟར་དགེ་ལུགས་པར་ཁས་འཆེས་པ་མང་བོ་ཞིག་ལ་དགེ་ལུགས་པ་ག་འདྲ་ཡིན་པ་བརྡ་སྤྲོད་པའི་ཆེད་དུ་ཡིན་ཏེ།ཞང་སྟོན་བསྟན་པ་རྒྱ་མཚོས། བློ་གཟུར་བོར་གནས་དགོས་ཀྱི།ང་དགེ་ལུགས་པ། ཁྱེད་ཚོ་གཞན་ཕྱོགས་པ་ཡིན་ཞེས་ལ་རྒྱ་དང་ཕྱོགས་རིས་བྱེད་དོན་མེད་དོ་གསུངས།

དེ་བས་ཐུའུ་བཀྭན་གྲུབ་མཐའ་ལས། དགེ་ལུགས་པའི་གྲུབ་མཐའི་བྱུང་ཚུལ་དང་གྲུབ་མཐའི་རྣམ་གཞག་ཅུང་ཟད་བརྗོད་པ་དེ་དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་ཆགས་པའི་དབུ་ཚུགས་ཤིང་།དེ་ནི་གྲུབ་མཐའི་རྣམ་གཞག་ཐོག་མར་བརྩི་ཆོག རྗེ་བསྟན་པའི་སྒྲོན་མེས་དགེ་ལྡན་ལུགས་བཟང་རྒྱས་པའི་སྨོན་ལམ་དུ་དགེ་ལུགས་པའི་གྲུབ་མཐའ་གནད་བསྡུས་ནས་གསུངས་ཤིང་། དེར་རྗེ་དེ་ཉིད་ཀྱིས་རང་འགྲེལ་དང་ཞང་སྟོན་བསྟན་པ་རྒྱ་མཚོས་ཀྱང་འགྲེལ་བ་བརྩམས་ཡོད། དེ་གཉིས་ལ་བློ་གསལ་བ་དག་ལ་མཚོན་ན་དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་མཛུབ་མོས་རི་སྟོན་གྱི་ཚུལ་དུ་ཤེས་པ་ལ་ཤིན་ཏུ་ཕན་ནོ།

ལྷག་པར་རྗེ་བསྟན་པའི་སྒྲོན་མེས།རྗེ་བསྟོད་འགྲེལ་ཆེན་མོར་རྗེ་ཙོང་ཁ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གྱི་གནད་ཕྲ་ཞིང་ཞིབ་པ་མཁས་པ་དགྱེས་པའི་ལེགས་བཤད་ཀྱི་དགའ་སྟོན་རྒྱ་ཆེན་པོ་བསྟར་ཏེ། གྲུབ་མཐའ་དག་གཤིབ་བསྡུར་གྱིས་དགེ་ལྡན་པའི་གྲུབ་མཐའ་གཞན་ལས་ཁྱད་དུ་འཕགས་ཚུལ་རྒྱ་ཆེན་པོ་གསུངས་ཡོད།

ཞང་སྟོན་བསྟན་པ་རྒྱ་མཚོས།ཁོང་གིས་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་དྲང་བོའི་གཏམ་གྱི་ཚངས་པའི་ཐིག་ཅེས་པ་བརྩམས་ཏེ། གཞུང་འདི་མང་བོ་ཞིག་མེད་ཀྱང་དགེ་ལྡན་པའི་གྲུབ་མཐའ་དང་གྲུབ་མཐའ་སྨྲ་བའི་མཚན་ཉིད་དགེ་ལྡན་པའི་གྲུབ་མཐའི་མཚམས་སོགས་གསུངས་ཡོད། དེའི་རྗེས་སུའང་ཁོང་གིས་མུ་མཐུད་དུ་དགེ་ལུགས་པའི་གྲུབ་མཐའི་སྐོར་ལ་ཐུགས་འདང་གནང་སྟེ།ཁོང་གིས། རྗེ་བླ་མའི་རིང་ལུགས་གསལ་བར་ངོས་ཟིན་པ་ཞིག་ཨེ་ཡོང་གི་རེ་བས་ལོ་དུ་མའི་བར་དུ་དཔྱད་དེ་དགེ་ལྡན་པའི་གྲུབ་མཐའ་དེ་ཉིད་བྲིས་པ་ཡིན་ཡང་།སླར་ཡང་ཡུན་རིང་དཔྱད་དེ་གོ་བ་ཕྱོགས་ཙམ་ཤར་བ་སྙིང་བོར་དྲིལ་ཏེ་བཤད་པར་བྱའོ༎ཞེས་དགེ་ལྡན་རིང་ལུགས་གསལ་བྱེད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བརྩམས།

