རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་གསོལ་འདེབས།།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2019-12-05 16:37:45     རྩོམ་པ་པོ།   གྲགས་པ་འཕྲིན་ལས།    ཀློག་ཐེངས།  

༄༅།།མདོ་སྨད་ཙོང་ཁའི་ཡུལ་གྱི་ས་ཡི་ཆར།།

གཟིགས་པ་ལྔ་ཡིས་ལྷུམ་ཞུགས་ཡབ་ཡུམ་གྱི།

མནལ་དུ་རིགས་གསུམ་གཅིག་བསྡུས་རྟགས་དང་བཅས།།

རྒྱལ་སྲས་བལྟམས་པ་མཛད་ལ་གསོལ་བ་འདེབས།།

སྔོན་ཚེ་བག་ཡོད་སྤྱོད་པའི་འབྲས་རྟགས་སུ།།

སྐུ་ཡི་གཟི་བྱིན་ལྷ་བུའི་ཚོགས་ཀྱང་སྐྱེངས།།

དད་བརྩོན་ཤེས་རབ་སྙིང་བརྩེའི་འོད་དཀར་འཚེར།།

ཀུན་གྱིས་དམ་པར་བསྔགས་ལ་གསོལ་བ་འདེབས།།

སྲིད་པའི་ཕུན་ཚོགས་རྨི་ལམ་ཇི་བཞིན་གཟིགས།།

རྣམ་དག་ངེས་འབྱུང་བསམ་པས་རྒྱུད་བསྐུལ་ནས།།

ཚངས་སྤྱོད་ཡོངས་དག་རབ་བྱུང་ལེགས་བསྒྲུབས་པས།།

སྒོ་གསུམ་བག་དང་ལྡན་ལ་གསོལ་བ་འདེབས།།

ཆོས་ལ་ཐོས་བསམ་འདུན་པས་རྐྱེན་བྱས་ནས།།

ལམ་གྱི་དཀའ་བ་བརྒྱ་ཕྲག་ཁྱད་བསད་ཅིང་།།

དབུས་གཙང་ཆོས་ཀྱི་ཞིང་ས་བྱིན་བརླབས་པའི།།

རྒྱལ་སྲས་རྟག་ངུ་གཉིས་པར་གསོལ་བ་འདེབས།།

གནས་ལྔ་མཁྱེན་པའི་ཤེས་རབ་མིག་དང་ལྡན།།

ཉེས་སྤྱོད་སྡོམ་པས་སྒོ་གསུམ་ཞི་ཞིང་དུལ།།

སྙིང་རྗེའི་ཆུ་ཡིས་ཐུགས་རྒྱུད་རབ་བརླན་པའི།།

བཤེས་གཉེན་ཚུལ་བཞིན་བསྟེན་ལ་གསོལ་བ་འདེབས།།

གཞུང་ལུགས་རྒྱ་མཚོ་ལྟ་བུའི་ཚིག་དོན་ལ།།

ངོམས་མི་སླ་བར་ཡང་ཡང་དཔྱད་པའི་དོན།།

སྨྲ་བས་མཁས་པའི་བ་དན་ས་གསུམ་གཡོ།།

ཐོས་བསམ་རྣལ་མ་མཛད་ལ་གསོལ་བར་འདེབས།།

རྫིང་ཕྱི་ལ་སོགས་དབེན་གནས་ངེས་མེད་དུ།།

སྐལ་ལྡན་བུ་སློབ་འབུམ་གྱི་ཁྱུ་ཚོགས་ལ།།

དམ་ཆོས་བདུད་རྩིའི་རོ་ཡིས་ཚིམ་པར་མཛད།།

བཤེས་གཉེན་རྟ་བདུན་དབང་པོར་གསོལ་བ་འདེབས།།

བླ་མ་དབུ་མས་ལོ་ཙཱ་མཛད་པ་ཡིས།།

