རྗེ་བླ་མས་བླ་མ་གང་དག་བསྟེན་པའི་སྐོར་རགས་ཙམ་བཀོད་པ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-11-18 21:04:25     རྩོམ་པ་པོ།   བྱ་མདོ་བཟོད་པ་རྒྱ་མཚོ    ཀློག་ཐེངས།  

རྗེ་བཙུན་བླ་མ་དམ་པ་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཙོང་ཁ་བ་ཆེན་མོ་༧རྒྱལ་བ་བློ་བཟང་གྲགས་པ་དཔལ་བཟང་བོ་གང་དེ་ཉིད་ནི་མདོ་ཁམས་སྨད་ཀྱི་སའི་ཆ་ཙོང་ཁའི་ཡུལ་དུ་རབ་བྱུང་དྲུག་པའི་མེ་བྱ་སྤྱི་ལོ༡༣༥༧ལོ་སྐུ་འཁྲུངས། 

དགུང་ལོ་གསུམ་གྱི་སྟེང་ཀརྨ་རོལ་བའི་རྡོ་རྗེ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས་ཤིང་མཚན་ལ་ཀུན་དགའ་སྙིང་བོ་གསོལ། 

དགུང་ལོ་བདུན་གྱི་སྟེང་ཆོས་རྗེ་དོན་གྲུབ་རིན་ཆེན་༼རྗེ་ཡི་བླ་མ་དག་ལས་བཀའ་དྲིན་ཆེ་ཤོས༽ལས་དགེ་ཚུལ་གྱི་སྡོམ་པ་དང་། གཙོ་བོ་སྔགས་ཕྱོགས་ཀྱི་དབང་ལུང་མང་དུ་གསན། 

བཅུ་དྲུག་པར་དབུས་སུ་ཕེབས་པ་དང་། བཅུ་བདུན་པར་འབྲི་གུང་དཔལ་གྱི་ནགས་ཁྲོད་ཅེས་པའི་དགོན་དུ་སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་མཇལ་ནས་ཐེག་ཆེན་སེམས་བསྐྱེད་དང་། ཕྱག་ཆེན་ལྔ་ལྡན་གྱི་ཁྲིད། རྡོ་རྗེ་ཕྲེང་བ་སོགས་བཀའ་ཆོས་མང་དུ་གསན། ཐོག་མཐའ་བར་གྱི་སྨོན་ལམ་དུས་དེར་གསུངས། གྲོགས་ཁ་ཤས་དང་མཉམ་དུ་སྨན་པ་མཁས་པ་དཔོན་དཀོན་མཆོག་སྐྱབས་ཞེས་པ་ལས་གསོ་དཔྱད་སྐོར་ལ་སྦྱངས། 

དེ་ནས་བདེ་བ་ཅན་དུ་བྱོན་ནས་གསན་སྦྱོང་གི་གཙོ་བོ་ཡོན་ཏན་རྒྱ་མཚོ་དང་། ཞར་ཆོས་པ་ཨུ་རྒྱན་པ་གཉིས་དང་། སྙེ་ཐང་བ་བཀྲ་ཤིས་སེང་གེ་དང་། གདན་ས་བ་དགེ་བསྐོས་པ་བཅས་བརྟེན་ནས་མངོན་རྟོགས་རྒྱན་རྩ་འགྲེལ་དང་བཅས་ལ་བྱང་བར་སྦྱངས། བདེ་བ་ཅན་གྱི་བྱམས་ཆོས་ལ་ཤིན་ཏུ་མཁས་པའི་དགེ་བཤེས་ཆེན་མོ་འཇམ་དབྱངས་རིན་ཆེན་པ་ལས་མདོ་སྡེ་རྒྱན་སོགས་བྱམས་ཆོས་རྣམས་ལེགས་པར་གསན་ཅིང་ཐུགས་སུ་ཆུད་པར་མཛད། བདེ་བ་ཅན་དུ་བཞུགས་སྐབས་ཤིག་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་སྤྲུལ། ས་སྐྱོང་མིའི་དབང་བོ་ཕག་མོ་གྲུ་པའི་གདུང་རྒྱུད་ཀྱི་གཙུག་རྒྱན་དུ་གྱུར་བ། དཔལ་ལྡན་བླ་མ་དམ་བསོད་ནམས་རྒྱལ་མཚན་པ་དབེན་གནས་དངུལ་ཆུ་ཆོས་རྫོང་དུ་ཕེབས་པ་དང་མཇལ་ནས་འཇམ་དཔལ་ཨ་ར་པ་ཙ་ནའི་རྗེས་གནང་དང་། བདེ་མཆོག་དྲིལ་བུ་བའི་ལུས་དཀྱིལ་གྱི་དབང་། གུར་མགོན་གྱི་རྗེས་གནང་བཅས་གསན་པ་དང་། བླ་མ་དེས་པཎ་ཞྭ་གནང་ནས་བུའི་ལུགས་ཀྱི་བསྟན་པའི་བདག་པོར་དབང་བསྐུར། དེ་དུས་དགེ་འདུན་ཉི་ཤུ་དང་བསམ་གཟུགས་སྐོར་ལ་ཟིན་བྲིས་མཛད།

