རྗེ་བསམ་པ་མྱུར་འགྲུབ་མ་བཞུགས་སོ། །

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-11-28 18:51:27     རྩོམ་པ་པོ།   ངག་དབང་ཚུལ་ཁྲིམས་དོན་ལྡན།    ཀློག་ཐེངས།  

དགའ་ལྡན་གསེར་ཀོང་རྡོ་རྗེ་འཆང་གི་གསུང་།རྗེ་བཙུན་ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་བསམ་པ་མྱུར་འགྲུབ་མ་བཞུགས་སོ། །

༄༅། །ན་མོ་གུ་རུ། 

དུས་གསུམ་རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་མཆོག ། 

གསུམ་ལྡན་ངུར་སྨྲིག་འཛིན་པའི་གར་རོལ་བ། ། 

སྐུ་ལྔ་ཡེ་ཤེས་ལྷུན་གྲུབ་ཆོས་ཀྱི་སྐུ། །

 རྗེ་བཙུན་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། ། 

བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ། 


རང་བཞིན་གདོད་ནས་དག་པའི་འོད་གསལ་བ། ། 

མ་འགགས་རང་རྩལ་ལོངས་སྤྱོད་རྫོགས་པའི་སྐུ། ། 

སྐུ་ཐུགས་ཟུང་དུ་འཇུག་པའི་བདག་ཉིད་ཆེ། །

རྗེ་བཙུན་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །

བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ། 


ནམ་མཁའི་ཁམས་མཉམ་མཐའ་ཡས་འགྲོ་བ་ལ། ། 

གང་ལ་གང་འཚམ་དེ་ལ་དེར་འཚམ་པའི། ། 

སྤྲུལ་སྐུའི་བཀོད་པ་སྣ་ཚོགས་སྟོན་མཛད་པ། །

 རྗེ་བཙུན་བློ་བཟང་གྲགས་པ་ལ་གསོལ་བ་འདེབས། །

 བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །

 

ཁྱོད་ལ་རྩེ་གཅིག་གསོལ་བ་བཏབ་པའི་མཐུས། ། 

ནད་མུག་འཁྲུགས་རྩོད་ནད་རིམས་གདོན་བགེགས་སོགས། ། 

སྙིགས་མའི་དུས་ངན་རང་མདངས་ཀུན་ཞི་ནས། ། 

མཐུན་རྐྱེན་ལེགས་ཚོགས་འཕེལ་བར་གསོལ་འདེབས་ན། །

 བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ། 


མ་རིག་རྨོངས་པའི་མུན་པ་ཀུན་བསལ་ནས། །

 བློ་གྲོས་མཆོག་གི་སྣང་བ་རབ་ཏུ་རྒྱས། ། 

གཞུང་ལུགས་པདྨའི་འདབ་བརྒྱ་བཞད་པའི་གཉེན། །

 ཕན་བདེའི་འོད་སྣང་རྒྱས་བྱེད་གསོལ་བ་འདེབས། ། 

བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །


 བདག་སོགས་དད་ལྡན་གདུལ་བྱའི་ཚོགས་རྣམས་ཀྱི། །

སྐྱབས་མགོན་རེ་ས་གཞན་ན་མ་མཆིས་པས། ། 

ཉིན་མཚན་དུས་དྲུག་ཀུན་ཏུ་གསོལ་འདེབས་ན། ། 

བླ་མའི་བྱིན་རླབས་སེམས་ལ་འཇུག་བྱིན་རློབས། ། 


ཚེ་ཡི་མཐར་ཡང་བློ་བཟང་གྲགས་པའི་དཔལ། ། 

འཁོར་དང་བཅས་པ་མཐོང་ནས་དེ་མ་ཐག ། 

བུ་བུ་དགའ་ལྡན་མཁའ་སྤྱོད་གནས་འགྲོ་ཞེས། ། 

གསུང་གི་དབུགས་འབྱིན་སྣང་བ་ཐོབ་པ་སོགས། ། 

ཐུགས་རྗེས་ཟུངས་ཤིག་བླ་མ་རིན་པོ་ཆེ། ། 

བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། ། 


ཞེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་བརྟེན་པའི་གསོལ་འདེབས་བསམ་པ་མྱུར་འགྲུབ་མ་འདི་ལྟ་བུ་ཞིག་དགོས་ཞེས་ཞྭ་སེར་བསྟན་པའི་གསལ་བྱེད་ཏྲེ་ཧོར་གྲོང་སར་མཆོག་གི་སྤྲུལ་པའི་སྐུ་བློ་བཟང་དཔལ་ལྡན་ནས་རབ་དཀར་མཛོད་བཏགས་ཕྱི་གོང་ས་བཅུའི་གྲངས་ལྡན་དང་བཅས་ཏེ་བཀའ་ནན་ཆེན་པོས་བསྐུལ་ངོ་མ་ལྡོག་པར་ཆོས་སྡེ་ཆེན་པོ་འབྲས་སྤུངས་ཀྱི་བསྟི་གནས་ནས་འཇམ་མགོན་རྒྱལ་བ་གཉིས་པར་མི་ཕྱེད་པའི་དད་ལྡན་བཙུན་གཟུགས་གསེར་ཀོང་སྐྱེ་མིང་ངག་དབང་ཚུལ་ཁྲིམས་དོན་ལྡན་གྱིས་གུས་པས་སྤེལ་བའོ། །

རྐང་ཚའི་ཡེ་ཤེས་རྒྱ་མཚོས་མ་ཡིག་མཚམས་སྦྱོར་བྱས།

ཁོ་ཚེ་འཇམ་དབྱངས་བཀྲ་ཤིས་ཀྱིས་ཤེས་རིག་ནོར་བུའི་གླིང་དུ་གཏག

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།