བརྟན་པའི་འཁོར་ལོར་གཙོ་བོ་ལྟ་ཕྱོགས་ཀྱི།།

དཀའ་གནད་ཉིད་ལ་དྲི་གཏུགས་ལེགས་མཛད་པས།།

གདམས་པ་སུམ་སྒྲིལ་བསྩལ་ལ་གསོལ་བ་འདེབས།།

ལ་ལ་མདོ་ཡིས་སྔགས་འགོག་ལ་ལ་ནི།།

སྔགས་ཀྱིས་མདོ་འགོག་ཚ་གྲང་ལྟ་བུར་མཐོང་།།

དེ་ལྟར་མ་ཡིན་ཕན་ཚུན་གྲོགས་སུ་ཤར།།

མདོ་སྔགས་ཟུང་འབྲེལ་བརྐྱངས་ལ་གསོལ་བ་འདེབས།།

རྒྱུད་སྡེའི་མངའ་བདག་ཁྱུང་པོ་ལྷས་པ་ལས།།

རྡོ་རྗེ་ཐེག་པའི་དབང་ལུང་མན་ངག་རྣམས།།

ལེགས་པར་གསན་པས་བླ་མས་དགྱེས་བཞིན་དུ།།

རྒྱུད་ཀྱི་བདག་པོར་བཀུར་ལ་གསོལ་བ་འདེབས།།

ཐུབ་བསྟན་གསེར་རི་ལྷུན་པོར་དཔྱད་གསུམ་གྱིས།།

བྱི་དོར་ལེགས་མཛད་ཡོངས་རྫོགས་ཐུབ་པའི་བསྟན།།

རང་གི་ཉམས་བཞེས་གཞན་ལ་སྨྲ་བའི་མཆོག།

ཟླ་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས།།

ཡི་དམ་ལྷ་ཡི་ལུང་གིས་བཀོད་པ་བཞིན།།

དཔོན་སློབ་དགུ་པོ་འོལ་ཁ་ཆོས་ལུང་དུ།།

བྱ་བྲལ་ཕེབས་ཤིང་སྣེ་འུ་རྫོང་པ་ཡིས།།

ཞབས་ཏོག་ལེགས་པོ་མཛད་ལ་གསོལ་བ་འདེབས།།

ཕྱག་ཞབས་བརྡོལ་ཡང་བརྩོན་འགྲུས་དྲག་པོ་ཡིས།།

ཕྱག་དང་མཎྡལ་བསགས་སྦྱང་ལེགས་གྲུབ་ནས།།

སངས་རྒྱས་སུམ་ཅུ་སོ་ལྔའི་མཚན་དཔེའི་སྐུ།།

རྒྱུན་དུ་གཟིགས་པ་ཁྱེད་ལ་གསོལ་བ་འདེབས།།

རྒྱ་སོག་ཕུ་རུ་ཏིང་འཛིན་ལ་བཞོལ་བས།།

མངོན་རྟོགས་ཡོན་ཏན་དཔག་པར་དཀའ་བ་བརྙེས།།

ཁྱད་པར་སངས་རྒྱས་བྱང་སེམས་དཔག་མེད་ཀྱི།།

སྐུ་ཡི་སྣང་བ་བྱུང་ལ་གསོལ་བ་འདེབས།།༼༡༽

བྱིན་རླབས་ཚན་ཁ་འབར་བའི་བྱམས་པའི་སྐུ།།

རྡུལ་ནག་ཁྲོད་དུ་འོ་བརྒྱལ་མ་བཟོད་པས།།

རྣམ་ཐོས་སྲས་ལ་མར་གྱི་འཛིན་གཏོར་ཕུལ།།

འཕྲིན་ལས་ནར་མ་བྱུང་ལ་གསོལ་བ་འདེབས།།

གཙུག་ལག་རྟེན་དང་བརྟེན་པ་བཞེངས་མཛད་ནས།།

སྐུ་གསུང་ཐུགས་རྟེན་རབ་གནས་ཆོ་ག་ཡིས།།

དམ་ཚིག་པ་ལ་ཡེ་ཤེས་དངོས་སུ་བསྟིམས།།