 དགུང་ལོ་བཅུ་དགུ་ལས་མ་སོན་པའི་རྗེ་བླ་མས་བདེ་བ་ཅན་སོགས་སུ་གྲྭ་སྐོར་མཛད་ནས་སྙན་པའི་གྲགས་པ་ཕྱོགས་བཅུར་ཁྱབ་བོ།། དེ་ནས་གཙང་ཕྱོགས་སུ་འབྱོན་པའི་ལམ་སྐབས་སུ་ཞ་ལུར་ཕེབས་ནས་བུ་སྟོན་གྱི་གདན་ས་འཛིན་མཁན་ལོཙྪ་བ་མཁན་ཆེན་རིན་ཆེན་རྣམ་རྒྱལ་དང་མཇལ་ནས་མེ་ཏྲི་བཅུ་གསུམ་མའི་དབང་གསན། ས་སྐྱར་ཕེབས་པ་ཆོས་མཚམས་ལ་ཁེལ་བས་སྐུ་ངལ་ཙམ་ཡང་མ་གསོས་པར་ས་བཟང་དུ་བྱོན་ནས་པཎ་ཆེན་མ་ཏི་པའི་དྲུང་ནས་ཆོས་བཀའ་དུ་མ་གསན་པ་སོགས་གཅིག་དུ་ཐོས་བསམ་ལ་གཞོལ་བའོ།། དེ་ནས་ཇོ་མོ་གླིང་དུ་ཕེབས། ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་གྱི་དྲུང་ནས་དུས་འཁོར་གྱི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་སོགས་གསན། དེ་ནས་བོ་དོང་ལ་བྱོན་པའི་ལམ་བར་དུ་སྤྱི་བོ་ལྷས་སུ་བྱོན་ནས་དེའི་མཁན་ཆེན་པ་ལས་བཀའ་གདམས་གླེགས་བམ་དང་བྱང་ཆུབ་ལམ་རིམ་གྱི་ལུང་གསན། སྣར་ཐང་དུ་ཕེབས་ནས་འཇམ་སྐྱས་མཛད་པའི་ཕར་ཕྱིན་གྱི་ཊིཀྐར་མཛོད་ཀྱི་ལུང་མང་དུ་དྲངས་པ་གཟིགས་ཅིང་དོན་རྟོགས་དཀའ་བར་དགོངས་ནས་སྣར་ཐང་གི་བླ་མ་ལོ་ཙྭ་བ་དོན་བཟང་བ་ལས་བསམ་བཟང་གི་ཊིཀྐའི་སྟེང་མཛོད་ཀྱི་བཤད་པ་ཚར་གཅིག་གསན་པས་ཐུགས་ཡིད་དེ་ཙམ་ཁེངས་པ་མ་བྱུང་། ཉ་ཊིཀྐ་གཟིགས་པས་ཐུགས་འཕྲོག་ནས་ཉ་དབོན་ཀུན་དགའ་དཔལ་བའི་དྲུང་དུ་རྩེ་ཆེན་དུ་བྱོན་པ་དང་། ཕར་ཕྱིན་གྱི་གཟབ་བཤད་ཚར་གཅིག་གསན་པས། བླ་མ་དེའི་མཁྱེན་དཔྱོད་ཀྱིས་རྗེ་བླ་མའི་ཐུགས་ཡིད་རབ་དུ་དྲངས་དེ་སྤྱི་བོར་བཀུར་ཏོ།། ཉ་དབོན་ཚང་ལ་མངོན་པ་མཛོད་ཀྱི་ཁྲིད་ཞུས་པར་ཁོང་གི་སློབ་མའི་གྲས་ཀྱི་མངོན་པ་ལ་མཁས་པ་རྗེ་བཙུན་རེད་འདའ་བའི༼རྗེ་ཙོང་ཁ་བས་རྒྱལ་བའི་གསུང་རབས་ཀྱི་དྲང་ངེས་འབྱེད་པའི་ཤིང་རྟ་ཆེན་པོ་དག་གི་ལམ་སྲོལ། ཕྲ་ཞིབ་རིགས་པའི་སྒོ་ནི་དང་བོ་རྗེ་འདི་ལས་རྙེད་པས་འགྲན་ཟླ་མེད་པའི་བླ་མའི་གཙོ་བོར་མཛད་དོ།།༽མདུན་དུ་མངགས་པ་དང་། དེར་མཛོད་རང་འགྲེལ་དང་བཅས་པའི་མཛུབ་ཁྲིད་ཞིབ་རྒྱས་གནང་བས་དད་གུས་ཆེན་པོ་འཁྲུངས་ལ། རྗེ་བཙུན་རེད་འདའ་བ་ནི་ཁོང་གི་རྣམ་དཔྱོད་ཀྱིས་ཐུགས་འཕྲོག་དེ་ཞལ་ནས་ཁྱོད་ལྟ་བུའི་སློབ་མར་ཁྲིད་བྱེད་པ་ལ་བླ་མས་ཀྱང་ཧ་ཅང་སྒྲིམ་དགོས་པ་འདུག་ཅེས་གསུངས་སྐད། དེ་དུས་སུ་མངོན་པ་གོང་མའི་བདག་པོར་གྱུར་བའི་མཁས་གྲུབ་གཉིས་ལྡན་གྱི་དབང་ཕྱུག་མཁན་ཆེན་ལོཙྪ་བ་བྱང་ཆུབ་རྩེ་མོ་ལས་མངོན་པ་ཀུན་བཏུས་གསན་པར་དགོངས་ཀྱང་དགུང་ལོ་ཤིན་ཏུ་མཐོ་བ་སོགས་ཀྱི་རྐྱེན་པའི་ཆོས་འབྲེལ་ཙམ་ལས་མ་ཡོང་། 

