ཆེད་བསྒྲིགས། རྗེ་ཙོང་ཁ་བ་རྗེས་དྲན་སྙན་ཚོམ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-12 11:33:58     རྩོམ་པ་པོ།   དགེ་བསྙེན་བསོད་རྒྱལ་སོགས།    ཀློག་ཐེངས།  

 

微信图片_20171212080911.jpg

རྗེས་དྲན་དད་པའི་མཚོ་མོ། 。。。。。。。。。。。。。。。。。。。。。。。 འོད་དཀར།    

རྗེ་བླ་མ་ཙོང་ཁ་བ་ཆེན་མོ་རྗེས་སུ་དྲན་པ།。。。。。。。。。。。。。。。。。。。。དབུས་སྨྲ་བ།

དགའ་ལྡན་ལྔ་མཆོད་ཆེན་པོ་ལ་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ཁྱེད་ཉིད་སྙིང་ནས་དྲན་བྱུང་།。。。དགེ་བསྙེན་བསོད་ནམས་རྒྱལ

དབུ་ཞྭ་སེར་པོ།。。。。。。。。。。。。。。。。。。。。。。。。རས།

རྗེས་དྲན།。。。。。。。。。。。。。。。。。。。。。。。。。。བདེན་དོན་གྱི་བཟི་ཁ

གསེར་གྱི་ཉི་ཟླ་ཙོང་ཁ་པ།。。。。。。。。。。。。。。。。。。。。。。。ཆོས་རབ།

ཙོང་ཁའི་ཡུལ་ནས་མཆེད་པའི་འཛམ་གླིང་གི་ཉི་མ་སེར་བོ།。。。。。。。。。。。。。。。。 རྨེའུ-རྡེའུ་དཀར།

ཙོང་ཁའི་བླ་མ་རྗེས་དྲན།。。。。。。。。。。。。。。。。。。。。。。。འབོར་ཡིག་རྫི།

རྗེ་བཙུན་བླ་མ་དྲན་པའི་མཆོད་དབྱངས་ཕར་ཕྱིན་དྲུག་མ།。。。。。。。。。。。。。。。。 དག་སྨྱོན།

 རྗེ་བླ་མ་ཙོང་ཁ་བ་ཆེན་མོ་རྗེས་སུ་དྲན་པ།

དབུས་སྨྲ་བ།

      ༄༅།།མཁས་གྲུབ་ཡོངས་ཀྱི་རལ་བའི་ཟུར་ཕུད་ཀྱི་རྩེ་མོར་ཞབས་སེན་ངལ་གསོ་མཛད་ཅིང་སྣང་སྟོང་ཟུང་འཇུག་ཏུ་སྨྲ་བའི་དཔལ་གྱི་མགུར་ལས་ལེགས་བཤད་ཟད་མི་ཤེས་པ་ཀློང་ནས་བརྡོལ་བའི་རྗེ་བླ་མ་ཙོང་ཁ་བ་ཆེན་མོ་རྗེས་སུ་དྲན་པ།