བསོད་ནམས་ཞིང་དུ་བསྒྱུར་ལ་གསོལ་བ་འདེབས།།

མཛད་ཆེན་དང་པོའོ།།

གསང་བདག་རྣམ་སྤྲུལ་ནམ་མཁའ་རྒྱལ་མཚན་གྱིས།།

ནན་གྱིས་བསྐུལ་བས་བྲ་འོར་ཞབས་སོར་བཀོད།།

ཕན་ཚུན་བླ་སློབ་གྱུར་ནས་འདུལ་བྱ་ལ།།

ཆོས་ཀྱི་བདུད་རྩིས་འགེངས་ལ་གསོལ་བ་འདེབས།།

དབུ་མའི་ལྟ་དང་རྡོ་རྗེ་ཐེག་མཆོག་ལ།།

ངེས་པ་གཏིང་ནས་འདྲངས་ཕྱིར་འཕགས་ཡུལ་དུ།།

འབྱོན་པའི་དམ་བཅའ་གཙང་མའི་འོད་དཀར་ཅན།།

སྙིང་སྟོབས་ཆེས་ཆེར་འཕེལ་ལ་གསོལ་བ་འདེབས།།

བོད་ཡུལ་སྨག་རུམ་སེལ་ཕྱིར་ལྷོ་བྲག་གིས།།

ཡི་དམ་གསང་བའི་རྡོ་རྗེས་གདམས་པ་བཞིན།།

ཟུར་ཕུད་ལྔ་པར་བརྟེན་པས་རྗེས་འཛིན་ཞེས།།

བཤོལ་འདེབས་ཡང་ཡང་མཛད་ལ་གསོལ་བ་འདེབས།།

ཕྱིར་མི་ལྡོག་པའི་སྐྱབས་མཆོག་དཔལ་བཟང་དང་།།

མདོ་སྔགས་གཞུང་གི་གསུང་གླེང་མཛད་པ་ན།།

ཨ་ཏི་ཤ་ཡི་སྐུ་ཡི་གཟིགས་པ་སྟེར།།

ཇོ་བོ་གཉིས་པར་གྲགས་ལ་གསོལ་བ་འདེབས།།

བླ་མའི་བཀའ་བཞིན་དཔོན་སློབ་སུམ་ཅུ་ལྷག།

ཙཱ་རིར་ཞབས་བཅག་འཁོར་ལོ་སྡོམ་པ་ཡི།།

བདག་འཇུག་ལ་ཞུགས་རྟེན་དང་བརྟེན་པ་བཅས།།

དཀྱིལ་འཁོར་དངོས་སུ་གཟིགས་ལ་གསོལ་བ་འདེབས།།

མོ་ལ་ཞེས་པའི་ལ་རྩར་གཟིམ་ལམ་ན།།

མི་ཕམ་མགོན་པོའི་གསུང་གི་དབུགས་དབྱུང་དུ།།

རྒྱལ་བའི་བསྟན་པ་སྤེལ་ལ་རྒྱལ་བ་ཉིད།།

ཆེས་ཆེར་བསྔགས་པ་ཁྱེད་ལ་གསོལ་བ་འདེབས།།

མདོ་སྔགས་གཞུང་གི་ལམ་གྱི་རིམ་པ་ཀུན།།

གང་ཟག་གཅིག་ཉིད་བགྲོལ་བ་བྱ་བའི་ཕྱིར།།

ཐམས་ཅད་ཉམས་ལེན་ཕྱོགས་སུ་འཁྱེར་ཤེས་པས།།

གསུང་རབ་གདམས་པར་ཤར་ལ་གསོལ་བ་འདེབས།།

བདེ་ལེགས་རྩ་བ་སོ་སོ་ཐར་པ་ཡི།།

བཅས་མཚམས་ཕྲ་མོའི་ཆ་ཡང་མ་དོར་བར།།

འདུལ་བའི་སྲོལ་ཀ་ལེགས་པར་བཙུགས་པ་ཡིས།།

འདུལ་འཛིན་ཆེན་པོར་གྲགས་ལ་གསོལ་བ་འདེབས།།

༼༢༽གཉལ་ཡུལ་སྡེ་སྣོད་འཛིན་པ་མང་འདུས་ཏེ།།