དགུང་ལོ་ཉི་ཤུ་བཞེས་པའི་སྐབས་འདུལ་མཛོད་ལ་ཤིན་ཏུ་མཁས་པར་གྲགས་པའི་སྐྱོར་མོ་ལུང་གི་མཁན་པོ་དཀའ་བཞི་བ་བླ་མ་བློ་གསལ་བའི་ཞབས་དྲུང་དུ་འདུལ་བ་མདོ་རྩ་ཆ་ལག་དང་བཅས་པ་གསན་པའི་ཞོར་ལ་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་བཞིན་ཤོག་བུ་མདའ་ཚད་མ་བཅུ་བདུན་རེ་ཆག་མེད་དུ་ཐུགས་འཛིན་མཛད། ལོ་དེའི་དགུན་གནས་རྙིང་དུ་བཞུགས་ཤིང་ཞབས་ཕྱིར་བྱོན་པ་འགས་ནན་ཆེར་གསོལ་བ་བཏབ་པར་བརྟེན་མངོན་པ་ཀུན་བཏུས་གསུངས་པ་ནི་རྗེ་བླ་མའི་སྐུ་ཚེ་ནང་དགེ་འདུན་མང་ལ་གཞུང་ཆེན་གསུངས་པའི་ཐོག་མའོ།། 

ཉེར་གཅིག་བཞེས་པའི་ལོར་ས་སྐྱར་བྱོན་ནས་ཟླ་བ་བཅུ་གཅིག་རིང་བླ་མ་རེད་མདའ་བ་༼ཕན་ཚུན་བླ་སློབ་ཡིན༽ལས་ཀུན་བཏུས་དང་། རྣམ་འགྲེལ། འཇུག་པ། འདུལ་བ་སོགས་ཀྱི་ཁྲིད་དང་ལུང་སོགས་མང་དུ་མནོས། བླ་མ་རྡོ་རྗེ་རིན་ཆེན་པ་ལས་རྒྱུད་བརྟག་གཉིས་ས་སྐྱའི་ལུགས་ཀྱི་བཤད་པ་ཚར་གཅིག་གསན། བླ་མ་རེད་མདའ་བའི་བཀས་དབང་གིས་ས་སྐྱའི་དགེ་བཤེས་དགྲེས་པོ་ཞིག་ལས་མན་ངག་བླངས་ཏེ་བསྒོམ་པས་སྙུང་གཞི་ཡང་ལྷག་མེད་དུ་དག་པར་གྱུར་ཏོ།། 

