རྣམ་ཐར་དང་ཆོས་འབྱུང་ཁག་ཅིག་གི་བྱུང་རིམ་དང་འབྲེལ་ནས་རྗེ་ཡབ་སྲས་ གསུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་སྐོར་ལ་ཐོག་མར་དཔྱད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2020-03-26 06:56:54     རྩོམ་པ་པོ།   སྣང་ར་སངས་རྒྱས།    ཀློག་ཐེངས།  

༄༅། །རྣམ་ཐར་དང་ཆོས་འབྱུང་ཁག་ཅིག་གི་བྱུང་རིམ་དང་འབྲེལ་ནས་རྗེ་ཡབ་སྲས་

གསུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་སྐོར་ལ་ཐོག་མར་དཔྱད་པ།

སྣང་ར་སངས་རྒྱས་དོན་འགྲུབ།

ནང་དོན་གནད་བསྡུས།  དཔྱད་རྩོམ་འདིར་རྗེ་ཙོང་ཁ་པ་ཡབ་སྲས་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་སོགས་ཡིག་ཆ་ཁག་ཅིག་གུང་བསྒྲིགས་ནས།  རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་ལ་རྗེ་ཡབ་སྲས་གསུམ་ཞེས་གྲགས་པའི་ཐ་སྙད་འདི་ནི།  རྗེ་ཡབ་སྲས་གསུམ་ཞལ་བཞུགས་པ་དང་དེའི་རྗེས་ཀྱི་དུས་ཡུན་ཐུང་ངུ་ཞིག་གི་ནང་བྱུང་བ་ཞིག་མ་ཡིན་པར། དེ་ནི་ཕྱིས་ཀྱི་རྣམ་ཐར་དང་ཆོས་འབྱུང་རྩོམ་པ་པོ་ཁ་ཅིག་གིས་སྡོམ་དུ་མཛད་པ་ཞིག་གམ། རྗེ་ཙོང་ཁ་པའི་རྗེས་སུ་སྲས་ཀྱི་ཐུ་བོ་གཉིས་རིམ་བཞིན་ཁྲི་བཞུགས་དང་སྲས་ཀྱི་ཐུ་བོ་གཉིས་ཀྱིས་རྗེ་ཙོང་ཁ་པའི་དགོངས་པ་འགྲེལ་བའི་བསྟན་བཅོས་མང་དུ་མཛད་པ་སོགས། རྒྱུ་ཚོགས་དུ་མ་ཞིག་ལ་བརྟེན་ནས་རིམ་བཞིན་རྒྱུན་ཆགས་བྱུང་བ་ཞིག་ཡིན་པར་གསལ་བཤད་དང་ར་སྤྲོད་བྱས་ཡོད།

མིང་བརྡ་གཙོ་བོ། རྗེ་ཡབ་སྲས་གསུམ། རྗེ་ཙོང་ཁ་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་།

གླེང་གཞི།

    དེ་ཡང་རི་བོ་དགེ་ལྡན་པའི་བསྟན་འཛིན་ཆེན་པོ་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ(1357-1419)དང་རྒྱལ་ཚབ་དར་མ་རིན་ཆེན།(1364-1432)མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)བཅས་ལ་དགེ་ལུགས་པའི་ཆོས་བརྒྱུད་འཛིན་པ་དག་གིས་ཡོངས་གྲགས་སུ་རྗེ་ཡབ་སྲས་གསུམ་ཞེས་འབོད་ཅིང་། ཕྱིས་བྱོན་སློབ་བརྒྱུད་འཛིན་པ་ཀུན་གྱིས་ཀྱང་རྒྱལ་ཚབ་མཁས་གྲུབ་གཉིས་ཀྱི་གསུང་ལ་རྗེ་བླ་མ་ཙོང་ཁ་པ་དང་དབྱེར་མེད་པར་ཚད་མར་འཛིན་ཞིང་ཕྱི་མོར་བྱེད་ལ། འཆད་ཉན་དང་ཐོས་བསམ་བྱེད་པའོ།  ། ཡིན་ནའང་། རྗེ་ཙོང་ཁ་པ་ཡབ་སྲས་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་སོགས་ཡིག་ཆ་ཁག་ཅིག་སྔ་ཕྱིའི་གོ་རིམ་ལྟར་གུང་བསྒྲིགས་ནས་ཞིབ་མོར་དཔྱོད་སྐབས། རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་གྱི་བགྲངས་ཚུལ་འདི་ནི། རྗེ་ཡབ་སྲས་ཞལ་བཞུགས་པའི་དུས་ནས་བྱུང་བ་ཞིག་མིན་པར།དེ་ནི་ཕྱིས་ཀྱི་རྣམ་ཐར་དང་ཆོས་འབྱུང་རྩོམ་པ་པོ་ཁག་ཅིག་གིས་སྡོམ་དུ་མཛད་པ་ཞིག་གམ། ཁྲི་རབས་རིམ་བཞུགས་སོགས་ཀྱི་ཆ་ནས་བགྲངས་ཚུལ་ལམ་འབོད་ཚུལ་རྒྱུན་ཆགས་སུ་གྱུར་བ་ཞིག་ཡིན་པར་མངོན།དེ་ནི་རྗེ་ཡབ་སྲས་གསུམ་དང་དུས་སྔ་གཞུག་ཏུ་བྱུང་བའི་རྣམ་ཐར་དང་ཆོས་འབྱུང་ཁག་ཅིག་ཏུ། དེ་མཐུན་གྱི་གྲངས་སྡོམ་དང་མཚན་གྱི་བགྲངས་ཚུལ་ལམ་འབོད་ཚུལ་མི་འབྱུང་བ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705)ལས་ཆེན་ཀུན་དགའ་རྒྱལ་མཚན་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་ཀྱིས། སྲས་ཀྱི་ཐུ་བོ་གཉིས་སམ་གསང་བདག་གིས་ལུང་བསྟན་པའི་བུ་ཆེན་གསུམ་སོགས་བཀོད་པ་མི་འདོད་པར། དེའི་ཚབ་ཏུ་རྒྱལ་བ་དགེ་འདུན་གྲུབ་དང་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་བཀོད་ནས་སྲས་ཀྱི་ཐུ་བོ་གསུམ་ཞེས་བརྗོད་པ་དང་། སྐབས་རེར་མཁས་གྲུབ་དགེ་ལེགས་དཔལ་བཟང་རྗེ་ཡབ་སྲས་གསུམ་གྱི་ནང་ནས་ཕྱིར་ཕྱུང་སྟེ།དེའི་ཚབ་ཏུ་རྒྱལ་བ་དགེ་འདུན་གྲུབ(1391-1474)འཇོག་རྒྱུའི་དགོངས་པ་ཡོད་པ་དང་། བཀའ་བརྒྱུད་པའི་མཁས་པ་འབྲུག་པ་པད་མ་དཀར་བོས(1527-1592)ཀྱང་སྔར་དེ་ལྟར་གསུངས་པ་སོགས་ལས་ཤེས་ཐུབ་བོ། །དེ་བས་ན་འདིར་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་རྗེ་ཙོང་ཁ་པའི་རྣམ་ཐར་གཙོའི། རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་སོགས་ཡིག་ཆ་ཁག་ཅིག་གི་བྱུང་འཕེལ་གཞིར་བཟུང་ནས། རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་སྐོར་ལ་དབྱེ་ཞིབ་ཅུང་ཟད་བྱེད་པ་ལ།

དང་པོ། རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་ཁག་ཅིག་གི་བྱུང་རིམ་སྐོར།

རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་ལ་ས་དགེ་བཀའ་རྙིང་སོགས་རིས་སུ་མ་ཆད་པའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་རྣམ་ཐར་བསྡོམས་པའི་དྲུག་ཅུ་ལྷག་ཡོད་པ་དང་། དགེ་ལུགས་པའི་ཆོས་བརྒྱུད་གྲུབ་མཐའ་བྱུང་ཚུལ་དང་འབྲེལ་བའི་ཆོས་འབྱུང་བཅུ་གྲངས་ཙམ་ཡོད་ནའང་། འདིར་དུས་ཀྱི་སྔ་ཕྱི་ལྟར་གྲགས་ཆེ་བ་ཁག་ཅིག་དང་སྐབས་སུ་བབ་པ་ཁ་ཤས་ཀྱི་བྱུང་རིམ་སྐོར་ངོ་སྤྲོད་རགས་ཙམ་ཞུ་ན།དེ་ཡང་སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོས(1385-1438)རྗེ་ཙོང་ཁ་པ་ཞི་བར་གཤེགས་པའི་རྗེས་ཀྱི་སྤྱི་ལོ 1419-1432 ལོ་བར་མཛད་པའིརྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས[1]དངརྗེ་རིན་པོ་ཆེའི་གསང་བའི་རྣམ་ཐར་རིན་པ་ཆེའི་སྙེ་མཔཎ་ཆེན་བློ་གྲོས་ལེགས་བཟང་གིས་མཛད་པའིརྗེ་རིན་པོ་ཆེའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན་བྱིན་རློབས་ཀྱི་ཆར་རྒྱུན་དངོས་གྲུབ་ཀྱི་གཏེར་འབྱེད་རིན་པོ་ཆེའི་ཕྲེང་བ[2]རྟོགས་ལྡན་འཇམ་དཔལ་རྒྱ་མཚོས(1356-1428)མཛད་པའིརྗེ་བཙུན་ཙོང་ཁ་པ་ཆེན་མོའི་རྣམ་ཐར་ཆེན་མོའི་ཟུར་འདེབས་རྣམ་ཐར་ལེགས་བཤད་ཀུན་འདུས[3] གུང་རུ་རྒྱལ་མཚན་བཟང་བོས(1386-1450)མཛད་པའིརྗེ་ཙོང་ཁ་པ་ཆེན་མོའི་རྣམ་ཐར་ལེགས་བཤད་སྒྲོན་མེ[4]གནས་རྙིང་བ་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན(1446-1496)གྱིས་སྤྱི་ལོ1492ལོར་མཛད་པའིརྒྱལ་བ་བློ་བཟང་གྲགས་པའི་རྣམ་ཐར་དད་པའི་འཇུག་ངོགས[5] ཟང་ཟིང་ནེ་རིང་བ་འཆི་མེད་རབ་རྒྱས་ཀྱིས་སྤྱི་ལོ1470ལོར་ མཛད་པའིརྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོང》《རྗེ་ཙོང་ཁ་པ་ལ་བུ་ཆེན་བྱོན་ཚུལ་གྱི་རྣམ་ཐར་གསེར་གྱི་མཆོད་སྡོང་གི་ཁ་སྐོང་གསེར་གྱི་མྱུ་གུ རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ་གྱི་རྣམ་ཐར་ནོར་བུའི་བང་མཛོད》《རྗེ་བཙུན་ཙོང་ཁ་པ་ཆེན་པོས་འཆད་རྩོད་རྩོམ་གསུམ་མཛད་ཚུལ་གྱི་རྣམ་ཐར་དད་ལྡན་དགའ་བྱེད[6]མཁས་གྲུབ་ནོར་བཟང་རྒྱ་མཚོས(1423-1513)སྤྱི་ལོ 1491 ལོར་མཛད་པའི རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་། དེ་ཉིད་ལ་སློབ་མ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་པ[7]ཀུན་མཁྱེན་འཇམ་དབྱངས་བཞད་པས(1648-1721)མཛད་པའིརྗེ་བཙུན་ཙོང་ཁ་པ་ཆེན་མོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་དང་ལྔ་གསུམ་པ་ཙིནྟ་མ་ཎའི་ཕྲེང་བ་ཐུབ་བསྟན་རྒྱས་བྱེད་ཕན་བདེའི་རོལ་མཚོ་ཆེན་མོ བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག(1606-1652)གིས་མཛད་པའི རྗེ་བློ་བཟང་གྲགས་པའི་རྣམ་ཐར་ཉུང་ངུར་བསྡུས་པ་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་པ བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱལ་མཚན(1606-1652)གྱིས་མཛད་པའིཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ་ཞེས་བྱ་བ་ལོག་རྟོག་ཞར་ཁེགས་དང་བཅས་པ སླེ་ལོང་བཞད་པའི་རྡོ་རྗེས(1617-མི་གསལ།མཛད་པའིཡང་དག་པར་རྫོགས་པའི་སངས་རྒྱས་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་སྲིད་གསུམ་དཔལ་འབར བྲག་གཡབ་བློ་བཟང་བསྟན་པས(1683-1739)མཛད་པའིཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་ལེགས་བཤད་ཉིན་མོར་བྱེད་པ ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས(1740-1810)ཀྱིས་མཛད་པའི རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས[8]སྒོ་མང་ཡེ་ཤེས་དོན་གྲུབ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའིརྗེ་ཙོང་ཁ་པ་ཆེན་མོའི་ངོ་མཚར་རྨད་དུ་བྱུང་བའི་རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་རོལ་བའི་འཇུག་ངོགསའབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལམི་གསལ-1862)གྱིས་སྤྱི་ལོ1843-1845 ལོའི་བར་མཛད་པའིའཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བསོགས་རྣམ་ཐར་གྲགས་ཆེ་བ་ཁག་ཅིག་དང་། དགེ་ལུགས་པའི་ཆོས་བརྒྱུད་གྲུབ་མཐའ་བྱུང་ཚུལ་དང་འབྲེལ་བའི་ཆོས་འབྱུང་ལ། རྗེ་ཡབ་སྲས་དང་དུས་མཉམ་པའི་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་ཆེན་པོ་འགོས་ལོ་གཞོན་[9]ནུ་དཔལ(1392-1481)གྱིས་སྤྱི་ལོ1476-1478ལོར་མཛད་པའིདེབ་ཐེར་སྔོན་པོ[10]དང་། རྒྱལ་བ་དགེ་འདུན་གྲུབ་ཀྱི་སློབ་མ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་སྤྱི་ལོ 1505 ལོར་མཛད་པའི བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ[11] དེའི་སློབ་མ་དགའ་ལྡན་ཁྲི་རབས་བཅོ་ལྔ་བ་པཎ་ཆེན་བསོད་ནམས་གྲགས་པས(1475-1554)སྤྱི་ལོ1529ལོར་མཛད་པའིབཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱནམཁར་ནག་ལོ་ཙཱ་དཔལ་འབྱོར་རྒྱ་མཚོས་སྤྱི་ལོ1630ལོ་ཙམ་དུ་མཛད་པའིདགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་བོསྡེ་སྲིད་སངས་རྒྱས་རྒྱ་མཚོས(1653-1705)སྤྱི་ལོ1698ལོར་མཛད་པའིདགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་བོཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས(1737-1802) སྤྱི་ལོ1801ལོར་མཛད་པའི གྲུབ་མཐའ་ཤེལ་དཀར་མེ་ལོང སོགས་ཆོས་འབྱུང་དེབ་ཐེར་ཡང་ཁག་ཅིག་ཀྱང་སྔ་ཕྱི་ལྟར་བྱུང་ཡོད་དོ། །གཤམ་དུ་རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་སོགས་གོང་དུ་འབྱུང་བ་ཁག་གཟིགས་བདེ་སླད་རེའུ་མིག་ཏུ་བཀོད་ན་འདི་ལྟར།

རྣམ་ཐར་དང་ཆོས་འབྱུང་གི་མཚན་བྱང།

མཛད་པ་པོ།

འཁྲུངས་འདས།

མཛད་པའི་ལོ།

རྣམ་ཐར་དད་པའི་འཇུག་ངོགས།  

མཁས་གྲུབ་དགེ་ལེགས་

དཔལ་བཟང་།

1385-1438

1419-1432

གསང་བའི་རྣམ་ཐར་རིན་པ་ཆེའི་སྙེ་མ།

མཁས་གྲུབ་དགེ་ལེགས་

དཔལ་བཟང་།

1385-1438

མི་གསལ།

རྗེ་བཙུན་ཙོང་ཁ་པའི་རྣམ་ཐར་ཆེན་མོའི་ཟུར་འདེབས་ལེགས་བཤད་ཀུན་འདུས།

རྟོགས་ལྡན་འཇམ་དཔལ་

རྒྱ་མཚོ།

1356-1428

མི་གསལ།

རྗེ་རིན་པོ་ཆེའི་རྣམ་ཐར་རབ་གསང་རྨད་བྱུང་གཏམ་གྱི་དགའ་སྟོན།

རྗེ་ལེགས་པ་བཟང་བོ།

མི་གསལ།

མི་གསལ།

རྗེ་བཙུན་ཙོང་ཁ་བ་ཆེན་མོའི་རྣམ་ཐར་གྱི་འགྲེལ་བ་ལེགས་བཤད་སྒྲོན་མེ།

གུང་རུ་རྒྱལ་མཚན་བཟང་བོ།

1386-1450

མི་གསལ།

རྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོང་དང་དེའི་ཁ་སྐོང་གསེར་གྱི་མྱུ་གུ།

ཟང་ཟིང་ནེ་རིངས་པ་འཆི་མེད་རབ་རྒྱས།

མི་གསལ།

1470ལོ།

རྗེ་ཙོང་ཁ་པའི་འཆད་རྩོད་རྩོམ་གསུམ་གྱི་རྣམ་ཐར་དད་ལྡན་དགའ་བྱེད།

ཟང་ཟིང་ནེ་རིངས་པ་འཆི་མེད་རབ་རྒྱས།

མི་གསལ།

1470ལོ།

རྗེ་ཙོང་ཁ་པའི་མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ནོར་བུའི་བང་མཛོད།