ལེགས་བཤད་གཙུག་ལག་ཀུན་གྱི་སྙིང་བོ་རྣམས།།

སྨྲ་ལ་ལྗགས་ཀྱི་འདབ་མར་ལྷོད་ཆགས་ཤིང་།།

སྡེབ་ལེགས་ཚིག་ལ་སྙན་པའི་དཔལ་སྟེར་མ།།

ངག་དབང་ལྷ་མོས་ངག་གི་སྒོ་བརྒྱ་ཕྱེས།།

གསང་གསུམ་རྩིབས་སྟོང་ལྡན་པའི་འཁོར་ལོ་ཡིས།།

མདོ་སྔགས་ཆོས་ཀྱི་སྲིད་ལ་དབང་བསྒྱུར་ཏེ།།

སྐལ་ལྡན་སྨིན་གྲོལ་ལམ་ལ་འགོད་མཁས་པའི།།

རྒྱལ་བ་བློ་བཟང་གྲགས་པའི་མཛད་རྣམ་དྲན།།

སྟོན་པ་ཐུབ་དབང་སྨྲ་བ་ཟླ་མེད་པར།།

སྒྲུབ་ཕྱིར་སྟོང་བ་རྟེན་འབྱུང་རང་དབང་དུ།།

གཟིགས་ཤིང་གསུངས་པའི་ཚུལ་ལས་བརྩམས་པ་ཡི།།

རྟེན་འབྲེལ་བསྟོད་པ་མཛད་པའི་རྣམ་ཐར་དྲན།།

སྦས་དོན་མངོན་རྟོགས་རྒྱལ་ཚབ་བྱམས་པའི་བཀའ།།

དངོས་བརྒྱད་བདུན་ཅུའི་ངོ་བོ་གྲངས་ངེས་སོགས།།

གསལ་མཛད་རྒྱན་འགྲེལ་ཉེར་གཅིག་མ་འདྲེས་པར།།

ལེགས་བཤད་གསེར་གྱི་ཕྲེང་བས་བཀྲལ་འདི་དྲན།།

དངོས་བསྟན་སྟོང་བ་ཉིད་ཅེས་ཟབ་མོའི་དོན།།

དབུ་ཚད་རིགས་པ་སེངྒེ་མཇིང་བསྣོལ་གྱིས།།

དགག་སྒྲུབ་རྩལ་ཁ་འབར་བའི་ཟླ་མེད་གཞུང་།།

རྩ་འཇུག་རྣམ་བཤད་མཛད་པའི་རྣམ་ཐར་དྲན།།

སྔ་རབས་ལ་སོགས་གྲུབ་མཐས་སྒྲོ་བཏགས་ཀྱི།།

དགག་བྱ་ཁྱབ་ཆེ་ཁྱབ་ཆུང་འགོག་པའི་ཆེད།།

ལུང་རིགས་མེ་སྟག་འཕྲོ་བའི་རལ་གྲི་ཆེ།།

ལྷག་མཐོང་ཆེ་ཆུང་བརྩམས་པའི་རྣམ་ཐར་དྲན།།

རྒྱལ་བས་ལུང་བསྟན་ཀླུ་སྒྲུབ་ཐོགས་མེད་བཞིན།།

དབུ་སེམས་སོ་སོའི་ལུགས་ཀྱི་དྲང་ངེས་ཚུལ།།

འཆུག་མེད་ལུང་རིགས་གཟེར་བུ་བཏབ་པ་ཡི།།

ལེགས་བཤད་སྙིང་བོ་བརྩམས་པའི་མཛད་རྣམ་དྲན།།

བསྟན་པའི་ནང་མཛོད་སྟོན་པའི་གདུང་འཚོབ་མཆོག།

འདུལ་བའི་མདོ་དོན་མེ་ཏོག་སིལ་མའི་ཕྲེང་།།

ལུས་ངག་རྒྱན་དུ་བྱས་ཤིང་ལག་ལེན་ལ།།

བསྟར་བའི་རྣམ་ཐར་གཙང་མ་སྙིང་ནས་དྲན།།

མཛོད་འདུལ་ཕ་རོལ་ཕྱིན་པའི་སྤྱོད་པ་ཀུན།།

དབུ་ཚད་ཟུང་དུ་འཇུག་པའི་རིགས་ལམ་གྱིས།།

གདན་ཐོག་གཅིག་ནས་གདམས་པར་འཁྱེར་བདེའི་ཕྱིར།།

ལམ་རིམ་ཆེན་མོ་མཛད་པའི་རྣམ་ཐར་དྲན།།

རྫོགས་སངས་རྒྱས་ཀྱི་ས་ལ་བགྲོད་པའི་ཐབས།།

རྒྱུད་སྡེ་བཞི་ཡི་ས་དང་ལམ་གྱི་ཚུལ།།

ཉམས་ལེན་རིམ་པར་བསྒྲིགས་པའི་ལེགས་བཤད་ཆེ།།

སྔགས་རིམ་ཆེན་མོ་མཛད་པའི་རྣམ་ཐར་དྲན།།

ཕ་རྒྱུད་ལམ་གྱི་སྙིང་བོ་སྒྱུ་ལུས་དེ།།

གསལ་བྱེད་སྔོན་མེད་རིམ་ལྔ་གསལ་སྒྲོན་དང་།།

མ་རྒྱུད་སྙིང་བོ་འོད་གསལ་རྩལ་བཏོན་པའི།།

སྦས་དོན་ཀུན་གསལ་མཛད་པའི་རྣམ་ཐར་དྲན།།

དབུ་མའི་ལྟ་དང་སྔགས་ལམ་ཟུང་འབྲེལ་སྒོས།།