ཉེར་གཉིས་བཞེས་པའི་སྐབས་མ་ཡུམ་གྱི་དབུ་སྐྲ་དཀར་བོ་ལན་བུ་ཅིག་དང་འཕྲིན་ཡིག་འབྱོར་ནས་ཕ་ཡུལ་དུ་ལོག་པར་གསོལ་བ་བཏབ་ན་ཡང་སློབ་གཉེར་གྱི་བཀག་ཡིན་པར་གཟིགས་ནས་མ་ཕེབས། ལོ་དེའི་སྟོན་མལ་གྲོ་ལྷ་ལུང་གི་བླ་མ་བསོད་ནམས་གྲགས་པ་ལས་ཆོས་ལུང་མང་རབ་གསན། དེའི་དགུན་བདེ་བ་ཅན་དུ་བཞུགས་སྐབས་ཆེན་པོ་ཧོར་གྱི་རྒྱལ་སྲས་ཞིག་ནས་ཞུ་འཕྲིན་དང་ལེགས་སྐྱེས་མང་དུ་ཕུལ་བ་འདིས་ནི་དགོང་ལོ་ཉེར་གཉིས་ལས་སོན་མེད་པའི་རྗེ་བླ་མའི་མཚན་སྙན་ཤར་ཕྱོགས་ཡོངས་ལ་ཁྱབ་ཡོད་པ་ཤེས་ནུས་སོ།། ༼འདི་དང་ཏ་མང་རྒྱལ་བོས་གདན་འདྲེན་ཞུས་པ་གཉིས་བསྲེས་བར་མི་བྱའོ།།༽ བློ་གསལ་བགྲོད་པའི་ཐེམ་སྐས་འདི་དུས་བརྩམ་གནང་མཛད། ཉེར་གསུམ་པའི་སྐབས་སྤྱིར་རྣམ་འགྲེལ་གྱི་དོན་མཐའ་དག་ཐུགས་སུ་ཆུད་ཡོད་ནའང་བླ་མའི་བཀའ་ལས་བླ་མ་ལོཙྪ་བ་དོན་བཟང་བས་མཛད་པའི་རྣམ་འགྲེལ་གྱི་རྣམ་བཤད་བླ་མ་དེ་ལས་ཚར་གཅིག་གསན། ལོ་ཙྪ་བ་ནམ་མཁའ་བཟང་བོ་ལས་སྙན་ངག་མེ་ལོང་མ་དང་། ཙཎྡྲ་པ། ཀ་ལ་པ་སོགས་སྒྲ་རིགས་པའི་བཤད་པ་ལན་གཅིག་གསན་པས་མཁས་པར་གྱུར། དེར་བཞུགས་རིང་བླ་མ་རེད་མདའ་བ་ལས་གཙོ་བོ་དབུ་ཚད་མངོན་པ་དང་། ཕར་ཕྱིན་འདུལ་བ་གཉིས་ཀྱང་ཚར་རེ་གསན། རེད་མདའ་བ་ལས་དབུ་མ་ལ་འཇུག་པ་ལས། རྩ་ཤེས་སོགས་རིགས་ཚོགས་རྣམས་སྣར་ཐང་མཁན་པོ་ཀུན་དགའ་རྒྱལ་མཚན་ལས་བླངས། ཟུར་ཆེན་གྱི་བླ་མ་ཁྲི་བ་གཅིག་ལས་ཀྱང་དེ་དག་གི་ལུང་ཐོབ་པར་གསུངས།

ཡར་ལུང་རྣམ་རྒྱལ་གྱི་ཇོ་གདན་དགོན་པར་ཕེབས་ནས་ཇོ་གདན་མཁན་པོ་དཀའ་བཞི་བ་ཚུལ་ཁྲིམས་རིན་ཆེན་པས་མཁན་པོ་དང་། བྱེ་རྫིང་ཚོགས་པའི་མཁན་པོ་གནས་བརྟན་འདུལ་བ་འཛིན་པ་ཤེས་རབ་མགོན་པོས་ལས་སློབ། བྱེ་རྫིང་དབུ་མཛད་སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་དེ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་བཞེས། དེ་རྗེས་གདན་ས་ཐེལ་དུ་སྤྱན་སྔ་རིན་པོ་ཆེ་གྲགས་པ་བྱང་ཆུབ་པ་དང་བཀའ་མཆིད་མཛད་པ་ལ་རྗེ་བླ་མས་དཀའ་གནད་ཅན་མང་དུ་ཞུས་པར་རྟེན་ཐུགས་འཕྲོག་ནས་རྗེས་སོར་དྲུང་འཁོར་དག་ལ་སྐུ་གཞོན་ནུའི་དུས་ནས་ཕུལ་དུ་བྱུང་བའི་བླ་མ་འདི་འདྲ་བྱོན་པའི་ཚེ། ང་རྒས་ནས་ན་ཚོད་ཡོལ་བ་སྐལ་བ་ཞན་པར་འདུག་ཅེས་པའི་གསུང་ཡང་ཡང་འབྱོན་སྐད། དེའི་ཚེ་སྤྱན་སྔ་རིན་པོ་ཆེ་ལས་ལམ་འབྲས་ཀྱི་མན་ངག་ཡོངས་རྫོགས། ནཱ་རོ་ཆོས་དྲུག ཕག་མོ་གྲུ་པའི་གསུང་འབུམ། ཆོས་རྗེ་མགོན་པོའི་ གསུང་འབུམ་དྲྭགས་པོ་རིན་པོ་ཆེ་ནས་བརྒྱུད་པའི་ཆོས་སྐོར་མང་བོ་མནོས། ལོ་ཙྪ་བ་ནམ་མཁའ་བཟང་བོ་ལས་སྒྲ་རིག་པའི་ས་རིས་ཡོངས་རྫོགས་ཅིག་གསན་པའི་ཐུགས་འདུན་ཆེ་ཡང་འགལ་རྐྱེན་ཅུང་བྱུང་བས་རྫོགས་པར་གསན་རྒྱུ་མ་བྱུང་ཡང་རྗེས་སུ་འོད་ཁ་སོགས་སུ་རྫོགས་པར་བྱས།

དེ་ནས་སྐྱིད་ཤོད་དུ་ཕེབས་དེ་དགུང་ལོ་ཉེར་ལྔ་ནས་ཉེར་དགུའི་བར་ཚལ་གུང་ཐང་དུ་བཞུགས་ནས་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་ལ་གཟིགས་རྟོག་མཛད། གསུང་རབས་མཐའ་དག་གི་དོན་ལ་དཔྱོད་པའི་སྒོ་དུ་མ་ཞིག་ཐུགས་ལ་འཁྲུངས། མངོན་རྟོགས་རྒྱན་འགྲེལ་བ་དང་བཅས་པའི་རྣམ་བཤད་ཆེན་མོ་ལེགས་བཤད་གསེར་གྱི་ཕྲེང་བ་རྩོམ་པའི་དབུ་བཙུགས།