ཟང་ཟིང་ནེ་རིངས་པ་འཆི་མེད་རབ་རྒྱས།

མི་གསལ།

1470ལོ།

རྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་དེ་ཉིད་ལ་

སློབ་མ་ཇི་ལྟར་བྱུང་ཚུལ།

མཁས་གྲུབ་ནོར་བཟང་

རྒྱ་མཚོ།

1423-1513

1491ལོ།

རྒྱལ་བ་བློ་བཟང་གྲགས་པའི་རྣམ་ཐར་

དད་པའི་འཇུག་ངོགས།

ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན།

1446–1496

1492ལོར།

རྣམ་ཐར་ངོ་མཚར་བའི་གཏམ་བརྒྱ་རྩ་

བརྒྱད་པ།

བ་སོ་སྤྲུལ་སྐུ་ངག་དབང་ཆོས་ཀྱི་དབང་ཕྱུག

1606–1652

མི་གསལ།

རྣམ་ཐར་ངོ་མཚར་ལུང་བསྟན་གྱི་རོལ་མོ།

བྲག་སྒོ་རབ་འབྱམས་པ།

མི་གསལ།

མི་གསལ།

རྗེ་ཙོང་ཁ་པའི་རྣམ་ཐར་རས་བྲིས།

ཀུན་མཁྱེན་འཇམ་དབྱངས་བཞད་པ།

1648-1721

མི་གསལ།

རྗེ་བློ་བཟང་གྲགས་པའི་དཔལ་གྱི་རྣམ་ཐར་སྲིད་གསུམ་དཔལ་འབར།

སླེ་ལོང་བཞད་པའི་རྡོ་རྗེ།

1617-

མི་གསལ།

1675ལོར།

རྣམ་ཐར་ལེགས་བཤད་ཉིན་མོ།

བྲག་ཡབ་བློ་བཟང་བསྟན་པ།

1683-1739

མི་གསལ།

རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས།

ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས།

1740-1810

1791ལོའི་སྔོན།

རྣམ་ཐར་རྣམ་དཀར་དད་པ་རྒྱ་མཚོར་

རོལ་བའི་འཇུག་ངོགས།

ཡེ་ཤེས་དོན་གྲུབ་བསྟན་པའི་

རྒྱལ་མཚན།

མི་གསལ།

མི་གསལ།

རྗེ་ཙོང་ཁ་པའི་རྣམ་ཐར་ཐུབ་བསྟན་
  མཛེས་རྒྱན།

འབྲུག་རྒྱལ་དབང་བློ་བཟང་འཕྲིན་ལས་རྣམ་རྒྱལ།

མི་གསལ-1862

1843-1845

དེབ་ཐེར་སྔོན་པོ།

འགོས་ལོ་གཞོན་ནུ་དཔལ།

1392-1481

1478ལོར།

བཀའ་གདམས་ཆོས་འབྱུང་གསལ་བའི་

སྒྲོན་མེ།

ལས་ཆེན་ཀུན་དགའ་

རྒྱལ་མཚན།

མི་གསལ།

1505ལོར།

བཀའ་གདམས་ཆོས་འབྱུང་ཡིད་ཀྱི་

མཛེས་རྒྱན།

པཎ་ཆེན་བསོད་ནམས་གྲགས་པ།

1475-1554

1529ལོར།

དགའ་ལྡན་ཆོས་འབྱུང་དཔག་བསམ་སྡོང་བོ།

མཁར་ནག་ལོ་ཙཱ་དཔལ་འབྱོར་རྒྱ་མཚོ།

མི་གསལ།

1630ལོ་ཙམ་དུ།

དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་བོ།

སྡེ་སྲིད་སངས་རྒྱས་རྒྱ་མཚོ།

1653-1705

1698ལོར།

གྲུབ་མཐའ་ཤེལ་དཀར་མེ་ལོང་།

ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།

1737-1802

1801ལོར།

གཉིས་པ། རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་རྩད་ཞིབ་སྐོར།

  དེ་ཡང་གོང་དུ་སྔ་ཕྱི་ལྟར་བཀོད་པའི་རྣམ་ཐར་དང་ཆོས་འབྱུང་ཁག་ཅིག་གཞིར་བྱས་ནས་ཞིབ་ཏུ་དཔྱད་ན།  དུས་རབས་བཅུ་བཞི་དང་བཅོ་ལྔ་བའི་སྐབས་ཏེ་རྗེ་ཙོང་ཁ་པ་ཡབ་སྲས་ཞལ་བཞུགས་པའི་དུས་སུ་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་གྱི་བགྲངས་ཚུལ་ལམ་འབོད་ཚུལ་ནི་མ་བྱུང་བར་སྣང་སྟེ། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། རྗེ་ལེགས་པ་བཟང་བོ། གུང་རུ་རྒྱལ་མཚན་བཟང་བོ། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན། རྒྱལ་བ་དགེ་འདུན་གྲུབ་སོགས་རྗེའི་དངོས་སློབ་རྣམས་ཀྱིས་མཛད་པའི་རྣམ་ཐར་དང་བསྟོད་པ་ཁག་ན་མི་སྣང་ལ། རྗེ་ཡབ་སྲས་དང་དུས་ཐོག་མཉམ་པའི་རྗེའི་སློབ་མར་གྱུར་བ་འགོས་ལོ་གཞོན་ནུ་དཔལ་གྱིདེབ་ཐེར་སྔོན་པོརཡང་དེ་འདྲའི་གསུང་སྒྲོས་མི་སྣང་ངོ་། །རྗེ་ཙོང་ཁ་པར་སློབ་མ་མང་པོ་ཡོད་པ་ལས་བུ་ཆེན་གཙོ་བོ་དག་སྡེ་ཚན་ནམ་སྡོམ་དུ་བྱས་ནས་གྲངས་འདྲེན་མཛད་མཁན་ཐོག་མ་ནི། ཟིང་ཟིང་ནེ་རིངས་པ་འཆི་མེད་རབ་རྒྱས་ཡིན་པར་འདུག་སྟེ། ཁོང་གིས་སྤྱི་ལོ1470ལོར་མཛད་པའིརྗེ་ཙོང་ཁ་པའི་རྣམ་ཐར་གསེར་གྱི་མཆོད་སྡོངདུལུང་བསྟན་རྣམ་དག་ཡོད་པའི་བུ་ཆེན་ཐུགས་སྲས་བདུན་དང་། སྔོན་དུས་བྱ་བྲལ་མཛད་དུས་ཀྱི་ཕྱག་ཕྱི་བ་བློས་བཏང་བརྒྱད།  སྐུ་བསྙུང་དུས་བསྙུང་གཡོག་དང་སྐུ་རིམ་རྐང་འཛུགས་མཛད་པའི་བུ་ཆེན་བདུན། གདན་སའི་ལུགས་གཉིས་སྤེལ་བའི་བུ་ཆེན་མཁས་གྲུབ་བརྒྱད། ཡི་གེས་ཐུགས་ཟིན་པའི་བུ་ཆེན་གསུམ། འཕྲིན་ལས་རྩོད་པ་མེད་པའི་བུ་ཆེན་གསུམ[12]སོགས་བསྐྱར་ཟློས་བྱུང་བ་རྣམས་དོར་ཏེ་བརྩིས་ན་བསྡོམས་པའི་བུ་ཆེན་བདུན་ཅུ་ལྷག་སྡེ་ཚན་ཉི་ཤུར་ཕྱེ་ཡོད། འདི་ནི་ཕྱིས་ཀྱི་རྣམ་ཐར་དག་གིས་བགྲངས་ཚུལ་དང་མི་འདྲའོ། ། རྣམ་ཐར་འདིར་རྒྱལ་ཚབ་བསྟན་འཛིན་གྱི་བུ་ཆེན་རྩོད་མེད་རིན་པོ་ཆེ་གསུམ་ཞེས།རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན།(1374-1434) མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་སྡེ་ཚན་གཅིག་ཏུ་བྱས་འདུགའདི་དང་ཚུལ་མཚུངས་པ་དུས་ཕྱིས་རྒྱལ་བ་དགེ་འདུན་རྒྱ་མཚོས(1476-1542)མཛད་པའིཆོས་ཀྱི་རྒྱལ་བོ་བཙོང་ཁ་པ་ཆེན་པོ་སྲས་ཀྱི་ཐུ་བོ་གསུམ་གདན་སའི་རིམ་པ་དང་བཅས་པ་ལ་གསོལ་བ་འདེབས་པའི་ཚིགས་སུ་བཅད་པཞེས་པ་ལས་ཀྱང་། རྒྱལ་བའི་རྒྱལ་ཚབ་ཀུན་མཁྱེན་དར་མའི་ཞབས། །སྙིགས་དུས་བསྟན་པའི་སྲོག་ཤིང་འདུལ་བ་འཛིན། ། མཁས་གྲུབ་བསྟན་པའི་བདག་པོ་དགེ་ལེགས་དཔལ། །སྲས་མཆོག་ཆོས་རྗེ་གསུམ་ལ་གསོལ་བ་འདེབས། །[13]ཞེས་འབྱུང་ངོ་། །དེའི་ཕྱིས་མཁས་གྲུབ་ནོར་བཟང་རྒྱ་མཚོས(1423-1513)སྤྱི་ལོ1491ལོར་མཛད་པའིརྗེ་བཙུན་ཙོང་ཁ་པ་ཆེན་པོ་དང་།དེ་ཉིད་ལ་སློབ་མ་ཇི་ལྟར་བྱུང་བའི་ཚུལ་མདོ་ཙམ་བརྗོད་པཞེས་པརརྒྱལ་ཚབ་དར་མ་རིན་ཆེན་སོགས་གཙང་བ་དགུ་དང་། འདུལ་འཛིན་གྲགས་པ་རྒྱལ་མཚན་སོགས་དབུས་པ་བཅུ་གསུམ།ཚ་གོ་བ་མཁན་ཆེན་ངག་དབང་གྲགས་པ་སོགས་ཁམས་པ་བཞི། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་སོགས་མདོ་སྨད་པ། བྱང་སེམས་ཤེས་རབ་བཟང་བོ་སོགས་མངའ་རིས་པ་ལྔ[14]བཅས་བསྡོམས་པའི་ཞལ་སློབ་ཀྱི་གྲངས་སུམ་ཅུ་སོ་གཉིས་ཙམ་བགྲངས་ཡོད་པ་ལས། གོང་ལྟར་སྡེ་ཚན་དུ་ཕྱེ་བ་ནི་མི་སྣང་། དེའི་ཕྱིས་རྩེ་ཐང་བ་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་སྤྱི་ལོ 1505 ལོར་མཛད་པའིབཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེརདངོས་སློབ་བརྒྱ་དང་བཅུ་གཉིས་ཙམ་གྱི་མཚན་བཀོད་པ་ལས།བླ་མ་ཆོས་འབྲེལ་གསན་པ་གསུམ། བྱ་བྲལ་ལ་མ་ཐེགས་གོང་གི་སྔ་ཚར། བྱ་བྲལ་ལ་ཐེགས་དུས་ཀྱི་ཡི་དམ་གྱིས་ལུང་བསྟན་པའི་སློབ་མ་བརྒྱད། སྲས་ཀྱི་ཐུ་བོ་གཉིས། གསང་བདག་གི་ལུང་བསྟན་ལས་བྱུང་བའི་འཁོར་ཁྱད་པར་དུ་འཕགས་པ་གསུམ། སྐྱེ་བས་ཐོབ་པའི་བློ་གྲོས་ཐོགས་པ་མེད་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོ་བཅས[15] སྡེ་ཚན་དུ་ཕྱེས་པ་མ་གཏོགས།གཞན་རྣམས་རིམ་པ་བཞིན་མཚན་མཐུད་ནས་དྲངས་ཡོད།འདིར་སྲས་ཀྱི་ཐུ་བོ་གཉིས་ཞེས་བགྲངས་དུས་རྒྱལ་ཚབ་མཁས་པའི་དབང་བོ་དར་མ་རིན་ཆེན་དང་བྱང་ཆུབ་སེམས་དཔའ་ཆེན་པོ་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་གཉིས་བགྲངས་ཡོད་ལ། མཁས་གྲུབ་ཆོས་རྗེ་ནི་སྐྱེ་བས་ཐོབ་པའི་བློ་གྲོས་ཐོགས་པ་མེད་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོ་ཞེས་ལོགས་སུ་སྡེ་ཚན་དུ་ཕྱེ་ཡོད་དོ། ། དེ་ནས་དགའ་ལྡན་ཁྲི་རབས་བཅོ་ལྔ་བ་པཎ་ཆེན་བསོད་ནམས་གྲགས་པས(1475-1554)སྤྱི་ལོ1529 ལོར་མཛད་པའིབཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱནདུབླ་མས་ཆོས་འབྲེལ་གསན་པ་གསུམ། བྱ་བྲལ་མ་ཐེགས་གོང་གི་སྔ་ཚར་བཞི། བྱ་བྲལ་ལ་ཐེགས་དུས་ཀྱི་སྲས་བརྒྱད། སྲས་ཀྱི་ཐུ་བོ་གཉིས། ཕྲིན་ལས་ནམ་མཁའ་དང་མཉམ་པའི་སྲས་ཆེན་བཞི། དབུས་གཙང་བསྟན་པའི་སྣང་བྱེད་སྒྲོན་མེ་བཅུ།གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག[16] སོགས་བསྡོམས་པའི་དངོས་སློབ་བརྒྱ་དང་བཞི་བཅུ་ལྷག་སྡེ་ཚན་སུམ་བཅུར་ཕྱེ་ཡོད། འདི་ནི་རྣམ་ཐར་དང་ཆོས་འབྱུང་ཁག་ལས་རྗེའི་དངོས་སློབ་དག་ཅུང་འཐུས་ཚང་ངང་སྡོམ་དུ་མཛད་མཁན་ཐོག་མ་ཡིན། འདིར་ཡང་གོང་དང་མཐུན་པར་སྲས་ཀྱི་ཐུ་བོ་གཉིས་ཞེས་བརྗོད་དུས་རྒྱལ་ཚབ་འདུལ་འཛིན་གཉིས་དང་། མཁས་གྲུབ་རྗེ་དེ་ནང་ཐུགས་ཀྱི་སྲས་གཅིག་པུ་ཞེས་སྡེ་ཚན་ཟུར་དུ་ཕྱེ་ཡོད་དོ།  ། མ་ཟད་དེང་གི་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བཀའ་མ་ལོག་རྫོངས་ཁོངས་ཀྱི་ཁ་ཏི་ཀ་དགོན་པར[17]ཡོད་པའི་རྗེའི་རྩ་ཐང་གཞན་ཕན་ཆེན་མོར[18]ཡང་། རྗེའི་གཡས་གཡོན་དུ་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་བཞུགས་ཡོད་པམདོ་སྨད་ཆོས་འབྱུངལས།ཡུམ་ལ་བསྐུར་བའི་ཞལ་ཐང་ངོ་མ་འདི་བར་བཞུགས་པའི་ངག་རྒྱུན་འདུག་ལ། རྗེ་སྐུ་གཡས་གཡོན་དུ་རྒྱལ་ཚབ་འདུལ་འཛིན་བཅས་བཞུགས་པ་རྩ་ཐང་གཞན་ཕན་ཆེན་མོ་ཞེས་པའི་ཁ་བྱང་ཅན་རྗེ་རང་གི་ཤངས་མཚལ་གྱིས་བཞེངས་པར་གྲགས་པ་དེང་སང་མཇལ་རྒྱུ་སྣང་།[19]ཞེས་འབྱུང་ངོ་། ། འདི་དག་ལ་བརྟག་ན་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་སྲས་ཀྱི་ཐུ་བོར་བྱས་ནས། རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་གྱི་འབོད་ཚུལ་ལམ་གྲངས་སྡོམ་འདི་ནི།  རྗེ་ཡབ་སྲས་ཞལ་བཞུགས་པའི་དུས་སྐབས་ངེས་ཅན་ཞིག་གི་ནང་མ་བྱུང་བར་སྣང་ངོ་། ། ཡིན་ནའང་། དུས་ཕྱིས་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་ལ་བྱོན་པའི་པཎ་ཆེན་བདེ་ལེགས་ཉི་མས[20]མཛད་པའིམཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་མཁས་པའི་ཡིད་འཕྲོགགི་མཛད་བྱང་དུ། ཁྲི་རིན་པོ་ཆེས་ཐོག་དྲངས་གཡག་སྡེ་བ་བློ་གྲོས་སོགས་བུ་སློབ་ཐམས་ཅད་ཀྱིས་རྗེ་བཙུན་ཐམས་ཅད་མཁྱེན་པ་ཙོང་ཁ་པ་བློ་བཟང་གྲགས་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་ཤིང་གྲུབ་པའི་མཆོག་བརྙེས་དགེ་ལེགས་དཔལ་བཟང་པོ་སྟེ།རྗེ་ཡབ་སྲས་གསུམ་གྱི་མཛད་པའི་རྒྱུན་རྣམས་མི་ཉམས་པར་གོང་འཕེལ་དུ་མཛད་པ་འདི་ག་ལགས་སོ། །[21]ཞེས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་དང་རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་བཅས་སྡེ་ཚན་དུ་བྱས་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་བགྲང་ཚུལ་བྱུང་འདུག་པ་དང་། ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས(1740-1810)ཀྱིས་མཛད་པའི རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནསསུའང་། རྗེའི་བསྟན་པ་རྒྱས་པར་མཛད་པའི་སྲས་ཀྱི་ཐུ་བོ་རྒྱལ་ཚབ་མཁས་གྲུབ་གཉིས[22]ཞེས་དང་། ཕྱག་རྡོར་གྱིས་ལུང་བསྟན་པའི་སྲས་གསུམ་ནི། རྒྱལ་ཚབ། འདུལ་འཛིན། མཁས་གྲུབ་གསུམ་མོ། །རྒྱལ་ཚབ་མཁས་གྲུབ་གཉིས་ནི་འཇམ་པའི་དབྱངས་ཀྱིས་ཀྱང་ལུང་བསྟན་པ་ཡིན་ཞིང་། རྗེ་ཡབ་སྲས་གསུམ་ཞེས་ལྷན་ཅིག་ཏུ་བསྒོམ་པའི་བླ་མའི་རྣལ་འབྱོར་དང་། ཐང་ཀ་ལའང་མཉམ་དུ་བྲིས་པའི་སྲོལ་ཡོད་པ་སོགས་ལ་བརྟག་དགོས་སོ། །[23]ཞེས་འབྱུང་ངོ་། །