ཉམས་སུ་ལེན་ཅིང་སྡོམ་ཁྲིམས་གཙང་མར་གནས།།

མདོ་སྔགས་ཡོངས་རྫོགས་དྲི་མེད་ལུང་རིགས་ཀྱིས།།

སྨྲ་བའི་དགེ་ལྡན་སྲོལ་ཆེན་ཕྱེས་པ་དྲན།།

ལོག་པའི་ལམ་ཞུགས་དཔྱད་གསུམ་རིགས་པས་བཀག།

རྒྱལ་བའི་ལམ་བཟང་ལུང་རིགས་དཔེ་ཡིས་བསྒྲུབས།།

བསྟན་པའི་གནད་ལ་རིགས་པའི་མཚོན་ཐོགས་པའི།།

སྨྲ་བའི་སེང་གེ་དཀར་མོའི་མཛད་རྗེས་དྲན།།

རྟག་ཆད་མཐའ་གཉིས་བཀག་པས་ལྟ་བ་མཐོ།།

བྱིང་རྒོད་སྐྱོན་དང་བྲལ་བས་སྒོམ་པ་ཟབ།།

བསླབ་ཁྲིམས་མངོན་ལྐོག་མེད་པས་སྤྱོད་པ་གཙང་།།

ལྟ་སྒོམ་སྤྱོད་པ་གཏུགས་ས་ཁྱེད་ཉིད་དྲན།།

མཁས་གྲུབ་བྱེ་བས་གཏུགས་སའི་ལེགས་བཤད་གཏེར།།

མན་ངག་འབུམ་ཕྲག་ཅིག་ཅར་ལེན་སའི་མཛོད།།

ལྟ་གྲུབ་གཙང་མའི་གནད་བརྒྱ་སྟོན་མཛད་པའི།།

འཇམ་མགོན་བློ་བཟང་གྲགས་པའི་མཛད་རྣམ་དྲན།།

སྙན་ངག་ཚིག་འབྲུ་ལེགས་པའི་རྗོད་བྱེད་དང་།།

བརྗོད་དོན་རྐྱེན་གྱི་བརྡ་སྤྲོད་གཙུག་ལག་ཀུན།།

མདོ་སྔགས་གཞུང་དང་སྦྱར་བའི་མཛེས་སྡུག་ཆ།།

གསུང་རྩོམ་ཀུན་ལ་རྫོགས་པའི་ཁྱེད་ཉིད་དྲན།།

མདོ་རྒྱུད་གོང་འོག་བསྒྲིགས་པའི་གཞུ་མོའི་སྟེང་།།

རིགས་ལམ་རྡོ་རྗེ་མདའ་མོའི་སྣེ་བཞག་ནས།།

ལོག་འཛིན་སྲོག་ལ་གཟས་པའི་ལེགས་བཤད་ཀྱི།།

ལྕགས་གཞུ་ལྕགས་མདའ་གནང་བའི་བཀའ་དྲིན་དྲན།།

སྲིད་ཞིའི་གཙུག་ལག་ཀུན་གྱི་བཅུད་འདུས་པའི།།

མདོ་སྔགས་ཆོས་ཀྱི་སྙིང་བོ་མ་ལུས་པ།།

ལེགས་བཤད་གསུང་རབ་པོད་ཕྲེང་བཅོ་བརྒྱད་དུ།།

བསྡུས་ནས་ཤུལ་དུ་བཞག་པའི་བཀའ་དྲིན་དྲན།།

ཐོས་བསམ་སྒོམ་པས་རང་རྒྱུད་ཚིམ་པའི་སྟེང་།།

འཆད་རྩོད་རྩོམ་པས་གཞན་དོན་སྒྲུབ་མཁས་ཤིང་།།

གཞུང་ལུགས་རབ་འབྱམས་ལུང་དང་རིགས་པ་ཡིས།།

འཁྲུལ་མེད་སྨྲ་ལ་ཁྱེད་དང་མཚུངས་པར་ཤོག།

འདི་བྲིས་དགེ་བས་ཚེ་རབས་ཐམས་ཅད་དུ།།

མདོ་སྔགས་ཆོས་ཚུལ་སྤེལ་ལ་ཟླ་མེད་པ།།

འཇམ་མགོན་ཁྱེད་ཀྱི་གསང་གསུམ་མཛད་པ་ལྟར།།

བསྟན་འགྲོའི་དོན་ཀུན་སྒྲུབ་ལ་དབང་འབྱོར་ཤོག།

༧ ཅེས་དབུས་སྨྲ་བས་རབ་གནས་མེ་བྱ་ལོའི་དགའ་ལྡན་ལྔ་མཆོད་ཉིན་རང་སྤྱིལ་ལུང་རིགས་འཚོལ་བའི་ལྡིང་ཁང་དུ་བྲིས་པ་དགེ་ལེགས་འཕེལ།༢༠༡༧/༡༠/༢༥/

       རྗེས་དྲན་དད་པའི་མཚོ་མོ།

                                                                   འོད་དཀར།

             ༄། །ཕ་བླ་མ་བློ་བཟང་གྲགས་པར་ཕྱག་འཚལ་ལོ།  ཚེ་རབས་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ།