དགུང་ལོ་ཉེར་དགུའི་དུས་བདེ་བ་ཅན་དུ་བཞུགས་པའི་སྐབས་ཤིག་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་བྱོན་ནས་ད་ཕྱིན་ཆད་པཎ་ཞྭ་གསེར་མདོག་ཅན་གྱོན་ན་བསྟན་པ་དྲི་མ་མེད་པར་འགྱུར་བ་སོགས་ཀྱི་དགོས་པ་ཡོད་ཅེས་པའི་ལུང་བསྟན། དུས་དེ་ནས་རྗེ་བླ་མས་དབུ་ཞྭ་སེར་བོ་བཞེས་པར་མཛད།

དགུང་ལོ་སུམ་བཅུ་བཞེས་པའི་ནང་སྐྱོར་མོ་ལུང་དུ་དུས་འཁོར་ལ་མཁས་པར་གྲགས་ལའི་ཚལ་བ་བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་པ་ལས་དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་བཤད་པ་ཞིབ་པར་གསན་ཞིང་། རྒྱུ་མཚན་རྩིས་དང་ལག་ལེན་རྩིས་རྣམས་ལའང་མཁས་པར་སྦྱངས།

དགུང་ལོ་སོ་གཅིག་བཞེས་པའི་དབྱར་ཆོས་བདེ་བ་ཅན་དུ་ཕེབས་ནས་བློ་གསལ་འདུས་པ་རྒྱ་མཚོ་ལ་སྡེ་སྣོད་ཀྱི་བཤད་པ་མང་དུ་མཛད་ཞིང་། ལོ་འདིའི་ཟླ་ལྔ་བར་གསེར་ཕྲེང་གི་མཇུག་རྫོགས་པར་བྱས། དགུང་ལོ་སོ་གཉིས་པའི་སྐབས་སྨོན་མཁར་བཀྲ་ཤིས་གདོང་གི་ལྷ་ཁང་དུ་རྗེའི་སློབ་མ་དགེ་བཤེས་ཤ་སྟོན་སོགས་ཀྱིས་གསོལ་བ་ནན་ཆེར་བཏབ་པར་བརྟེན་ཞལ་གྱིས་བཞེས་ནས་ཉིན་གཅིག་ལ་རྒྱ་གཞུང་བཅོ་ལྔའི་དབུ་བཙུགས་ཤིང་གསུངས་པར་པོ་ཏི་ཆུང་བ་གཉིས་ཚར་བའི་ཚེ། ཡང་པོ་ཏི་ཆུང་བ་གཉིས་བསྣན་ནས་པོ་ཏི་བཅུ་བདུན་༼བྱམས་ཆོས་སྡེ་ལྔ། རིགས་ཚོགས་ལྔ། བཞི་བརྒྱ་བ། དབུ་མ་འཇུག་པ། སྤྱོད་འཇུག མངོན་པ་གོང་འོག་གཉིས། འདུལ་བ་མདོ་རྩ། ཚད་མ་རྣམ་འགྲེལ། ༽ལ་གསུང་བཤད་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད་དོ།།

དགུང་ལོ་སོ་བཞི་བར་རོང་གི་སྣུབས་ཆོས་ལུང་དུ་བཞུགས་དུས་མཁན་པོ་གྲགས་པ་བཤེས་གཉེན་ལས་བཀའ་ལུང་ཅི་རིགས་དང་། འཇག་ཆེན་བྱམས་པ་དཔལ་ལས་མགོན་པོ་ཕྱག་དྲུག་གི་ཆོས་སྐོར་གསན། བུ་སྟོན་ལས་དུས་འཁོར་འགྲེལ་ཆེན་ཚར་བཅུ་བདུན་གསན་མྱོང་བའི་བླ་མ་ཆོས་ཀྱི་དཔལ་བའི་དྲུངས་དུ་དུས་འཁོར་འགྲེལ་ཆེན་རྫོགས་པར་གསན།

དགུང་ལོ་སོ་ལྔའི་དཔྱིད་བླ་མ་དེ་ཉིད་ལས་རྒྱུད་འགྲེལ་གྱི་བཤད་པ་དང་། ཕྱག་ལེན་གྱི་འཛུབ་ཁྲིད། སྦྱོར་དྲུག་གི་ཉམས་ལེན་སོགས་རྫོགས་པར་གསན། དུས་དེར་ཞ་ལུ་ན་བུ་སྟོན་གྱི་མཆོད་གཡོག་པའི་གཙོ་བོ་ཡོ་གའི་ལག་ལེན་ལ་མཁས་པ་ཚེ་དབང་ཞེས་པའི་སློབ་མ་ཡོ་ག་ལ་ཤིན་ཏུ་མཁས་པ་མགོན་བཟང་ཞེས་པ་གདན་དྲངས་ནས་རྡོར་དབྱངས་དང་། དཔལ་མཆོག་རྩེ་མོ་སོགས་རྣལ་འབྱོར་རྒྱུད་ཀྱི་དཀྱིལ་འཁོར་རྣམས་ཀྱི་ཐིགས་གདབ་པ། ཕྱག་རྒྱ་དང་གར་བྱེད་པ། དབྱངས་འཐེན་པ། དཀྱིལ་ཆོག་གི་དོན་ལ་སོགས་ལ་བྱང་བར་སླབས།