རྣམ་ཐར་དང་ཆོས་འབྱུང་ཁག་ནས་བྱུང་བའི་རྗེའི་བུ་ཆེན་རྣམས་ཀྱི་སྡོམ་དང་སྡེ་ཚན་དུ་ཕྱེ་ལུགས་སྣ་ཚོགས།

རྣམ་ཐར་དང་ཆོས་འབྱུང་གི་མཚན།

སྡོམ་དང་སྡེ་ཚན།

རྣམ་ཐར་གསེར་གྱི་མཆོད་སྡོང་།

བསྡོམས་པའི་བུ་ཆེན་བདུན་ཅུར་ལོངས་པ་ཙམ་སྡེ་ཚན་ཉི་ཤུར་ཕྱེ་ཡོད།

ལས་ཆེན་ཆོས་འབྱུང་།

བསྡོམས་པའི་སློབ་མའི་གཙོ་བོར་གྱུར་བརྒྱ་དང་བཅུ་གཉིས་ཙམ་གྱི་མཚན་བཀོད་ནས།   དེ་ལས་བུ་སློབ་གཙོ་ཆེ་བ་བཅུ་དགུ་སྡེ་ཚན་དྲུག་ཏུ་བྱས་ཡོད།

ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན།

བསྡོམས་པའི་དངོས་སློབ་བརྒྱ་དང་བཞི་བཅུ་ལྷག་སྡེ་ཚན་སུམ་ཅུར་ཕྱེ་ཡོད།

རྣམ་ཐར་ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་པ།

དངོས་སློབ་བརྒྱ་དང་ལྔ་བཅུ་ལྷག་སྡེ་ཚན་ཉེར་ལྔར་ཕྱེ་ཡོད།  གྲངས་སྡོམ་འགའ་ཞིག་ལ་མང་ཉུང་གི་ཁྱད་པར་ཙམ་ལས་ཕལ་ཆེར《ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན》ལྟར་བཀོད་ཡོད།

དགའ་ལྡན་ཆོས་འབྱུང་།

དངོས་སློབ་བརྒྱ་དང་བཞི་བཅུ་ལྷག་སྡེ་ཚན་སུམ་ཅུར་ཕྱེ་ཡོད་ལ།ཕལ་ཆེ་བ་《ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན》ལྟར་རིམ་པ་བཞིན་བཀོད་ཡོད།

རྗེ་བློ་བཟང་གྲགས་པའི་དཔལ་གྱི་

རྣམ་ཐར་སྲིད་གསུམ་དཔལ་འབར།

དངོས་སློབ་བརྒྱ་དང་བདུན་ཙམ་སྡེ་ཚན་བཞིར་ཕྱེ་ཡོད།

རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས།

དངོས་སློབ་གཙོ་ཆེ་བ་ང་ལྔ་ལྷག་སྡེ་ཚན་བཅུ་གཉིས་སུ་ཕྱེ་ཡོད། སྡེ་ཚན་དུ་ཕྱེ་ལུགས་ཕལ་ཆེར་གོང་དང་འདྲ་ཡང་།   གྲངས་ཀར་མང་ཉུང་གི་ཁྱད་ཅུང་ཆེ།

རྗེའི་རྣམ་ཐར་ཆེན་མོ་ཐུབ་བསྟན་མཛེས་རྒྱན།  

《རྣམ་ཐར་གསེར་གྱི་མཆོད་སྡོང》 《ངོ་མཚར་བའི་གཏམ་བརྒྱ་རྩ་བརྒྱད་པ

》《དགའ་ལྡན་ཆོས་འབྱུང་བེེཌཱུརྱ་སེར་བོ》སོགས་ཀྱི་བགྲངས་ཚུལ་རིམ་ཅན་བཞིན་བཀོད་ཡོད།

གྲུབ་མཐའ་ཤེལ་དཀར་མེ་ལོང་།  

དངོས་སློབ་བརྒྱ་དང་དྲུག་ཅུ་ལྷག་སྡེ་ཚན་ཉེར་དགུར་ཕྱེ་ཡོད་ལ། རེ་གཉིས་ཤིག་མ་གཏོགས《ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན》ལྟར་བཀོད་ཡོད།

གསུམ་པ། རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་གཏན་འབེབ་སྐོར།

རྗེ་ཡབ་སྲས་ཞལ་བཞུགས་པའི་དུས་དང་དེའི་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་། རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་མ་བྱུང་བ་དང་། དེ་འདྲའི་མཚན་གྱི་བགྲངས་ཚུལ་མེད་པ་རྣམ་ཐར་དང་ཆོས་འབྱུང་ཡིག་ཆ་ཁག་གུང་བསྒྲིགས་ནས་སྔར་བཀོད་ཟིན་པ་ལྟར་དང་། དེ་ན་ཕྱིས་ཀྱི་རྣམ་ཐར་དང་གདན་རབས། ཆོས་འབྱུང་སོགས་ཡིག་ཆ་ཁག་ན་ལན་མང་དུ་འབྱུང་བ་དང་། ནམ་རྒྱུན་འཚོ་བའི་ཁྲོད་དུའང་། སྐྱ་སེར་ལ་དབྱེ་བ་མེད་པར་བྱིས་པ་ཡིག་ངོ་ཆོད་པ་ཡན་ཆད་ལ་ཡོངས་སུ་གྲགས་པའི་རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་དམ་འབོད་ཚུལ་འདི་ནི་ཇི་ལྟར་བྱུང་བ་རེད་ཅེ་ན།  དེ་ནི་རྗེ་ཙོང་ཁ་པ(1357-1419)སྐུ་གཤེགས་པའི་རྗེས་སུ། རྒྱལ་ཚབ་དར་མ་རིན་མ་རིན་ཆེན(1364-1432)དང་མཁས་གྲུབ་དགེ་ལེགས་དཔལ་བཟང(1385-1438)གཉིས་རིམ་བཞིན།  རྗེ་ཙོང་ཁ་པའི་རྒྱལ་ཚབ་ཏུ་མངའ་གསོལ་ནས་དགའ་ལྡན་དུ་ཁྲི་བཞུགས་གནང་བ་དང་། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་སྐུ་གཤེགས་པའི་རྗེས་སུ། སྐུ་གདུང་རྗེ་ཙོང་ཁ་པའི་སྐུ་གདུང་གི་གཡས་གཡོན་དུ་བཞུགས་སུ་གསོལ་བ་དང་། རྗེ་ཙོང་ཁ་པ་ཞིང་ལ་གཤེགས་པའི་རྗེས་སུ་གདན་ས་ལུགས་བཞིན་བསྐྱངས་ནས་འཆད་ཉན་སྔར་ལས་དར་བར་བྱས་པ་དང་། རྗེ་ཙོང་བའི་ཁ་པའི་བཀའ་རྩོམ་ལ་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་ནས། རྗེ་ཙོང་ཁ་པའི་རང་ལུགས་སྔར་ལས་ཆེ་ཆར་དར་བར་བྱས་པ་དང་། དགེ་ལྡན་པའི་ལུགས་འཛིན་པའི་དགོན་སྡེ་ཁག་ན་རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་གསོལ་འདེབས་དང་ཇ་མཆོད་ཞལ་འདོན་མཛད་པ་སོགས་ལ་བརྟེན་ནས། རྗེ་ཡབ་སྲས་གསུམ་ཞེས་པའི་ཐ་སྙད་དང་མཚན་འདི་རྒྱུན་ཆགས་བྱུང་བར་འདོད་དོ། །