                                དབྱངས་ཅན་མགྲིན་པར་འཁྱུད་པའི་རྩེ་དགའ་དང་།།

                                འཇམ་དཔལ་ཐུགས་ལ་ཞུགས་པའི་སྤོབས་པ་མཆོག།

                                འོད་གསལ་དབྱིངས་སུ་ཞུགས་པའི་སྒྱུ་མའི་སྐུས།།

                                 བདག་གི་དད་པའི་མཚོ་མོ་གཡོས་པར་གྱུར།།

                                 གང་གི་ཐུགས་ནི་རབ་ཡངས་ནམ་མཁའི་ནོར།།

                                 སྟོང་གསུམ་ཁྱོན་ལ་ཤོང་བ་མེད་པའི་འོད།།

                                  སྤྱན་ལྡན་དུ་མའི་མཁྱེན་རླབས་ཨུཏྤལ་མདས།།

                                 ཟིན་པ་མེད་པའི་ཚུལ་འདི་སུ་ཡིས་དཔོག།

                                 ཁྱོད་བློ་ཉི་མ་གཞོན་ནུའི་དུས་ཀྱི་ཚེ།།

                                 མདོ་དང་རྒྱན་གྱི་པད་ཚལ་རྒྱས་མཐོང་ནས།།

                                 དྲན་པའི་དབང་པོ་ཤེས་རབ་རིན་ཆེན་གྱིས།།

                                 བསྟོད་སྤྲིན་རྒྱ་མཚོའི་མཆོད་པ་ཆར་དུ་བསྙིལ།།

                                 ཕ་རོལ་ཕྱིན་དང་སྔགས་ཀྱི་ཐེག་པའི་ཚུལ།།

                                 སྒྱུ་ལུས་འོད་གསལ་སྟོང་གཟུགས་ཕྱག་རྒྱའི་སྐུ།།

                                 ཇི་བཞིན་འགྲེལ་བས་མི་ཕམ་བླ་མ་ཡང་།།

                                 སྐུ་ལུས་ས་ལ་ཕབ་པའི་རྟུལ་ཞུགས་བླངས།།

                                 མཁས་པའི་དྲུང་ན་མཁས་པ་མཛེས་པ་སྟེ།།

                                  མཁས་པའི་ཡོན་ཏན་བླུན་པོས་ཇི་ལྟར་དཔོག།

                                 ཚུལ་འདི་མཁས་པས་མཁས་པ་ཤེས་པ་སྟེ།།

                                  སོ་སོར་རང་རིག་ཡེ་ཤེས་བསམ་མི་ཁྱབ།།

                                  གངས་རིའི་ཁྲོད་འདིར་མཁས་གྲུབ་དུ་མ་ཡིས།།

                                  ཡུམ་དོན་འཕགས་ཡུལ་མཁས་པའི་གཞུང་ལ་གཏུགས།།

                                  ཁྱད་པར་རྣམ་དཔྱོད་འགྲན་ཟླ་བྲལ་བ་ཁྱོད།།

                                  བྱམས་མགོན་འཕགས་སེང་གཞུང་ལས་འདའ་བ་མེད།།

                                  མདོ་དང་སྡེ་བདུན་རྒྱལ་བའི་བཀར་གཏུགས་ནས།།

                                  ཚད་མའི་གཞུང་དོན་ལམ་གྱི་རིམ་པར་བསྒྲིགས།།

                                   རྒྱལ་བར་མི་ཕྱེད་མཆི་མ་རབ་འཁྲིགས་པ།།

                                   འདི་ནི་རིགས་པའི་གཡུ་རལ་རྒྱས་པའི་ཚུལ།།

                                   སྟོང་པ་རྟེན་འབྱུང་དོན་དུ་འགྲོ་ཚུལ་དང་།།

                                   རྟེན་འབྱུང་སྟོང་བའི་དོན་དུ་འཆར་ཚུལ་སོགས།།

                                   ཐལ་འགྱུར་དབུ་མ་ཆེན་པོའི་བཞེད་སྲོལ་ལ།།

                                   ཀླུ་སྒྲུབ་ཟླ་གྲགས་གཞུང་ལས་འདའ་བ་མེད།།

                                    འདོད་ཡོན་ལམ་དུ་འཁྱེར་བའི་རིམ་པ་ལས།།

                                    ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་དང་།།

                                     རབ་མཛེས་སྒྱུ་མའི་གཟུགས་སྐུ་སྒྲུབ་ཚུལ་ལ།།

                                     རིམ་ལྔ་སྒྲོན་གསལ་གཞུང་ལས་འདའ་བ་མེད།།

                                     དེ་ལྟར་མདོ་རྒྱུད་གཞུང་ལུགས་རྒྱ་མཚོ་ཆེར།།

                                     འདའ་བ་མེད་པའི་གྲུ་གཟིངས་ལ་བརྟེན་ནས།།

                                      སྐུ་གསུམ་ནོར་བུའི་གླིང་དུ་བགྲོད་པ་ལ།།

                                     གངས་རིའི་ཁྲོད་ན་མཁས་རྒུའི་གཙུག་རྒྱན་ཉིད།།

                                     གང་གི་ཡོན་ཏན་བདུད་རྩི་འཁྱིལ་་བ་ནི།།

                                      རྒྱ་མཚོ་གོས་ཅན་གིས་ཀྱང་ཐེག་པར་དཀའ།།

                                      ཟིལ་དངར་རོ་ལ་ཆགས་པའི་ལྕེ་ཆུང་ནི།།

                                     བསྐྱོད་པ་འདིས་ཀྱང་བྱིན་བརླབས་འགུགས་པར་ཤོག།།།

ཀླུ་ཚང་དགོན་དུ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་དང་འབྲེལ་ནས་རྗེ་བླ་མ་དགྱེས་པའི་མཆོད་སྤྲིན་དུ་བསྟར་བའོ།