དགུང་ལོ་སོ་དྲུག་པ་ལ་རྡོ་རྗེ་འཛིན་པ་ཁྱུང་བོ་ལྷས་པ་ལས་ཡོ་གའི་དཀྱིལ་འཁོར་ཆེན་པོ་སོགས་རྣལ་འབྱོར་རྒྱུད་དང་། སྤྱོད་རྒྱུད། བྱ་རྒྱུད་ཀྱི་དབང་རྣམ་དག་བོད་དུ་མ་ཆད་པར་ཡོད་པ་ཕལ་ཆེར་རྫོགས་པར་གསན། བཀའ་ཐམས་ཅད་ཀྱི་མཇུག་དུ། ད་ནི་ཆོས་ཐམས་ཅད་བསྟན་པའི་བདག་པོ་ལ་འཕྲོད་སོང་བས་འགྱོད་པ་མེད་དོ་ཞེས་དགྱེས་པ་ཆེན་པོས་གསུངས། བླ་མ་དབུ་མ་བ༼་ཕན་ཚུན་བླ་སློབ་ཡིན༽དང་ལྷན་ཅིག་དགའ་བ་གདོང་དུ་ཕེབས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཆོས་སྐོར་མང་དུ་ཞུས། དེ་སྔོན་བླ་མ་དབུ་མ་བས་རྗེ་ལས་དབྱངས་ཅན་མའི་རྗེས་གནང་ཙམ་གསན་ཀྱང་ཕར་ཆོས་འབྲེལ་ཞུས་པ་མི་སྣང་། བླ་མ་དབུ་མ་བ་ལ་ལོཙྪ་བ་བཅོལ་ནས་རྗེ་བཙུན་ལ་ལྟ་བའི་སྐོར་གྱི་དྲི་བ་མང་དུ་མཛད། རྗེ་བཙན་གྱིས་བྱ་བྲལ་ལ་བྱོན་ནས་མན་ངག་སུམ་སྒྲིལ་དུ་བྱས་ལ་ཉམས་སུ་ལོང་དང་རིང་བོ་མི་ཐོག་པར་ལྟ་བའི་གནད་མཐར་ཐུག་པ་རྟོགས་ཡོང་ཞེས་ལུང་བསྟན་པ་ལྟར་ལོ་དེའི་སྟོན་ཁར་འཁོར་དག་པ་རྣམ་བརྒྱད་ཕྱག་ཕྱིར་ཁྲིད་ནས་སྐྱོར་མོ་ལུང་བརྒལ་ཏེ་འོད་ཁའི་ཕྱོགས་སུ་བྱོན།

དགུང་ལོ་སོ་བདུན་པ་ལ་འོལ་ཁ་རུ་རྟོགས་ལྡན་པ༼ཕན་ཚུན་བླ་སློབ་ཡིན་པ།༽ས་བླ་མ་དབུ་མ་བའི་ལུང་བསྟན་ཕྲན་བུ་འགའ་ཞིག་གསུངས་པ་རྗེ་དང་འཁོར་གཞན་བདུན་དང་བརྒྱད་ཀྱིས་གསན། འོད་ཁར་བསགས་སྦྱང་ལ་གཅིག་ཏུ་བརྩོན་པར་མཛད་པའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་སྐུ་ཤིན་ཏུ་ཆེ་བ་གཟི་བརྗིད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་ལ་སངས་རྒྱས་དང་བྱང་སེམས་མང་བོས་སྐོར་ནས་བཞུགས་པ་དངོས་སུ་གཟིགས་པ་ནས་སྐུ་ཚེ་གང་བོར་འབྲལ་མེད་རྗེས་སུ་བཟུང་བའི་བླ་མའི་གཙོ་བོ་ཉག་གཅིག་དུ་གྱུར་ཏོ།། 