༡  ཁྲི་རབས་རིམ་བཞུགས་ཀྱི་ཆ་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པ།

དེ་ལརྗེ་ཙོང་ཁ་པའི་རྣམ་ཐར་ཆེན་མོརདབུ་པཎ་ལེབ་ཞྭར་བཞེས་པའི་རྩེ་ནས་ཕྱག་མཛུབ་ཀྱིས་བཟུང་ནས་རྒྱལ་ཚབ་ཀྱི་སྐུ་པང་དུ་རྒྱངས་ཀྱིས་འཕངས་ཤིང་། དེ་མཚུངས་གོས་བེར་ཞིག་ཀྱང་གནང་ནས་དོན་གྱིས་ཆོས་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བར་མཛད[24]ཅེས་དང་།རྗེ་ཉིད་ཀྱི་མཛད་སྲོལ་དམ་པ་རྒྱུན་མི་འཆད་པའི་བདག་རྐྱེན་གྱི་བྱེད་པོར།སློབ་དཔོན་རིན་པོ་ཆེ་དར་མ་རིན་ཆེན་པའི་ཞལ་སྔ་ནས་ལ། ཐུགས་སྲས་འདུལ་བ་འཛིན་པ་གྲགས་པ་རྒྱལ་མཚན་པའི་ཞལ་སྔ་ནས་ཀྱིས་གཙོ་མཛད་པའི་གནས་བརྟན་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་དུ་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་ལྟར། རྗེ་བདག་ཉིད་ཆེན་པོའི་ཆོས་ཀྱི་ཁྲི་ལ་ཞབས་སོར་འཁོད་དེ་ཐུབ་བསྟན་ཡོངས་རྫོགས་ཀྱི་བདག་པོ། རྒྱལ་བ་གཉིས་པའི་རྒྱལ་ཚབ། ཆོས་ཀྱི་རྒྱལ་སྲིད་ཆེན་པོའི་བདག་པོར་མངའ་གསོལ[25]ཞེས་འབྱུང་བ་ལྟར། རྒྱལ་མཚན་དར་མ་རིན་ཆེན་དགུང་ལོ་ང་དྲུག་པའི་དུས་གདན་སར་བཞུགས་ནས་ལོ་ངོ་བཅུ་གསུམ(1419-1431)གྱི་བར་དུ་གདན་ས་བསྐྱངས། དེ་ནས་སྤྱི་ལོ1431ལོ་རྒྱལ་ཚབ་དར་མ་རིན་ཆེན་དགུང་ལོ་རེ་བརྒྱད་ལ་སླེབས་པའི་སྐབས། མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་གདན་ས་གཏད་ནས་རང་ཉིད་ཟུར་བཞུགས་མཛད། དེ་དུས་མཁས་གྲུབ་དགེ་ལེགས་དཔལ་བཟང་དགུང་ལོ་ཞེ་བདུན་ཡིན་པ་དང་ལོ་ངོ་བརྒྱད་ཀྱི་བར(1431-1438)གདན་ས་བསྐྱངས་ནས་ང་བཞི་བ་ལ་ཞི་བར་གཤེགས་སོ། ། དེ་ལྟར་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་རྗེས་སུ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་སྔ་ཕྱིར་རྗེ་ཙོང་ཁ་ཆེན་པོའི་གདན་སར་བཞུགས་ནས། གདན་ས་ལུགས་བཞིན་བསྐྱངས་པས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པར་འདོད་དོ། །

༢  སྐུ་གདུང་ལྷན་དུ་ཡོད་པའི་ཆ་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པ།

    རྗེ་ཙོང་ཁ་པ་སྐུ་གཤེགས་པའི་རྗེས་སུ་རྒྱལ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་གཉིས་ཀྱིས་གཙོ་མཛད་པའི་བུ་སློབ་རྣམས་ཀྱིས། རྗེ་ཙོང་ཁ་པའི་སྐུ་གདུང་དངུལ་བྲེ་ཆེན་བཅོ་བརྒྱད་ཙམ་ལས་གྲུབ་པའི་མཆོད་རྟེན་དུ་བཞུགས་སུ་གསོལ་བ་དང་།རྒྱལ་ཚབ་དར་མ་རིན་ཆེན་སྐུ་གཤེགས་པའི་རྗེས་སུ། མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་ཀྱིས་སྐུ་གདུང་པོ་ཏ་ལ་ནས་གདན་དྲངས་ཏེ་ཞུགས་སུ་ཕུལ་ནས། རྗེ་ཙོང་ཁ་པའི་དངུལ་གདུང་གི་གཞོགས་གཡས་སུ་བཞུགས་སུ་གསོལ་བ་དང། མཁས་གྲུབ་དགེ་ལེགས་དཔལ་བཟང་སྐུ་གཤེགས་པའི་རྗེས་སུ་མཁས་གྲུབ་བུ་ཆེན་མང་བོས་སྐུ་གདུང་ཞུགས་སུ་ཕུལ་ནས། རྗེ་ཙོང་ཁ་པའི་དངུལ་གདུང་གི་གཡོན་འགྲམ་དུ་བཞུགས་སུ་གསོལ་བ་སོགས། དགའ་ལྡན་རང་དུ་རྗེ་ཡབ་སྲས་ཀྱི་སྐུ་གདུང་ལྷན་དུ་ཡོད་པའི་ཆ་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པར་འདོད་དོ། །  འདི་དང་འབྲེལ་ནས་གཡས་དང་གཡོན་ལ་གཙོ་ཕལ་གྱི་ཁྱད་པར་ཡོད་པ་སོགས་དཔེ་མང་པོ་བཀོད་ནས་བརྗོད་རྒྱུ་ཡོད་ཀྱང་སྐབས་སུ་མ་བབ་པས་མི་སྤྲོའོ། །

༣  བསྟན་པ་ལ་བྱ་བ་བྱས་པའི་ཆ་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པ།

དེ་ཡང་གོང་དུ་བཀོད་ཟིན་པ་ལྟར་རྒྱལ་ཚབ་དར་མ་རིན་ཆེན་གྱིས་ལོ་ངོ་བཅུ་གསུམ་གྱི་བར་དུ་རྗེའི་གདན་ས་མཛད་ནས། རྗེ་ཙོང་ཁ་པའི་རྣམ་ཐར་བཞིན་དུ་འདུལ་བའི་འཆད་ཉན་དང་གཞི་གསུམ་གྱི་ཕྱག་ལེན་སོགས་རྣམ་པར་དག་པ་དང་། དེས་གཞི་བཟུང་ནས་མངོན་པ་གོང་འོག་དང་ཚད་མ། ཕར་ཕྱིན། དབུ་མ་སོགས་མདོ་ཕྱོགས་དང་། གསང་སྔགས་སྤྱི་དང་ཁྱད་པར་དུ་གསང་བདེ་འཇིགས་གསུམ་དུས་འཁོར་ཀྱེེ་རྡོར་རྣམས་ཀྱི་རྒྱུད་ཀྱི་བཤད་པ་རིམ་གཉིས་ཀྱི་ཁྲིད་སོགས་འཆད་ཉན་མཛད་པས། རྗེའི་དངོས་སློབ་ཕལ་ཆེ་བས་རྗེ་ཙོང་ཁ་པ་དང་འདྲ་བར་གུས་འདུད་ལྷུར་ལེན་པ་དང་། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་རྒྱལ་བ་དགེ་འདུན་གྲུབ་སོགས་རྗེའི་བུ་ཆེན་འགྲན་ཟླ་དང་བྲལ་བ་རྣམས་ཀྱིས་ཀྱང་། རྒྱལ་ཚབ་འདིའི་ཡོན་ཏན་ལ་ཆེ་མཐོང་གིས་དཔལ་ལྡན་ཡོན་ཏན་མའི་བསྟོད་པ་དང་ཀུན་བཟང་འཁོར་ལོ་སོགས་མཛད་ནས་བསྔགས་བརྗོད་ཆེན་པོ་བྱས་ཡོད་དོ། ། དེ་ནས་མཁས་གྲུབ་དགེ་ལེགས་དཔལ་བཟང་མཆོག་གདན་སར་བཞུགས་ནས་ལོ་ངོ་བརྒྱད་ཀྱི་བར་གདན་ས་བསྐྱངས་པ་དང་། རྗེའི་གསུང་ཟུར་ཕྲ་མོ་ཙམ་ཡང་གཞན་དང་མ་འདྲེས་པར་འཆད་ཉན་དང་། གཞན་ཕྱོགས་ནས་རྗེའི་གསུང་རབ་ལ་རྒོལ་བ་རྩོམ་པའི་ལུགས་སུ་བྱེད་པ་མཐའ་དག་རིགས་པས་སུན་ཕྱུང་ནས་ཚར་གཅོད་པར་མཛད།མ་ཟད་མངའ་རིས་དང་ཁམས་སོགས་ནས་ཆོས་བར་ལ་འབྱོན་པའི་གདན་ཞུ་ཡང་ཡང་བྱས་ཀྱང་།ཕྱོགས་འདིར་བསྟན་པའི་ལྗོན་ཤིང་རྩ་བ་ནས། །ཆོས་མིན་ཉེས་བཤད་སྟ་རེས་བཅད་པ་ན། །ལན་གཅིག་ཡལ་ག་ཅུང་ཟད་ཕྱོགས་གཞན་དུ། །འཕེལ་ཡང་དགོས་པ་ཆུང་བར་བདག་གིས་མཐོང་། །ད་ལྟ་ཕྱོགས་འདིར་ཆོས་མིན་དཔུང་ཚོགས་དགྲ། །ལེགས་བཤད་བསྟན་པའི་རུ་མཚོན་ཁོ་བོས་འཛིན། །དེ་ཕྱིར་ཁོ་བོས་ཕྱོགས་འདིར་བཏང་བ་ན། །ཐུབ་པའི་གཅེས་མཛོད་སུ་ཡིས་འཛིན་པ་སྨོས། །[26]ཞེས་གསུངས་ནས། ཞལ་གྱིས་མ་བཞེས་པར་དགའ་ལྡན་རང་དུ་རྒྱུན་བཞུགས་མཛད་ནས་གཞན་ལ་མ་ཕེབས་པར་གྲགས། ཚུལ་འདི་ལ་རྒྱལ་བ་དགེ་འདུན་གྲུབ་དང་ཞང་ཞུང་ཆོས་དབང་གྲགས་པ། རྒྱལ་བ་དགེ་འདུན་རྒྱ་མཚོ། ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས། རྗེའི་བུ་ཆེན་འགྲན་ཟླ་དང་བྲལ་བ་རྣམས་དང་དགེ་ལྡན་པའི་བསྟན་པའི་རྩ་ལག་ཏུ་གྱུར་བ་རྣམས་ཀྱིས་ཀྱང་། གསོལ་འདེབས་ཚིགས་བཅད་དང་བསྟོད་པ་དད་པའི་ཕོ་ཉ་སོགས་མཛད་ནས་བསྔགས་བརྗོད་ཆེན་པོ་བྱས་ཡོད་པ་དང་། པཎ་ཆེན་བདེ་ལེགས་ཉི་མས་མཛད་པའིམཁས་གྲུབ་ཐམས་ཅད་མཁྱེན་པའི་རྣམ་ཐར་མཁས་པའི་ཡིད་འཕྲོགཏུའང་། ཞྭ་སེར་ཅོད་པཎ་འཛིན་པ་མཉམ་མེད་རི་བོ་དགའ་ལྡན་པའི་བསྟན་པ་འདི་ལ། རྗེ་འདི་ལས་བཀའ་དྲིན་ལྷག་པ་མི་དགོས་ཤིང་མཉམ་པ་ཙམ་ཡང་མི་འབྱུང་བར། ཁོ་བོས་མགྲིན་པ་ཅུང་ཟད་བཏེག་ནས་ལན་གཅིག་མིན་པར་སྨྲའོ། །[27]ཞེས་འབྱུང་བ་ལྟར་རོ། །དེ་ལྟར་རྗེ་ཙོང་ཁ་པ་སྐུ་གཤེགས་པའི་རྗེས་སུ་སྲས་ཀྱི་ཐུ་བོ་འགྲན་ཟླ་དང་བྲལ་བ་འདི་གཉིས་ཀྱིས། རྗེ་བླ་མའི་གདན་ས་ལུགས་བཞིན་བསྐྱངས་ནས་རི་བོ་དགེ་ལྡན་པའི་བསྟན་པའི་རྐང་འཛུགས་པར་མཛད་པ་སོགས། དེ་དག་གི་ཆ་ནས་ཀྱང་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པར་འདོད་དོ། །