དམ་ཆོས་བདུད་རྩིའི་རོ་ཡིས་ཚིམས་པ་དང་།།

ཞབས་ཏོག་བསྙེན་བཀུར་དཔག་པར་དཀའ་བ་བསྒྲུབས།།

འདི་ཕྱིའི་སྐྱབས་གནས་མཆོག་ལ་གསོལ་བ་འདེབས།།

གང་གི་ཐུགས་བསྐྱེད་གཉལ་གྱི་སྡེ་པ་རྣམས།།

ཕན་ཚུན་རྩོད་པའི་མཚན་མ་ཀུན་ཞི་ནས།།

བདེ་བ་ཀུན་རྫོགས་དུས་ཀུན་ཆོས་ཀྱི་འདའ།།

ཐབས་མཁས་བླ་མ་ཁྱེད་ལ་གསོལ་བ་འདེབས།།

མཛད་ཆེན་གཉིས་པའོ།།

འོ་དེ་གུང་རྒྱལ་ལྷ་ཞོལ་དབེན་གནས་སུ།།

ཐལ་རང་ལྟ་བའི་དཔྱད་པ་རྫོགས་པའི་ཕྱིར།།

གདམས་པ་གསུམ་གྱི་མན་ངག་ཐུགས་སུ་བརྟེན།།

དཔྱད་ཞིབ་ནར་མར་མཛད་ལ་གསོལ་བ་འདེབས།།

ཀླུ་སྒྲུབ་ཡབ་སྲས་ལྔ་པོས་རྟེན་འབྱུང་དང་།།

ཟབ་མོའི་གནས་ལ་འབེལ་གཏམ་བཀའ་བགྲོས་མཛད།།

སངས་རྒྱས་བསྐྱངས་ཀྱིས་རྒྱ་དཔེས་བྱིན་གྱིས་བརླབས།།

ཡང་དག་ལྟ་བ་འཁྲུངས་ལ་གསོལ་བ་འདེབས།།

སྤྲོས་བྲལ་ལྟ་བས་ཡོད་པའི་མཐའ་བསལ་ཞིང་།།

རྟེན་འབྱུང་ཟབ་མོས་མེད་མཐའ་རྡུལ་དུ་བརླགས།།

སྟོང་དང་རྟེན་འབྱུང་ཕན་ཚུན་གྲོགས་སུ་ཤར།།

ངེས་དོན་དབུ་མ་པ་ལ་གསོལ་བ་འདེབས།།

ཐུབ་པའི་དབང་པོར་མི་ཕྱེད་དད་པ་ཡིས།།

ཟབ་མོ་རྟེན་འབྲེལ་གསུངས་པར་བསྟོད་པའི་མཆོག།

དོན་ལྡན་ཚིག་སྦྱོར་ཕུན་ཚོགས་མགྲིན་པར་བརྒྱན།།

སྨྲ་བའི་དབང་པོ་ཁྱེད་ལ་གསོལ་བ་འདེབས།།

ཐེག་པ་ཆེན་པོར་ཁས་འཆེ་སྐྱེ་བུ་རྣམས།།

དམ་སྡོམ་གཙང་ཕྱིར་བྱང་སའི་ཚུལ་ཁྲིམས་དང་།།

བླ་མ་ལྔ་བཅུ་རྩ་ལྟུང་རྣམ་བཤད་བསྩལ།།

གསུམ་ལྡན་རྡོ་རྗེ་འཛིན་ལ་གསོལ་བ་འདེབས།།

བཀའ་གདམས་བསྟན་པའི་ཆུ་འགོ་རྭ་སྒྲེང་དུ།།

རྗེ་བཙུན་རེད་མདའ་ཡབ་སྲས་ཕན་ཚུན་དབར།།

གསལ་བ་རྣམ་གཉིས་ཆོས་ཀྱི་སྐྱེས་བཟང་བསྩལ།།

མདོ་སྔགས་ལེགས་པར་འདོམས་ལ་གསོལ་བ་འདེབས།།

མདོ་རྒྱན་དབུ་མཐའ་ཀུན་བཏུས་ལ་སོགས་པའི།།

ཐེག་ཆེན་གཞུང་རྣམས་གོང་འོག་ལེགས་བསྒྲིགས་ཏེ།།