དགའ་ལྡན་ལྔ་མཆོད་ཆེན་པོ་ལ་བཀའ་དྲིན་མཚུངས་མེད་རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ཁྱེད་ཉིད་སྙིང་ནས་དྲན་བྱུང་།

དགེ་བསྙེན་བསོད་ནམས་རྒྱལ།

༼དགའ།༽

དགའ་བཞི་འཕྲུལ་གྱི་གཞལ་མེད་ཁང་བཟང་ན།།

དགའ་སོགས་ཚད་མེད་བཞི་ཡི་སྙིང་རྗེ་ཅན།།

དགའ་བཟང་གསེར་གྱི་སྣང་གསལ་མར་མེ་འདི།།

དགའ་ལྡན་ལྔ་མཆོད་ཉིན་འདིར་ཁྱེད་ལ་འབུལ།།

༼ལྡན།༽

ལྡན་གྲོལ་གཉིས་ཀྱིས་ཐུགས་རྒྱུད་རབ་ཏུ་ཕྱུག །

ལྡན་ཚད་ཤེས་བྱའི་སྙིང་བོ་འགྲོ་ལ་བཏོན།།

ལྡན་པ་དོན་གྱི་བདེ་གཤེགས་འཁྲུལ་མེད་ལ།།

ལྡན་བུ་ཤེས་མེད་བདག་གིས་སྙིང་ནས་མཆོད།།

༼ལྔ།༽

ལྔ་བརྒྱའི་ཐ་མར་འགྲོ་རྣམས་སྐྱོབ་པའི་མགོན།།

ལྔ་རིག་ཤེས་བྱའི་དགོངས་པ་མཁའ་ལྟར་ཡངས།།

ལྔ་ཕུང་སྡུག་གིས་ཡུན་རིང་མནར་བའི་མ།།

ལྔ་བའི་ལམ་ནས་འདྲེན་ལ་གསོལ་བ་འདེབས།།

༼མཆོད།༽

མཆོད་རྟེན་ཤིང་ལ་བྱང་ཆུབ་ལོ་འདབ་ཅན།།

མཆོད་ཀོང་མར་མེ་འབུམ་གྱི་འོད་སྣང་འཕྲོས།།

མཆོད་སྡོང་གསེར་གྱི་ལྷུན་པོ་བརྗིད་པའི་མདུན།།

མཆོད་པའི་ཞིང་མཆོག་ཁྱེད་ལ་གསོལ་བ་འདེབས།།

༼ཆེན།༽

ཆེན་པོ་ལྔ་ལྟར་འགྱུར་མེད་བཙན་ས་ཅན།།

ཆེན་པོའི་སྟོང་ཉིད་ལྟ་བ་གཏན་ལ་ཕབ།།

ཆེན་མཆོག་དབུ་མའི་སྲོལ་འབྱེད་ཙོང་ཁ་པ།།

ཆེན་ལྡན་མཁས་པ་ཁྱེད་ལ་གསོལ་བ་འདེབས།།

༼པོ།༽

པོ་ཏ་ལ་ཞེས་ས་འཛིན་འཕྲེང་བ་ཅན།།

པོ་ཏི་རི་ལྟར་རྩིག་པའི་བརྗིད་ཉམས་ལྡན།།

པོ་བསྟོད་ཚིག་གི་ལམ་ནས་ཐོན་དཀའ་བའི།།

པོ་པོའི་གཙུག་རྒྱན་ཁྱེད་ལ་གསོལ་བ་འདེབས།།

༼ལ།༽

ལ་ལ་རིགས་མེད་ལུང་གི་བསྟན་པ་འཇོག །

ལ་ལ་ལུང་མེད་རིགས་པ་ཙམ་གྱིས་འཛིན།།

ལ་ལ་མ་ཡིན་རྒྱལ་བའི་གསུང་རབ་ཀུན།།

ལ་ཤན་དབྱེ་བ་ཁྱེད་ལ་གསོལ་བ་འདེབས།།

༼བཀའ།༽

བཀའ་ནི་ཅོད་པན་བཞིན་དུ་གཙུག་ལ་འཛིན།།

བཀའ་བསྡུ་གསུམ་གའི་སྙིང་བོ་ཐུགས་ན་མངའ།།

བཀའ་དོན་ས་གསུམ་དཀོན་པའི་ལམ་རིམ་མཛད།།

བཀའ་དྲིན་ཆེན་པོ་ཁྱེད་ལ་གསོལ་བ་འདེབས།།

༼དྲིན།༽

དྲིན་ཅན་བཤེས་གཉེན་གཙུག་གི་རྒྱན་དུ་འཛིན།།

དྲིན་ལན་མ་བརྗེད་སྟོན་པ་རྗེས་སུ་དྲན།།

དྲིན་ཡུས་དཔྱད་དེ་རྟེན་འབྲེལ་བསྟོད་པ་བརྩམས།།

དྲིན་ལྡན་བླ་མ་ཁྱེད་ལ་གསོལ་བ་འདེབས།།

༼མཚུངས།༽