༤དགོངས་འགྲེལ་གྱི་བསྟན་བཅོས་མཛད་པའི་ཆ་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པ།

 རྗེ་ཙོང་ཁ་པ་ཆེན་པོས་སྤྱི་ལོ1409ལོར་དགའ་ལྡན་དགོན་ཕྱག་འདེབས་མཛད་པ་དངལམ་རིམ་ཆེན་པོདངསྔགས་རིམ་ཆེན་མོ》《དྲང་ངེས་ལེགས་བཤད་སྙིང་བོ》《རྣམ་བཤད་དགོངས་པ་རབ་གསལ》《ཊཱིཀ་ཆེན་རིགས་པའི་རྒྱ་མཚོ ལེགས་བཤད་གསར་ཕྲེང》《རིམ་ལྔ་གསལ་སྒྲོནསོགས་གསུང་འབུམ་པོ་ཏི་བཅོ་བརྒྱད་མཛད་ནས། ཞྭ་སེར་ཅོད་པཎ་འཛིན་པའི་རི་བོ་དགེ་ལྡན་པའི་གྲུབ་མཐའ་གསར་དུ་བཏོད། དེ་ལ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་གྱིསའགྲེལ་བ་དོན་གསལ་གྱི་རྣམ་བཤད་སྙིང་བོའི་རྒྱན》《རྣམ་འགྲེལ་ཐར་ལམ་གསལ་བྱེད》《རྣམ་ངེས་ཀྱི་ཊཱིཀ་ཆེན་དགོངས་པ་རབ་གསལ》《ཚད་མའི་བརྗེད་བྱང་ངམ་ལམ་བསྒྲིགས》《མངོན་སུམ་ལེའུའི་བརྗེད་བྱང》《འདུལ་བའི་བསླབ་བྱ་གནམ་རྩེ་ལྡེང་མ རིགས་པ་དྲུག་ཅུ་བའི་ཟིན་བྲིསསོགས་དང་། སྲས་ཀྱི་ཐུ་བོ་མཁས་གྲུབ་དགེ་ལེགས་དཔལ་བཟང་བོསདབུ་མའི་སྟོང་ཐུན་བསྐལ་བཟང་མིག་འབྱེདདངའགྲེལ་བ་དོན་གསལ་གྱི་རྣམ་བཤད་རྟོགས་དཀའི་སྣང་བ》《དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱ་ཆེར་བཤད་དེ་ཁོ་ན་ཉིད་སྣང་བ》《དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་དཀའ་གནད་ཀྱི་ཟིན་བྲིས》《གསང་འདུས་བསྐྱེད་རིམ་དངོས་གྲུབ་རྒྱ་མཚོ》《སྡོམ་གསུམ་རྣམ་གཞག་ཐུབ་བསྟན་བྱི་དོར སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལཊཱིག་ཆེན་རིགས་པའི་རྒྱ་མཚོ》《ཐལ་འགྱུར་བའི་ལྟ་ཁྲིདསོགས། རྗེ་ཙོང་ཁ་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་བསྟན་བཅོས་དང་རྗེའི་གསུང་བཞིན་ཟིན་བྲིས་སུ་མཛད་པ་མང་པོ་ཡོད་པ་དང།འདི་དག་ལ་སྐབས་དེ་དང་ཕྱིས་ཀྱི་དགེ་ལྡན་པའི་ཆོས་བརྒྱུད་འཛིན་པ་དག་གིས་ཀྱང་། རྗེའི་གསུང་དང་དབྱེར་མེད་པར་གཙིགས་ཆེན་དང་ཚད་མར་འཛིན་པ་ཡིན་ནོ། ། མ་ཟད་རྗེ་ཙོང་ཁ་པའི་བུ་སློབ་བརྒྱ་ཕྲག་ཡོད་པ་རྣམས་ཀྱི་ནང་ནས་ལུང་རྟོགས་ཀྱི་ཡོན་ཏན་དང་བཀའ་རྩོམ་གྱི་གྲངས་ཚད།  རྣམ་དཔྱོད་དང་འཕྲིན་ལས་སོགས་སྒོ་ཀུན་ནས་འགྲན་ཟླ་དང་བྲལ་བ་ཡིན་པ་སོགས། དེ་དག་གི་ཆ་ནས་ཀྱང་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པར་འདོད་དོ། །

༥ གསོལ་འདེབས་དང་ཇ་མཆོད་སོགས་ལ་བརྟེན་ནས་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་ཐོགས་པ།

  དགེ་ལྡན་པའི་རང་ལུགས་འཛིན་པའི་དགོན་སྡེ་དང་ཆོས་གྲྭ་ཕལ་མོ་ཆེ་ན། རྗེ་ཡབ་སྲས་གསུམ་གྱི་བླ་མའི་རྣལ་འབྱོར་བསྒོམ་ཚུལ་དང་། རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་གསོལ་འདེབས་དང་ཇ་མཆོད་སོགས་ཆོ་ག་ཕྱག་ལེན་མང་པོ་ཞིག་ཡོད་པ་རེད། དཔེར་ན། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ། །དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་གསོལ་བ་འདེབས། །ཞེས་པ་དང་། གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་བ། །དངོས་སྟོབས་རིག་པའི་དབང་ཕྱུག་རྒྱལ་ཚབ་རྗེ། །མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་རྗེ། །རྒྱལ་བ་ཡབ་སྲས་གསུམ་ལ་མཆོད་པ་འབུལ། །[28]ཞེས་པ་སོགས་ཕལ་ཆེར་ནམ་རྒྱུན་ཆག་མེད་དུ་ཁ་བཏོན་དང་ཚོགས་འདོན་མཛད་པ་སོགས།  དེ་དག་གི་ཤུགས་རྐྱེན་ལ་བརྟེན་ནས་ཀྱང་རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་འདི་རྒྱུན་ཆགས་བྱུང་བར་འདོད་དོ། །

མདོར་ན། རྗེ་ཡབ་སྲས་དང་འབྲེལ་བའི་རྣམ་ཐར་དང་ཆོས་འབྱུང་སོགས་གུང་བསྒྲིགས་ནས་ཞིབ་ཏུ་དཔྱོད་སྐབས། དགོན་གྲོང་དང་སྐྱ་སེར་ལ་དབྱེ་བ་མེད་པར་རྗེ་ཡབ་སྲས་གསུམ་ཞེས་རྒྱ་ཆད་མེད་པར་གྲགས་པ་འདི་ནི། རྗེ་ཡབ་སྲས་གསུམ་ཞལ་བཞུགས་པ་དང་དེའི་རྗེས་ཀྱི་དུས་ཡུན་ངེས་ཅན་ཞིག་གི་ནང་བྱུང་བ་ཞིག་མ་ཡིན་པར། དེ་ནི་ཕྱིས་ཀྱི་རྣམ་ཐར་དང་ཆོས་འབྱུང་མཛད་པ་པོ་ཁག་ཅིག་གིས་སྡོམ་དུ་མཛད་པ་ཞིག་དང་། རྗེ་ཙོང་ཁ་པ་སྐུ་གཤེགས་པའི་རྗེས་སུ། རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་རིམ་བཞིན། རྗེ་ཙོང་ཁ་པའི་རྒྱལ་ཚབ་ཏུ་ཁྲི་བཞུགས་གནང ་བ་དང་། དགའ་ལྡན་རང་དུའང་རྗེ་ཡབ་སྲས་གསུམ་གྱི་སྐུ་གདུང་ལྷན་དུ་ཡོད་པ་དང་། སྲས་ཀྱི་ཐུ་བོ་གཉིས་ཀྱིས་རྗེ་ཙོང་ཁ་པའི་དགོངས་པ་འགྲེལ་བའི་བསྟན་བཅོས་མང་དུ་མཛད་ནས། རྗེ་ཙོང་ཁ་བའི་རང་ལུགས་རྒྱ་ཆེར་དར་བར་བྱས་པ་དང་། དགེ་ལྡན་པའི་རང་ལུགས་འཛིན་པའི་དགོན་སྡེ་ཁག་ནའང་། རྗེ་ཡབ་སྲས་གསུམ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བསྒོམ་ཚུལ་དང་གསོལ་འདེབས། ཇ་མཆོད་སོགས་ཞལ་འདོན་མཛད་པ་ལ་བརྟེན་ནས།  རྗེ་ཡབ་སྲས་གསུམ་ཞེས་པའི་མཚན་འདི་རྒྱུན་ཆགས་བྱུང་བར་འདོད་དོ། །