ལམ་རིམ་སྤྱི་དང་ཁྱད་པར་ཞི་གནས་ཀྱི།།

དམིགས་རྣམ་ལེགས་པར་འདོམས་ལ་གསོལ་བ་འདེབས།།

བྱང་ཆུབ་ཡེ་ཤེས་གཙུག་ལག་ཁང་བཟང་དུ།།

ཡབ་སྲས་གཉིས་དང་སྐྱབས་མཆོག་དཔལ་བཟང་སོགས།།

འདུས་པ་དྲུག་བརྒྱ་ལྷག་ཙམ་དབྱར་ཞུགས་མཛད།།

འགྲོ་རྣམས་སྨིན་པར་མཛད་ལ་གསོལ་བ་འདེབས།།

སངས་རྒྱས་བསྟན་པའི་གནས་ཚད་འདུལ་བསྟན་ལ།།

རག་ལས་མཁྱེན་པས་སྡེ་བཞིའི་བཅས་ཕྲ་དང་།།

ཉམས་པ་ཕྱིར་བཅོས་བྱ་ཚུལ་ལེགས་བཙུགས་པས།།

བསྟན་པའི་དཔལ་གྱུར་ཁྱེད་ལ་གསོལ་བ་འདེབས།།

མིང་ཙམ་དབེན་པའི་བླ་གོས་མཐང་གོས་དང་།།

གདིང་བ་ལྷུང་བཟེད་བྱིན་ལེན་རུང་ཆུ་སོགས།།

བསླབ་གཞི་ཕྲ་མོ་ཙམ་ཡང་གསལ་བར་སྟོན།།

འདུལ་བསྟན་རྒྱས་པར་མཛད་ལ་གསོལ་བ་འདེབས།།

མཁས་པས་བསྐུལ་བས་བྱང་གི་རྭ་སྒྲེང་དུ།།

གསུང་རབ་ཀུན་གྱི་ཉིང་ཁུ་ཟ་མ་ཏོག།།

ཆེ་བ་བཞི་ལྡན་བྱང་ཆུབ་ལམ་རིམ་བརྩམས།།

སྙིགས་དུས་འདྲེན་པ་ཁྱེད་ལ་གསོལ་བ་འདེབས།།

སྡེ་བདུན་མདོ་དང་བཅས་པའི་བརྗོད་བྱ་རྣམས།།

རིགས་ལམ་ཐོག་དྲངས་ཐར་པའི་རྩ་བར་བསྟན།།

སྔོན་མེད་ལེགས་བཤད་བདུད་རྩིས་ཚིམས་པར་མཛད།།

རིག་པའི་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས།།

འོལ་ཁའི་བྱམས་པ་གླིང་དུ་ཕྱག་ཕེབས་ནས།།

རྗེ་བཙུན་མཁྱེན་པའི་གཏེར་གྱི་གསུང་སྣང་ལས།།

ཀླུ་བྱང་རྣམ་བཞག་རིམ་པའི་ཊཱིཀྐ་ཞིག།

བརྩམ་པའི་བསྐུལ་མ་མཛད་ལ་གསོལ་བ་འདེབས།།

རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན།།

རིམ་གཉིས་སྤྱི་དང་ཁྱད་པར་སྒྱུ་ལུས་ཀྱི།།

མཁས་རློམ་ཕལ་ཆེས་རྟོགས་པར་དཀའ་བའི་གནད།།

ཇི་བཞིན་མཁྱེན་པའི་གཏེར་ལ་གསོལ་བ་འདེབས།།

ལྷ་ཡིས་ལུང་བསྟན་མི་ཡིས་གསོལ་བ་བཞིན།།

རྒྱུད་སྡེ་བཞི་ཡི་ལམ་གྱི་གནད་སྟོན་པའི།།