སོ་བརྒྱད་པར་འོལ་ཁའི་བྱམས་པ་ཞིག་གསོ༼རྗེའི་མཛད་ཆེན་བཞིའི་དང་བོ༽་མཛད། རབ་གནས་སོགས་འཇུག་གི་བྱ་བ་རྣམས་ལེགས་པར་གྲུབ་རྗེས། ཟབ་མོ་ལྟ་བའི་སྐོར་ལ་སྒྲོ་འདོགས་གཅོད་པ་དང་། དབུ་མ་དང་སྔགས་ཀྱི་སྐོར། བྱེ་བྲག་ཏུ་གསང་འདུས་དང་བདེ་མཆོག་གི་སྐོར་རྣམས་གཏན་ལ་འབེབས་པའི་ཆེད་དུ་རྒྱ་གར་དུ་འབྱོན་པར་དགོངས་ནས། ལྷོ་བྲག་ལ་བྱོན་པ་དང་ལྷོ་བྲག་པ་ནམ་མཁའ་རྒྱལ་མཚན་༼ཕན་ཚུན་བླ་སློབ་ཡིན༽གྱིས་ནན་ཞུས་ལྟར་ལྷོ་བྲག་བྲ་བོ་དགོན་པར་མཇལ་བ་ན་དཔོན་སློབ་གཉིས་ལ་ཡ་མཚན་པའི་གཟིགས་སྣང་བྱུང་། གྲུབ་ཆེན་པ་ལས་བླ་མའི་རྣལ་འབྱོར་དང་། ཕྱག་ན་རྡོ་རྗེས་གསུངས་པའི་གསང་བ་བསམ་གྱིས་མི་ཁྱབ་པའི་ཁྲིད་ལུང་རྗེས་གནང་། ཕྱག་རྡོར་སྐུ་ལྔའི་རྗེས་གནང་། དྲེགས་པ་ཀུན་འདུལ་གྱི་དབང་། རྟ་མགྲིན་དཔའ་གཅིག་ཞལ་གསུམ་ཕྱག་དྲུག་པའི་རྗེས་གནང་སོགས་ཕྱག་ན་རྡོ་རྗེའི་སྒྲུབ་སྐོར་དང་། དེའི་རྫོགས་རིམ་གྱི་ཉམས་ཁྲིད་སོགས་ཞུས། རྒྱ་གར་དུ་ཕེབས་ན་པཎྜི་ཏ་ཆེན་པོར་འགྱུར་ནའང་སྐུ་ཚེ་ཐུང་དུ་འགྲོ་བ་དང་། ཕྱིར་བོད་དུའང་མི་འབྱོན་པར་འདུག དེ་ལས་འདི་ནས་ཙ་རིར་དང་། གཉལ་སོགས་སུ་ཕེབས་ན་བསྟན་འགྲོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བ་སོགས་གྲུབ་ཆེན་པས་ལུང་བསྟན་པ་ལྟར་དགུང་ལོ་སོ་དགུའི་སྟེང་སླར་ལོག་ནས་གཉལ་ལོ་རོར་བྱོན། གཉལ་གྱི་བྲ་གོར་དགོན་དུ་བྱོན་ནས་མཁན་ཆེན་ཆོས་སྐྱབས་བཟང་བོ་ལས་འདུལ་མངོན་དབུ་མ་སོགས་གྱི་ལུང་དང་། བེའུ་བུམ་སྔོན་པོ་རྩ་འགྲེལ། སྤྱོད་འཇུག བློ་སྦྱོང་སོགས་མདོ་སྔགས་ཀྱི་གདམས་པ་མང་བོ་དང་། པོ་ཏོ་བ་ནས་ཤར་བ་དང་། དོལ་བ་ལས་བརྒྱུད་པའི་བཀའ་གདམས་གཞུང་བ་བའི་ལམ་ཁྲིད་རྫོགས་པར་གསན།

 དགུང་ལོ་ཞེ་གཅིག་གི་ལོར་གཉལ་གྱི་སྟོད་རབ་གྲོང་དགོན་དུ་དབྱར་གནས་མཛད། དེ་ཚེ་རྒྱལ་ཚབ་དར་མ་རིན་ཆེན་མཆོག་གིས་རྗེའི་མཚན་སྙན་ཐོས་པས་རྩོད་པར་འོངས་ནས་སློབ་མར་གྱུར། ༼མཛད་ཆེན་གཉིས་པ་གཉལ་གྱི་ལུང་རྭ་ཆེན་མོ་འདི་དུས་བྱུང་།༽འོད་ཁར་བྱིན་ནས་བུད་ངྷ་བཱ་ལི་ཏར་གཟིགས་པས་ཐལ་འགྱུར་བའི་ལྟ་བའི་གནད་ཕྲ་མོ་རྣམས་ལ་སྔར་དང་མ་འདྲ་བའི་ངེས་པ་གཏིང་ཚུགས་རྙེད། 

དགུང་ལོ་ཞེ་ལྔ་བ་ལ་བླ་མ་རེད་མདའ་བ་དང་རྗེ་བླ་མ་དཔོན་སློབ་གཉིས་རྭ་སྒྲེང་དུ་གཞུངས་རིང་རེད་མདའ་བ་ལས་རིགས་པ་དྲུག་ཅུ་བ་དང་། གསང་འདུས་རིམ་ལྔ་སོགས་གསན། བླ་མ་རེད་མདའ་བས་ཀྱང་རྗེ་བླ་མ་ལས་དབུ་མ་རྩ་ཤེས་དང་། གསང་འདུས་ཀྱི་འགྲེལ་བ་སྒྲོན་གསལ་རྫོགས་པར་གསན་ནས་ཕན་ཚུན་བླ་སློབ་དུ་གྱུར། 