དེ་གཉིས་ཀྱི་གང་ཡིན་ཡང་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་མོད། ཞིབ་ཏུ་གསུངས་པ་མེད།༡༩༨༧ལོར་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གསར་འཛུགས་སྐབས་པཎ་ཆེན་ཆོས་ཀྱི་རྒྱལ་མཚན་གྱིས་བསེ་ཚང་སྐུ་ཕྲེང་དྲུག་པ་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་ལ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་གསལ་ཞིང་བསྡུས་པ་ཞིག་མྱུར་དུ་རྩོམ་དགོས་ཞེས་བཀའ་བབས་པ་བཞིན།ཁོང་གིས་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པ་འཇམ་མགོན་བསྟན་པའི་མཛེས་རྒྱན་བརྩམས་ཏེ། ༡༩༨༩ལོའི་བོད་ཟླ་བཅུ་གཅིག་པར་བཀྲ་ཤིས་ལྷུན་པོའི་མཆོད་སྡོང་བཀྲ་ཤིས་རྣམ་རྒྱལ་ལེགས་གྲུབ་ཀྱི་དགའ་སྟོན་སྐབས་ཁོང་ལ་མཆོད་སྤྲིན་དུ་ཕུལ།

བསེ་ཚང་གི་དགེ་ལུགས་པའི་གྲུབ་མཐའ་འདི་ནི་རི་བོ་དགེ་ལྡན་པའི་གྲུབ་མཐའ་དངོས་ཀྱི་སྐབས་སུ་གཙོ་བོ་རྒྱུ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག མདོ་སྔགས་འགལ་མེད་གྲོགས་སུ་འཁྱེར་བའི་ལམ་གྱི་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་གསལ་བར་བྱེད་པའི་ཚུལ་གསུམ་དུ་བསྡུས་ནས་གསུངས་ཤིང་། གྲུབ་མཐའ་འདི་ནི་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་ཆེས་རྒྱས་པ་དེ་ཡིན། མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པར་དགེ་ལྡན་པའི་ལོ་རྒྱུས་སྐོར་མེད་མོད། ཁོང་གི་གསུང་འབུམ་དུ་དགེ་ལྡན་པའི་ལོ་རྒྱུས་དང་བཅས་པ་བཞུགས་པས་དེ་ནི་དགེ་ལྡན་པའི་བསྟན་པ་ངོས་ཟིན་པའི་ཆེད་དུ་ངེས་པར་གཟིགས་དགོས་པའི་བསྟན་བཅོས་ཤིག་ཡིན།

གྲུབ་མཐའི་རྣམ་གཞག་འདི་ཉིད་དགེ་ལུགས་པའི་གྲུབ་མཐའི་གནད་བསྡུས་ནས་གསུང་བས་གོ་དཀའ་བ་ཡོད་ནའང་རྗེས་སུ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་པེ་ཅིན་ནང་བསྟན་སློབ་གླིང་དུ་འདི་ཉིད་ཁྲིད་པའི་སྒྲ་ཕབ་དེ་ཡི་གེར་བཀོད་དེ་དུང་དཀར་གྲུབ་མཐར་བསྡུས་ནས་གསུང་འབུམ་གྱི་གྲས་སུ་པར་དུ་བསྐྲུན་པ་དེ་བསེ་ཚང་གི་གྲུབ་མཐའ་དེ་ཉིད་གོ་བདེ་བར་བྱས་པས་དགེ་ལུགས་པའི་གྲུབ་མཐར་སྦྱོང་འདོད་པ་རྣམས་ལ་མཚོན་ན་མེད་དུ་མི་རུང་བའི་སློབ་དེབ་ཅིག་ཡིན།

བསེ་ཚང་གི་དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་དང་། དུང་དཀར་ཚང་གི་ཁྲིད་ཟིན་བཅས་གང་ཡིན་རུང་ལྟ་སྒོམ་སྤྱོད་པ་སོགས་གྲུབ་མཐའི་གནད་བསྡུས་པ་ལས། ཕྱོགས་ཡོངས་ནས་དགེ་ལུགས་པའི་གྲུབ་མཐའི་རྣམ་གཞག་ཅིག་བརྗོད་པ་མིན་ནའང་། འདི་ལ་མཚོན་ན་དགེ་ལུགས་པའི་གྲུབ་མཐའི་རགས་རིམ་ཙམ་རྟོགས་པ་ལ་སློབ་དེབ་རིན་ཐང་བྲལ་བ་ཞིག་ཡིན་ནོ༎

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།