གསང་ཆེན་ལམ་གྱི་རིམ་པའི་སྒྲོན་མེ་མཛད།།

རྡོ་རྗེ་འཆང་དབང་ཁྱེད་ལ་གསོལ་བ་འདེབས།།

དབུ་མ་རྩ་བའི་དཀའ་གནད་འགའ་ཞིག་ལ།།

སོམ་ཉི་དྲ་བ་བསལ་ཅིང་འགྲེས་རྐང་རྣམས།།

བཙོ་མའི་ཡི་གེ་བར་སྣང་གང་བར་འཁྲིགས།།

མཁྱེན་པའི་དཀྱིལ་འཁོར་རྒྱས་ལ་གསོལ་བ་འདེབས།།

ར་ཁ་བྲག་ཏུ་བྱོན་ནས་རྗེ་བཙུན་གྱི།

གསུང་གིས་བསྐུལ་བས་དབུ་སེམས་གྲུབ་མཐའ་ཅོག།

མ་འདྲིས་གསལ་བར་མཛད་པའི་སྒྲོན་མེ་སྤར།།

གངས་ཅན་ཤིང་རྟ་ཆེན་པོར་གསོལ་བ་འདེབས།།

༼༣༽ཐུབ་པ་ཆེན་པོས་མུ་སྟེགས་སྟོན་པ་དྲུག།

ཕམ་མཛད་ནག་ཕྱོགས་བདུད་ཀྱི་རྒྱལ་མཚན་བསྙིལ།།

བ་དན་དཀར་པོ་བསྒྲེངས་པའི་ཆོས་འཕྲུལ་དུས།།

སྲོལ་བཟང་ལེགས་པོ་བཙུགས་ལ་གསོལ་བ་འདེབས།།

རྒྱལ་བ་ཉིད་ཀྱི་ལུང་གིས་གསལ་བ་བཞིན།།

རྟེན་གཙོ་ཇོ་བོ་རྣམ་གཉིས་སྣང་བརྙན་ལ།།

རིགས་ལྔའི་དབུ་རྒྱན་འབུལ་བའི་མཛད་བཟང་བསྐྱངས།།

ཚོགས་རབ་ཡོངས་སུ་རྫོགས་ལ་གསོལ་བ་འདེབས།།

གཞན་ཡང་ཆོས་གོས་གསུམ་དང་མཎྜལ་དང་།།

གསེར་ཆབ་ལྷ་བཤོས་མཆོད་ཡོན་བགྲངས་ལས་འདས།།

སྣང་གསལ་སྒྲོན་མེས་ས་གཞི་ཕྱོགས་ཀུན་གསལ།།

དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།།

རྒྱ་སྲིད་རིན་ཆེན་བདུན་དང་རྫས་བརྒྱད་དང་།།

བཀྲ་ཤིས་རྟགས་བརྒྱད་ལྷ་མའི་འདོད་ཡོན་ཚོགས།།

རྫས་སྔགས་ཏིང་འཛིན་ཕྱག་བརྒྱས་སྤྲུལ་ནས་ཕུལ།།

རྒྱལ་བ་དགྱེས་པ་མཛད་ལ་གསོལ་བ་འདེབས།།

མཛད་ཆེན་གསུམ་པའོ།།

འབྲོག་རི་དགའ་ལྡན་གླིང་དེ་ཕྱག་བཏབ་ཅིང་།།

ནང་རྟེན་སྐུ་ཡིས་སྐྱེ་དགུའི་ཡིད་རབ་འཕྲོག།

གཙུག་ལག་རྟེན་གསུམ་འགྲོ་བའི་བསོད་ནམས་ཞིང་།།

ལེགས་པར་བསྐྲུན་མཛད་ཁྱེད་ལ་གསོལ་བ་འདེབས།།

མ་སྨིན་གསང་བའི་དགག་བྱ་ཆེ་གཟིགས་ནས།།

སྔགས་ཀྱི་སྒྲུབ་ཁང་ཡངས་ཅན་གཙུག་ལག་བཏབ།།

ཐུབ་པ་ཚུལ་ཁྲིམས་མ་དང་གསང་བདེ་འཇིགས།།