དགུང་ལོ་ཞེ་དྲུག་པ་ལ་ལོ་ཆེན་སྐྱབས་མཆོག་སོགས་ཀྱིས་ནན་ཆེར་སྐུལ་བ་དང་ཇོ་བོ་རྗེས་ལུང་བསྟན་པ་སོགས་ལ་རྟེན་ནས་སྐལ་ལྡན་བྱང་ཆུབ་འདོད་པ་རྣམས་ཀྱི་མིག་གཅིག་བུར་གྱུར་བའི་བྱང་ཆུབ་ལམ་རིམ་ཆེན་མོ་མཛད། ༼འདི་དུས་རྗེ་ཙོང་ཁ་བ་དང་། རྗེ་བཙུན་རེད་མདའ་བ། ལོ་ཆེན་སྐྱབས་མཆོག་དཔལ་གསུམ་གནམ་རྩེད་ལྡེང་དུ་འདུལ་བ་དག་ཐེར་མཛད་ནས་སོ་ཐར་གྱི་ལུགས་གཙང་མར་མཛད་པ་དེ་མཛད་ཆེན་བཞིའི་ཡ་གྱད་ལ་བགྲངས་མཁན་སྣང་།༽ དགུང་ལོ་ཞེ་དགུའི་སྟེང་བྱམས་པ་གླིང་དུ་སྔགས་རིམ་ཆེན་མོ་བརྩམས། དགུང་ལོ་ང་གཅིག་པར་སེ་ར་ཆོས་སྡིངས་དུ་བཞུགས་པ་མཁས་གྲུབ་རྗེས་གསན་ནས་མཇལ་བར་ཕེབས་པས་ནང་ཐུགས་ཀྱི་སྲས་གཅིག་བུར་གྱུར། 

དགུང་ལོ་ང་གཉིས་པ་ར་ཁ་བྲག་དུ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ལུང་བསྟན་པ་ལྟར་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུར་གྲགས་པའི་བསྟན་བཅོས་ལེགས་བཤད་སྙིང་བོ་མཛད། ༼དགུང་ལོ་ང་གསུམ་པ་ལ་མཛད་ཆེན་གསུམ་པ་ལྷ་ལྡན་སྨོན་ལམ་ཆེན་མོ་བཙུགས།༽ 

དགུང་ལོ་ང་གསུམ་པ་ལ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ།

 དགུང་ལོ་ང་ལྔ་བར་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྔོན་རྗེ་བཙུན་གྱིས་ལུང་བསྟན་ལྟར་གསང་བ་འདུས་པའི་རྫོགས་རིམ་གྱི་རྒྱ་ཆེར་བཤད་པ་རིམ་པ་ལྔ་རབ་དུ་གསལ་བའི་སྒྲོན་མེ་ཞེས་བྱ་བ་རྨད་དུ་བྱུང་བའི་ལེགས་བཤད་ཀྱི་གཏེར་ཆེན་པོ་དེ་བརྩམས། དགུང་ལོ་རེ་གཅིག་ལོར་མཛད་ཆེན་བཞིའི་མཐའ་མ་༼དགའ་ལྡན་སྒྲུབ་མཆོད་ཆེན་མོ་བཙུགས།༽ 

དགུང་ལོ་རེ་གསུམ་པ་ལ་བསྟན་བཅོས་ཀྱི་མཐའ་མ་བདེ་མཆོག་རྩ་རྒྱུད་ཀྱི་ཊིཀྐ་བདེ་མཆོག་སྦས་དོན་ཀུན་གསལ་མཛད། འདི་ལོའི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔའི་ཉིན་གྱི་སྔ་དྲོ་དང་བོ་ནས། ཞབས་རྡོ་རྗེ་དཀྱིལ་མོ་ཀྲུང་དུ་མཛད། ཕྱག་གཉིས་མཉམ་པར་བཞག་སྟེ་ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པ་ལས་ཉི་མ་ཤར་རྗེས་ཙམ་ལ་རང་ཅག་གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་སྣང་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏོ།།

ཀྱི་ཧུད་བདག་བློ་རྨོངས་པས་བཅོམ།།

འདི་འདྲའི་ཡོན་ཏན་ཕུང་བོ་ལ།།

རིང་ནས་སྐྱབས་སུ་སོང་གྱུར་ཀྱང་།།

ཡོན་ཏན་ཆ་ཙམ་མ་འཚལ་ཏོ།།

འོན་ཀྱང་འཆི་བདག་ཁར་ཕྱོགས་པའི།།

སྲོག་གི་རྒྱུན་ནི་མ་ནུབ་པར།།

ཁྱོད་ལ་ཅུང་ཟད་ཡིད་ཆེས་པ།།

འདི་ཡང་སྐལ་བ་བཟང་སྙམ་བགྱིད།།

རྗེ་བླ་མ་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་ངོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་ཙམ་དུ་བཟོད་པ་རྒྱ་མཚོས་བྲིས།


            རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།