མཚུངས་ལྡན་བོད་ཀྱི་མཁས་པའི་ཁྲོད་ན་མེད།།

མཚུངས་སྤྱོད་འགྲན་འདོད་རྣམས་ཀྱང་ངལ་བར་གྱུར།།

མཚུངས་ཟླ་བྲལ་བ་ལམ་གྱི་རིམ་པ་མཛད།།

མཚུངས་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས།།

༼མེད།༽

མེད་པ་གསལ་སྣང་མ་ཡིན་ཆོས་ཀུན་རྟོགས།།

མེད་མིན་སྟོང་བའི་གནས་ལུགས་གཏན་ལ་ཕབ།།

མེད་པར་བྱེད་པ་ཉོན་མོངས་བདག་འཛིན་ཀུན།།

མེད་པའི་དངོས་གྲུབ་བརྙེས་ལ་གསོལ་བ་འདེབས།།

༼རྗེ།༽

རྗེ་བཙུན་བྱམས་པ་མགོན་པོའི་མདུན་དྲུང་དུ།།

རྗེ་བཙུན་ཐེག་ཆེན་བུ་ཡི་རིགས་སུ་སྐྱེས།།

རྗེ་བཙུན་འཇམ་དཔལ་གྱི་ནི་ཤེས་རབ་ཅན།།

རྗེ་བཙུན་དམ་པ་ཁྱེད་ལ་གསོལ་བ་འདེབས།།

༼བཙུན།༽

བཙུན་པ་བཅོམ་ལྡན་འདས་ཀྱི་སྲས་ཀྱི་མཆོག །

བཙུན་ཆུང་བསླབ་ལ་གཞོལ་བའི་སྡེ་རྣམས་བཙུགས།།

བཙུན་པོ་ཁྲིམས་ལྡན་མཁས་པ་གྲངས་མེད་བསྐྱངས།།

བཙུན་པའི་ངག་ཅན་ཁྱེད་ལ་གསོལ་བ་འདེབས།།

༼བླ།༽

བླ་མེད་འོད་ཟེར་ཆེན་པོས་མུན་པ་སེལ།།

བླ་ན་མ་མཆིས་པ་ཡི་མཛད་རྗེས་བཞག །

བླ་སློབ་ཡབ་སྲས་རིགས་གསུམ་མགོན་པོ་ལ།།

བླ་སྲོག་གཏོང་བའི་དད་པས་གསོལ་བ་འདེབས།།

༼མ།༽

མ་ལ་ཡར་སྐྱེས་ལྗོན་པའི་དྲི་ཞིམ་བསུང་།།

མ་ཡུམ་གངས་ལྗོངས་ཡུལ་གྲུ་ཀུན་ལ་ཁྱབ།།

མ་ལུས་འགྲོ་ལ་ཐར་བའི་ལམ་སྣ་བསྟན།།

མ་དག་ས་ལས་བརྒལ་ལ་གསོལ་བ་འདེབས།།

༼བློ།༽

བློ་བཟང་རྒྱལ་བ་ཞེས་བྱའི་ཉི་ཟླའི་མཚན།།

བློ་གྲོས་མི་བཟད་སྟེང་གི་ནམ་མཁའ་ལ།།

བློ་ཡི་གཏེར་མཆོག་འོད་ཀྱི་ཀུན་ནས་ཁྱབ།།

བློ་ལྡན་བྱང་སེམས་ཁྱེད་ལ་གསོལ་བ་འདེབས།།

༼བཟང་།༽

བཟང་བོ་སྤྱོད་པའི་འབྲས་བུ་ཀུན་ནས་སྨིན།།

བཟང་ལྡན་མཁས་མཆོག་ཀུན་གྱི་གཙུག་གི་རྒྱན།།

བཟང་འགྲོ་མ་ནོར་ལམ་གྱི་རིམ་པ་བསྟན།།

བཟང་དྲུག་སྨན་མཆོག་ཁྱེད་ལ་གསོལ་བ་འདེབས།།

༼གྲཊ།༽

གྲགས་དོན་དཔལ་གྱིས་ལྷམ་མེར་མཛེས་པའི་སྐུ།།

གྲགས་པ་ས་གསུམ་དབྱར་སྐྱེས་རྔ་གསེང་ལྡིར།།

གྲགས་འཛིན་མཁས་པ་ཀུན་གྱིས་ཀུས་པས་བསྟེན།།

གྲགས་པའི་མཚན་མ་ཁྱེད་ལ་གསོལ་བ་འདེབས།།

༼པ།༽

པ་སངས་སྐར་མའི་མདོག་ལྟར་ལྷག་སེམས་དཀར།།

པ་ཊུ་སྐར་ཚོགས་དབུས་ན་ཟླ་བ་བཞིན།།

པ་ལགས་གངས་ཅན་ཡུལ་གྱི་རྒྱན་གཅིག་པུ།།

པ་ཆང་ངུར་སྨྲིག་འཛིན་ལ་གསོལ་བ་འདེབས།།