བློས་བསླངས་བཞེངས་མཛད་ཁྱེད་ལ་གསོལ་བ་འདེབས།།

༼༤༽བདེ་མཆོག་བློས་བསླངས་དཀྱིལ་འཁོར་ལ་བརྟེན་ནས།།

དཀྱིལ་འཁོར་པ་རྣམས་སྒྲུབ་པ་མཛད་པའི་ཚེ།།

དཔལ་ལྡན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་གྱི།

རྟེན་དང་བརྟེན་པ་ཤར་ལ་གསོལ་བ་འདེབས།།

མཁའ་འགྲོའི་ཚོགས་ཀྱིས་མཆོད་པའི་དབྱངས་རྟ་ནི།།

གང་གི་སྙན་དབང་བུ་གར་ལེགས་ཞུགས་ཤིང་།།

ཏིང་འཛིན་པིར་ལེགས་མ་དང་དཔྱིད་རྒྱལ་གྱི།

བསྟོད་དབྱངས་ལེགས་པར་མཛད་ལ་གསོལ་བའདེབས།།

མཛད་ཆེན་བཞི་པའོ།།

མཐའ་ཡས་སྡེ་སྣོད་འཛིན་པའི་རྐང་དྲུག་ཚོགས།།

ཆུ་སྐྱེ་དམ་པ་ཉིད་ལ་རབ་འཁོར་ཏེ།།

དགའ་ལྡན་གླིང་དུ་དམ་ཆོས་བདུད་རྩིའི་རོས།།

སྐལ་ལྡན་སྨིན་པར་མཛད་ལ་གསོལ་བ་འདེབས།།

རེ་ཞིག་དངོས་ཀྱི་གདུལ་བྱ་རྫོགས་པ་དང་།།

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཏུ།།

རྣམ་མང་ངོ་མཚར་འབུམ་གྱི་རྟགས་དང་བཅས།།

མྱ་ངན་འདའ་བ་མཛད་ལ་གསོལ་བ་འདེབས།།

སྐུ་ཡི་མདངས་དང་གཞོན་ཤ་མ་ཡལ་བ།།

ཐམས་ཅད་འོད་ཀྱི་ལྷ་བུའི་གཞོན་ནུ་ལྟར།།

བར་དོ་སྒྱུ་མའི་སྐུར་བཞེངས་ཐབས་མཁས་ཀྱིས།།

མཆོག་གི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས།།

དེང་ནས་ཚེ་རབས་ཀུན་ཏུ་ཙོང་ཁ་པའི།།

གསུང་གི་བདུད་རྩིའི་རོ་ཡིས་འཚོ་བ་དང་།།

གཞུང་ཆེན་རྒྱ་མཚོའི་ཆུ་ཐིག་ཙམ་བླངས་ནས།།

ཁྱོད་གསུང་བསྒྲུབ་པ་སྙིང་པོ་བྱེད་པ་ཤོག།

དལ་འབྱོར་རྙེད་དཀའ་ཚེ་ལ་ལོངས་མེད་པའི།།

ལེགས་པར་འོང་བའི་མན་ངག་ལ་བརྟེན་ནས།།

ཆོས་བརྒྱད་གོང་བུ་ཞུགས་པའི་འཕྲུལ་སྣང་ཅན།།

ཚེ་འདིའི་སྣང་ཤས་ཟློག་པར་བྱིན་གྱིས་རློབས།།

སྐབས་གསུམ་གཟུགས་མེད་ལྷ་ཡི་གནས་ཐོབ་ཀྱང་།།

ལས་ཀྱི་འཕེན་པ་རྫོགས་ན་སྡུག་བསྔལ་གྱི།