[1] 《རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས》 ཀྱི་ས་བཅད་དྲུག་བཀོད་པའི་ཐ་མར་མྱ་ངན་ལས་འདས་པའི་མཛད་པ་ཇི་ལྟར་བསྟན་པའི་རིམ་པ་ཞེས་གསུངས་པ་དང་། རྣམ་ཐར་དད་པའི་འཇུག་ངོགས་ཀྱི་དབུའི་མཆོད་བརྗོད་ཀྱི་འཕྲོ་ཙམ་དུ། ཐུགས་ཀྱི་བང་མཛོད་ཡོངས་སུ་གཏམས་པའི་བདག་ཉིད་ཆེན་པོ་མཚན་བརྗོད་པར་དཀའ་བ་འདི་ནི་ཞེས་གསུངས་པ་སོགས་ཀྱིས།  རྗེ་ཙོང་ཁ་པ་སྐུ་གཤེགས་པའི་རྗེས་ནས(སྤྱི་ལོ1419)རྣམ་ཐར་འདི་འབྲི་མགོ་བརྩམས་པ་ཤེས་ཐུབ། མཇུག་ནི་དགའ་ལྡན་ཁྲིར་མ་ཕེབས་པའི(སྤྱི་ལོ1432)ཡར་སྔོན་དུ། གཙང་ཉང་སྟོད་རིག་པའི་འབྱུང་གནས་ཀྱི་སའི་ཆར་བཞུགས་དུས་བརྩམས་པ་སྦྱར་བྱང་དུ་གསལ། རྣམ་ཐར་འདི་ནི་རྗེ་ཙོང་ཁ་པའི་རྣམ་ཐར་གྱི་ནང་ནས་སྔ་ཤོས་དང་ཕྱི་མོ། ཀུན་གྱིས་ཁས་ལེན་པ་ཞིག་ཡིན། འདི་ལ་བརྟེན་ནས་རིམ་བཞིན་རྗེ་ཙོང་ཁ་པའི་རྣམ་ཐར་མང་དག་ཅིག་བྱུང་ཡོད། མཁས་གྲུབ་དགེ་ལེགས་དཔལ་བཟང་།《རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1982ལོའི3པར། P.3  P.140

[2] པཎ་ཆེན་བློ་གྲོས་ལེགས་བཟང་ནི་རྗེ་ཙོང་ཁ་བ་སྐུ་བསྙུང་དུས་བསྙུང་གཡོག་དང་སྐུ་རིམ་རྐང་འཛུགས་མཛད་པའི་བུ་ཆེན་བདུན་གྱི་ཡ་གྱལ་བཤེས་གཉེན་ལེགས་པ་བཟང་བོ་ཞེས་པ་དེ་ཡིན་ནམ་སྙམ།འཁྲུངས་འདས་ལོ་ཚིགས་ཞིབ་ཏུ་མ་ངེས།རྣམ་ཐར་འདི་ནམ་མཛད་པའི་ལོ་ཚིགས་ཀྱང་སྦྱར་བྱང་དུ་མི་གསལ་ལོ། །

[3] རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་འཁྲུངས་འདས་ཐད། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེར》མེ་ཕོ་སྤྲེའུའི་ལོར(སྤྱི་ལོ1356)སྐུ་འཁྲུངས་ཤིང་ཆུ་ཕོ་སྤྲེའུའི་ལོར(སྤྱི་ལོ1452)སྐུ་གཤེགས་པར་བཤད་པ་ནི་ཐུགས་མཉམ་མ་བཞག་པའམ་ཡི་གེར་ནོར་བ་ཤོར་བར་མངོན་ཏེ། དེ་ལྟར་བྱས་ན་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དགུང་གྲངས་གོ་བདུན་བཞུགས་དགོས་པར་འགྱུར་རོ། ། ཡིན་ནའང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》སོགས་སུ། མེ་ཕོ་སྤྲེའུའི་ལོར(སྤྱི་ལོ1356)སྐུ་འཁྲུངས་ཤིང་ས་ཕོ་སྤྲེའུའི་ལོར(སྤྱི་ལོ1428)སྐུ་གཤེགས་ཞེས་འབྱུང་། རྣམ་ཐར་འདི་ནམ་མཛད་པའི་ལོ་ཚིགས་སྦྱར་བྱང་དུ་མི་གསལ།  ལས་ཆེན་ཀུན་དགའ་རྒྱལ་མཚན། 《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོའི་ཟླ6པར། P.608  P.618 ཡོངས་འཛིན་ཡེ་ཤེས་རྒྱལ་མཚན།《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》[M] བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་། 2011ལོའི1པོར། P.680

[4] གུང་རུ་རྒྱལ་མཚན་བཟང་བོ་ནི(1386-1450)རྗེ་ཙོང་ཁ་པའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་བུ་ཆེན་བཞིའི་ཡ་གྱལ་ཡིན། རྣམ་ཐར་འདི་ནི《རྟོགས་བརྗོད་འདུན་ལེགས་མའི》འགྲེལ་བ་ཞིག་ཡིན། ནམ་མཛད་སྦྱར་བྱང་དུ་མི་གསལ།

[5] སྦྱར་བྱང་དུ་དགེ་སློང་རྒྱལ་ཁམས་པ་ཀུན་དགའ་བདེ་ལེགས་རྒྱལ་མཚན་དཔལ་བཟང་བོས་ཡོངས་འཛིན་གྱི་ལོ་གྲོ་ཞུན་ཟླ་བ་ལ་སྨན་ཆུའི་གཟིམས་ཁང་ངོ་མཚར་རྨད་བྱུང་ཆོས་ཀྱི་ཕོ་བྲང་དུ་བྲིས་པའོ། །ཞེས་པས་སྤྱི་ལོ1492ལོའི་ཟླ7པར་མཛད་པ་ཤེས་ཐུབ། 《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ། །(༡)》[Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།    2015ལོའི11པར།  P.441

[6] མཁས་པ་འདིའི་འཁྲུངས་འདས་ལོ་ཚིགས་ཞིབ་ཏུ་མ་རྙེད། རྙིང་མ་དང་བཀའ་རྒྱུད་ལས་སྟོད་འབྲུག་ལ་གཙོ་བོར་མོས་ཤིང་། ས་དགེ་ཇོ་ཞལ་སོགས་ཁྱད་མེད་དུ་མཛད་པ་ཞིག་ཡིན།  འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན(1379-1449)གྱི་སློབ་མ་ཡིན། གོང་དུ་བཀོད་པའི་རྣམ་ཐར་ཁག་བཞི་ལས《རྣམ་ཐར་གསེར་གྱི་མཆོད་སྡོང》དང 《མཁས་བཙུན་བཟང་གསུམ་གྱི་རྣམ་ཐར་ནོར་བུའི་བང་མཛོད》《འཆད་རྩོད་རྩོམ་གསུམ་མཛད་ཚུལ་གྱི་རྣམ་ཐར་དད་ལྡན་དགའ་བྱེད》གསུམ་ནི་སྤྱི་ལོ1470ལོའི་ཟླ3པར་མཛད། 《གསེར་གྱི་མཆོད་སྡོང་གི་ཁ་སྐོང་གསེར་གྱི་མྱུ་གུའི》མ་ཡིག་ལ་ཆད་ལྷག་ཤོར་བས་ནམ་མཛད་སྦྱར་བྱང་དུ་མི་གསལ།

[7] རྣམ་ཐར་དུ་རྗེ་རིན་པོ་ཆེ་འཁྲུངས་པའི་མེ་བྱའི་ལོ་ནས་དིང་སང་གི་ལྕགས་མོ་ཕག་གི་ལོ་རྫོགས་ཡན་ལ།  ལོ་བརྒྱ་དང་སུམ་ཅུ་རྩ་ལྔ་འདས་པ་ཡིན་ལ། དགའ་ལྡན་བཏབ་པའི་ས་མོ་གླང་གི་ལོ་ནས་ལྕགས་མོ་ཕག་རྫོགས་པ་ཡན་ལ་བརྒྱད་ཅུ་རྩ་གསུམ་འདས་ཤིང་། མྱ་ངན་ལས་འདས་པའི་ས་མོ་ཕག་ལོ་ནས་ད་ལྟའི་ལྕགས་ཕག་རྫོགས་པ་ཡན་ལ་བདུན་ཅུ་རྩ་གསུམ་འདས་པར་ཤེས་པར་བྱའོ།།ཞེས་འབྱུང་བས་སྤྱི་ལོ1491 ལོར་མཛད་པ་གསལ་ལོ། །《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ། །(༡)》 [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2015ལོའི11པར།  P.330

[8] ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་ནི(1740-1810)སོག་ཡུལ་གྱི་དར་ཚོ་ཆེན་པོ་བརྒྱད་ཀྱི་ནང་ཚན་ཁོ་བོ་ཆ་གན་ཞེས་པའི་ཡུལ་དུ་སྐུ་འཁྲུངས། མཚོ་བདུན་དགོན་དང་པེ་ཅིང་ཡུང་ཧེ་གོན་སོགས་སུ་གུ་ཤྲཱི་ཆོས་རྗེ་བློ་བཟང་རྣམ་འཕེལ་དང་ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་སློབ་དཔོན་དུ་བསྟེན་ནས། རིག་པའི་གནས་མཐའ་དག་ལ་མཁས་པར་སྦྱངས། 《ཨ་ཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་འབུམ》ལེགས་སྒྲིག་དང《ས་སྐྱ་ལེགས་བཤད་རྩ་འགྲེལ》《སྐྱེ་བོ་གསོ་ཐིགས་རྩ་འགྲེལ》སོགས་སོག་ཡིག་ཏུ་བསྒྱུར།  ཕར་ཕྱིན་དང་ཚད་མ་སོགས་ཀྱི་གཞུང་འགྲེལ་དང་ལམ་རིམ་གྱི་འགྲེལ་བ་སོགས་ཁྱོན་བསྡོམས་པོ་ཏི་བཅུ་གཅིག་བཞུགས། 《རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས》ཞེས་པ་འདི་ནི། སྤྱི་ལོ1791ལོའི་སྔ་གཞུག་ཅིག་ལ་ཐོག་མར་སོག་ཡིག་ཏུ་མཛད་པ་དང་། ཕྱིས་ཀྱི་སྤྱི་ལོ1802ལོར་ཨ་ཀྱཱ་མཆོག་སྤྲུལ་གྱིས་དགོངས་པ་ལྟར་སོག་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན།