༼ཁྱེད།༽

ཁྱེད་ནི་བོད་ཡུལ་མུན་པ་སེལ་བའི་མགོན།།

ཁྱེད་ནི་ཐར་བའི་ལམ་བཟང་སྟོན་པའི་མགོན།།

ཁྱེད་ནི་ཟབ་མོ་དབུ་མའི་སྲོལ་འབྱེད་མགོན།།

ཁྱེད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

༼ཉིད།༽

ཉིད་ནི་གྲངས་མེད་སྔོན་གྱི་སངས་རྒྱས་ཡིན།།

ཉིད་ནི་གདུལ་བྱའི་དོན་དུ་བྱོན་པ་ཡིན།།

ཉིད་ནི་དྲི་ཞིམ་ལྗོན་པའི་རྩ་བ་ཡིན།།

ཉིད་ལ་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

༼སྙིང་།༽

སྙིང་དབུས་པད་མའི་གདན་དུ་དགྱེས་བཞུགས་ལ།།

སྙིང་བོའི་དོན་ལྡན་ཆོས་ཀྱི་བདུད་རྩི་གནོངས།།

སྙིང་ཁོང་རུས་པའི་གཏིང་གི་བླ་མ་ལ།།

སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།

༼ནས།༽

ནས་གསོད་མཆོད་པའི་སྤྲིན་བཟང་ཁྱོད་ལ་འབུལ།།

ནས་སྙེ་ལེགས་སྨིན་གཡུར་ཟའི་འབྲས་བུ་ལ།།

ནས་སྲུས་གནོད་པའི་མཚན་མ་ཀུན་ཞི་ཞིང་།།

ནས་སྦྱང་གང་ལྟར་ཤེས་བྱའི་སྣང་བ་སྩོལ།།

༼དྲན།༽

དྲན་གདུང་མིག་ཟུང་མཆི་མ་ས་ལ་འཐོར།།

དྲན་པས་མ་བཟོད་སྐྱོ་དབྱངས་ངག་ནས་ལྷུང་།།

དྲན་ཤེས་ཉམས་པའི་སྣང་བས་ཡུད་ཙམ་བཟུང་།།

དྲན་པ་ཉེར་བཞག་ཁྱེད་ལ་གསོལ་བ་འདེབས།།

༼བྱུང་།༽

བྱུང་རབས་འཕྲེང་བའི་རྒྱན་མཆོག་ཙོང་ཁ་པ།།

བྱུང་བ་མཉམ་མེད་མཁས་མཆོག་ཙོང་ཁ་པ།།

བྱུང་བ་སྔོན་མེད་འདྲེན་མཆོག་ཙོང་ཁ་པ།།

བྱུང་དོན་ངོ་མཚར་ཅན་ལ་གསོལ་བ་འདེབས།།

འགྲོ་བ་སེམས་ཅན་ཐམས་ཅད་ལ་ཐར་བའི་ལམ་སྣ་སྟོན་མཁན་བཀའ་དྲིན་མཚུངས་པ་མེད་པ་རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ཁོང་ཉིད་འགྲོ་བའི་དོན་དུ་ཞི་བའི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་ནས་ལོ་འཁོར་ལྔ་བརྒྱ་དགུ་བཅུ་གོ་བརྒྱད་ཙམ་འདས་པའི་བོད་མེ་བྱ་ལོའི་ཟླ་བཅུ་བའི་ཚེས་ཉེར་ལྔ་སྟེ།དགའ་ལྡན་ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་འདས་མཆོད་ཆེན་པོའི་དེ་རིང་གི་ཉིན་འདིར་སྐུ་འབུམ་བྱམས་པ་གླིང་རྗེ་བདག་ཉིད་ཆེན་པོའི་གདན་ས་གསེར་སྡོང་ཆེན་མོའི་མདུན་དུ། གྱི་ན་པ་དགེ་བསྙེན་བསོད་ནམས་རྒྱལ་གྱིས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་ངང་ནས་གསེར་