རྒྱ་མཚོར་ལྟུང་བའི་ལས་འབྲས་མི་བསླུ་བསམ།།

ཕྱི་མའི་སྣང་ཤས་ལྡོག་པར་བྱིན་གྱིས་རློབས།།

དེ་ལྟར་སྦྱངས་པས་ལྷ་མིའི་ཕུན་ཚོགས་ཀུན།།

ཆུ་ཤིང་བཞིན་དུ་སྙིང་པོ་མེད་གཟིགས་ཤིང་།།

ཉིན་མཚན་ཀུན་ཏུ་ཐར་པ་འདོད་པའི་བློ།།

ངེས་འབྱུང་རྣམ་དག་སྐྱེ་བར་བྱིན་གྱིས་རློབས།།

རིག་པའི་ཐོག་མཐའ་མེད་པའི་འབྲས་རྟགས་ལས།།

འགྲོ་ཀུན་མ་མ་ཤེས་པའི་ཞིང་ས་རུ།།

དྲིན་དྲན་བྱམས་པའི་ཆུ་ཡིས་རབ་བརྐྱངས་པའི།།

སྙིང་རྗེའི་མྱུ་གུ་སྐྱེ་བར་བྱིན་གྱིས་རློབས།།

མར་ཤེས་དྲིན་དྲན་རྒྱུ་འབྲས་མན་ངག་བདུན།།

བདག་གཞན་མཉམ་པར་བརྗེ་བའི་མན་ངག་གཉིས།།

ལེགས་པར་གོམས་པས་རྒྱལ་སྲས་འཇུག་ངོགས་མཆོག།

སེམས་སྐྱེད་རྣམ་དག་སྐྱེ་བར་བྱིན་གྱིས་རློབས།།

རང་བཞིན་རྡུལ་ཙམ་དབེན་པའི་ལྟ་བ་དང་།།

མིང་རྐྱང་བཏགས་ཡོད་ཙམ་གྱིས་འཁོར་འདས་ཀུན།།

འཐད་པར་འདོམས་པའི་ཀླུ་སྒྲུབ་ཡས་སྲས་ཀྱི།།

ཡང་དག་ལྟ་བ་སྐྱེ་བར་བྱིན་གྱིས་རློབས།།

རྒྱུད་སྡེ་འོག་མ་གསུམ་གྱི་རྣལ་འབྱོར་དང་།།

ཁྱད་པར་བླ་མེད་རིམ་གཉིས་དབེན་གསུམ་གྱི།

ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་ལ།།

བདེ་བླག་ཉིད་དུ་འཇུག་པར་བྱིན་གྱིས་རློབས།།

རྟོགས་བརྗོད་རྗེས་དྲན་རོལ་མོའི་དགེ་བ་འདིས།།

ཐུབ་བསྟན་སྤྱི་དང་རྒྱལ་བ་ཙོང་ཁ་པའི།།

ལུང་རྟོགས་བསྟན་པ་ཕྱོགས་མཐར་རྒྱས་པ་དང་།།

འཇམ་མགོན་རྒྱལ་བས་རྗེས་སུ་འཛིན་གྱུར་ཅིག།

ཅེས་རྗེ་ཙོང་ཁ་པ་གང་ཉིད་སྐུ་ཞི་བར་གཤེགས་ནས་བགྲང་བྱ་དྲུག་བརྒྱ་འཁོར་བའི་ལྔ་མཆོད་ཀྱི་རྗེས་དྲན་ཙམ་དུ་དགའ་ལྡན་གྱི་གྲལ་མཐའ་འཛིན་པ་གུས་གྲགས་པ་འཕྲིན་ལས་ནས་བྲིས་པའོ།།

  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

 གསལ་འདེབས། 
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།