[9]

[10] དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་མཛད་པའི་འགོས་ལོ་གཞོན་ནུ་དཔལ་གྱི་ལོ་རྒྱུས་མདོར་བསྡུས་ཤིག 《དེབ་ཐེར་སྔོན་པོའི》 མགོ་བརྗོད་དུ་བཀོད་པ་ལྟར་ན།      དགུང་ལོ་གྱ་བཞི་བ་རབ་བྱུང་བརྒྱད་པའི་མེ་སྤྲེལ་སྤྱི་ལོ1476ལོའི་ལོ་མཇུག་ཏུ་མཇུག་རྫོགས་པར་མཛད་ཅེས་གསུངས། གསུངས་ཚུལ་དེ《དུང་དཀར་ཚིག་མཛོད་ཆེན་མོར》བཀོད་པ་དང་མི་འདྲ་ལ།《དེབ་ཐེར་སྔོན་པོའི》 མཛད་བྱང་དུའང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་འཁྲུངས་ནས་ལོ་བརྒྱད་བརྒྱ་དང་ལྔ་བཅུ་པ་ལ་བབ་པས་ས་ཕོ་ཁྱིའི་ལོ(1478ལོ)ལ་ཉེ་བར་སྦྱར་ཞེས་འབྱུང་བས་ཐུགས་མཉམ་མ་བཞག་པར་མངོན་ནོ། ། འགོས་ལོ་གཞོན་ནུ་དཔལ། 《དེབ་ཐེར་སྔོན་པོ།》 [M] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1985ལོའི1པོར། P.4    P.1272

[11] ལས་ཆེན་ཀུན་དགའ་རྒྱལ་མཚན་ནི། དུས་རབས་བཅོ་ལྔ་བའི་དུས་སྨད་ནས་བཅུ་དྲུག་པའི་དུས་སྟོད་དུ་བྱོན་པའི་རྒྱལ་བ་དགེ་འདུན་གྲུབ་ཀྱི་དངོས་སློབ་ཅིག་ཡིན། འཁྲུངས་འདས་ལོ་ཚིགས་ཞིབ་ཏུ་མ་རྙེད།  《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ》 ནི《བསྟན་རྩིས་ཀུན་བཏུས》སུ་རབ་བྱུང་བརྒྱད་པའི་ཤིང་སྟག་སྤྱི་ལོ1494ལོར་མཛད་པར་གསུངས་པ་དང་།《པོ་ཏ་ལའི་གསུང་འབུམ་དཀར་ཆག》 ལྟར་ན་རབ་བྱུང་བརྒྱད་པའི་ཤིང་གླང་སྤྱི་ལོ1505ལོར་མཛད་པར་གསུངས་པས་བརྟག

[12]《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ། །(༡)》 [Z] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོའི11པར།  P.542

[13] 《རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ་བཞུགས་སོ། །(༡)》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2010ལོའི12པར།  P.216

[14] 《རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཕྱོགས་བསྒྲིགས་བཞུགས་སོ།།(༡)》[Z]ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  2015ལོའི11པར།  P.331

[15]ལས་ཆེན་ཀུན་དགའ་རྒྱལ་མཚན།《བཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེ།》[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2011ལོའི་ཟླ6པར། P.604

[16] པཎ་ཆེན་བསོད་ནམས་གྲགས་པ།《བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན།》[M] བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་

སྐྲུན་ཁང་། 2013ལོའི་ཟླ3པར། P.55

[17] དགོན་པ་འདི་ནི་རྗེ་ཙོང་ཁ་པའི་སློབ་མ་ཏི་ཤྲི་བྱང་བླ་མ་ཆོས་ཀྱི་རྒྱལ་བོས་ཙོང་ཆུའི་ལྷོ་རྒྱུད་དུ་ཆོས་སྡེ་ལྔ་བཏབ་པའི་ནང་ཚན་ཞིག་ཡིན། རྗེའི་རྩ་ཐང་གཞན་ཕན་ཆེན་མོ་བཞུགས་པས་སྐད་གྲགས་ཆེ།     དེང་གི་སྲིད་འཛིན་མངའ་ཁོངས་ལྟར་ན་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་བཀའ་མ་ལོག་རྫོངས་ཁོངས་སུ་ཡོད། (青海省海东市民和县甘沟乡南的静宁村)

[18] རྗེའི་རྩ་ཐང་གཞན་ཕན་ཆེན་མོ་འདི་ནི།  རྗེ་ཙོང་ཁ་པ་དགུང་ལོ་ཉེར་གཉིས་བཞེས་པ་སྤྱི་ལོ1378ལོའི་སྟོན་ཀར། འཁྲུངས་ཡུལ་ཕྱོགས་ནས་མ་ཡུམ་གྱིས་མདོ་སྨད་དུ་འབྱོན་པའི་ཕྱག་འཕྲིན་འབྱོར་བ་ལ། འཕྲལ་ཕུགས་ཀྱི་དགོས་པ་སོགས་ལ་དམིགས་ནས་མི་འབྱོན་པའི་ཐུགས་དམ་བཅས་ཏེ། ཁྭ་ཏའི་ཁ་བའི་ཚོང་དཔོན་ནོར་བུ་བཟང་བོར་ཕྱག་བྲིས་དང་ཤངས་ཁྲག་གིས་བཞེངས་པའི་ཚལ་ཐང་། རྒྱལ་བ་སེང་གེའི་ང་རོའི་སྐུ་དཔར་སོགས་བསྐུར་བ་གནང་ཞིང་། ཚོང་དཔོན་གྱིས་ལམ་བར་དུ་འདྲ་ཐང་དེ་དང་ཁྱད་མེད་པ་ཞིག་བཞེངས་ནས་མ་ཡུམ་ལ་ཕུལ་བ་སྐུ་འབུམ་བྱམས་པ་གླིང་དུ་ཡོད་པ་དང་།  འདྲ་ཐང་ངོ་མ་དེ་ཚོང་དཔོན་རང་ཉིད་ཀྱི་འཁྲུངས་ཡུལ་ཁྭ་ཏའི་ཁ་བར་གདན་དྲངས་བར་བཤད་པའི་ངག་རྒྱུན་ཞིག་ཡོད། ཡིན་ནའང་། དེ་ནི་ངག་རྒྱུན་བདེན་པ་ཞིག་མ་ཡིན་ཏེ། ཞལ་ཐང་གི་ངོས་སུ་རྗེ་ཙོང་ཁ་པའི་གཡས་གཡོན་དུ་རྒྱབ་ཚབ་དར་མ་རིན་ཆེན་དང་འདུལ་འཛིན་གྲགས་པ་རྒྱལ་མཚན་ཡོད་པ་བྲག་དགོན་པའི《མདོ་སྨད་ཆོས་འབྱུང》དང་བླ་བྲང་ཨ་ཁུ་ཆིང་ཤེས་རབ་རྒྱ་མཚོའི《སྐུ་བརྙན་འགའི་ལོ་རྒྱུས་མཉན་འོས་གཏམ་གྱི་ཕྲེང་བ》སོགས་སུ་འབྱུང་ན།  རྗེ་ཙོང་ཁ་པ་འདུལ་འཛིན་གྲགས་པ་རྒྱལ་མཚན་དང་མཇལ་བའི་ལོ་ཚིགས་རྣམ་ཐར་སོགས་སུ་མི་གསལ་ཡང་།རྒྱལ་ཚབ་དར་མ་རིན་ཆེན་དང་མཇལ་བའི་ལོ་ནི་སྤྱི་ལོ1396ལོ་ཡིན་ལ།དེ་དུས་རྗེ་ཙོང་ཁ་པ་དགུང་ལོ་བཞི་བཅུ་དང་རྒྱལ་ཚབ་དར་མ་རིན་ཆེན་དགུང་ལོ་སོ་གསུམ་ཡིན།དེ་བས་རྗེའི་རྩ་ཐང་གཞན་ཕན་ཆེན་མོ་འདི་ནི་མ་མཐའ་ཡང་རྗེ་ཙོང་ཁ་པ་དགུང་ལོ་བཞི་བཅུ་བ་སྟེ། སྤྱི་ལོ1396ལོའི་རྗེས་སུ་ཚོང་དཔོན་ནོར་བུ་བཟང་བོར་གནང་བ་ཞིག་ཡིན་ལས་ཆེ། རྗེ་རྩ་ཐང་གཞན་ཕན་ཆེན་མོ་འདིའི་སྲིད་ལ་ལི་སྨི66.7དང་ཞེང་ལི་སྨི50ཡོད།

[19] བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས།《མདོ་སྨད་ཆོས་འབྱུང་།》 [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1982  ལོའི3པར། P.226

[20] དུས་རབས་དྲུག་པའི་དུས་དཀྱིལ་ཙམ་ལ་འཁྲུངས། བཀྲ་ཤིས་ལྷུན་པོ་སོགས་སུ་སློབ་གཉེར་བྱས།མཛད་རྣམ་ལོ་རྒྱུས་ཞིབ་ཆ་མ་རྙེད།

[21] 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་བཞུགས་སོ། །(ཀ)》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི5བར།  P.23

[22] ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། 《རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས།》[M]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོའི4བར། P.406

[23] ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས། 《རྗེ་ཙོང་ཁ་པའི་རྣམ་ཐར་བདེ་ལེགས་ཀུན་གྱི་འབྱུང་གནས།》[M]  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015ལོའི4བར། P.336

[24] འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ།《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི11པར།  P.573

[25]འབྲུག་རྒྱལ་དབང་ཆོས་རྗེ་བློ་བཟང་འཕྲིན་ལས་རྣམ་རྒྱལ།《འཇམ་མགོན་ཆོས་ཀྱི་རྒྱལ་བོ་ཙོང་ཁ་པ་ཆེན་པོའི་རྣམ་ཐར་ཐུབ་བསྟན་མཛེས་པའི་རྒྱན་གཅིག་ངོ་མཚར་ནོར་བུའི་ཕྲེང་བ།》[M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1984ལོའི11པར།  P.585

[26]《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་བཞུགས་སོ། །(ཏ)》[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི5བར།  P.519

[27] 《མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གསུང་འབུམ་བཞུགས་སོ། །(ཀ)》 [M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014ལོའི5བར།  P.22

[28] འགའ་རེས་གསོལ་འདེབས་དང་ཇ་མཆོད་འདི་ནི་རྗེ་ཡབ་སྲས་ཞལ་བཞུགས་པའི་དུས་ནས་ཡོད་པར་སྨྲ་ཡང་།  རྗེ་ཡབ་སྲས་ཀྱི་དུས་སུ་མཛད་པའི་རྣམ་ཐར་སོགས་ན་མི་འབྱུང་བས་བརྟག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།