ཀོང་མར་ཁུས་གང་བ་ཞིག་ཕུལ་ཏེ། རྗེ་བླ་མ་ཁོང་ཉིད་ལ་ད་ལྟ་དངོས་སུ་མཇལ་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་པའི་དྲན་གདུང་གི་ན་ཟུག་མ་བཟོད་པར་མིག་ཟུང་མཆི་མ་ཉིལ་བཞིན་དུ་ཚིགས་བཅད་ཤོ་ལོ་ཀ་ཉེར་ལྔའི་བདག་ཉིད་ཅན་གྱི་རྗེས་དྲན་གསོལ་འདེབས་ཀྱི་རྩོམ་ཐུང་འདི་འཕྲལ་མར་སྦྱར་བའོ།།

དབུ་ཞྭ་སེར་པོ།

རས།

རབ་ཏུ་བཇོད་པར་དཀའ་ཡང་དོན་གྱིས་སླད། །

མཚན་ནས་སྨྲས་ན་རྗེ་བཙུན་བླ་མ་མཆོག །

རྒྱལ་བ་གཉིས་པ་བློ་བཟང་གྲགས་ལ། །

གསོལ་བ་འདེབས་སོ་དངོས་གྲུབ་བསྩལ་ཏུ་གསོལ། །

གངས་ཅན་ཤིང་རྟའི་སྲོལ་འབྱེད་ཙོང་ཁ་པས། །

རི་བོ་དགའ་ལྡན་རྣམ་རྒྱལ་གླིང་འདིར་བཏབ། །

སྔ་རབས་ཆོས་རྗེ་དགའ་ལྡན་ལུགས་ཞེས་པ། །

སྡེབ་སྦྱོར་དབང་གིས་དགེ་ལུགས་ཞེས་སུ་གྲགས། །

དགའ་ལྡན་ལུགས་ཞེས་མཚན་དེར་བྱུང་བ་འང་། །

སྔོན་བྱོན་བཀའ་གདམས་གླེགས་བམ་ལུང་བསྟན་དུ། །

ལེ་ལག་ཕ་ཆོས་ལེའུ་ཉེར་དྲུག་ལས། །

གནས་མཆོག་དགའ་ལྡན་པ་ཞེས་འབོད་པ་གསལ། །

ད་དུང་བླ་ཆེན་དགོངས་པ་རབ་གསལ་གྱིས། །

ཀླུ་མེས་གངས་ཅན་ལྗོངས་སུ་འབྱོན་པའི་ཁར། །

དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནངས་ནས། །

གྱོན་ལ་ང་རང་རྗེས་སུ་དྲན་པར་གྱིས། །

གསུངས་པའི་རྟེན་དང་སྔོན་གྱི་གནས་བརྟན་པས། །

དབུ་ཞྭ་སེར་པོ་བནབས་པས་ཁོང་གིས་ཀྱང་། །

འདུལ་བསྟན་ཉམས་པ་གསོ་བའི་རྟེན་འབྲེལ་དུ། །

བནབས་པས་རང་ཅག་ཞྭ་སེར་བ་ཞེས་བཏགས། །

ཕྱག་གནང་བཏབ་པའི་དག་ལྡན་རྣམ་རྒྱལ་ནས། །

དགུང་གྲངས་ཧྲིལ་བོ་རེ་གསུམ་ལོན་པའི་ཁར། །

རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་དུ། །

ཆོས་དབྱིངས་སྙོམ་པར་བཞུགས་ཚུལ་དེ་ནས་བསྟན། །

ཕྱི་རབས་མཁས་པ་སྐར་ཚོགས་བཞིན་དུ་ཕེབས། །

དེ་དག་རེ་རེས་ཁྱེད་ཀྱི་མཛད་བཟང་བསྔགས། །

དྲི་མེད་ལུགས་བཟང་འཛིན་ཅིང་སྤེལ་བ་དང་། །

བསྟན་པའི་རྒྱལ་མཚན་ནམ་མཁའི་མཐོངས་སུ་སྒྲེང་། །

བཀའ་དྲིན་དྲན་པ།

གཞན་ཕན་བློ་དང་ཉམས་རྟོགས་ལམ་གྱི་རྟེན། །

ཡོན་ཏན་གཞི་དང་ལུང་རྟོགས་བརྙེས་པ་སོགས། །

ལེགས་ཚོགས་འབྱུང་གནས་བླ་མ་ཉིད་ཡིན་སྟབས། །

ཐོག་མར་བླ་མའི་བཀའ་དྲིན་དྲན་པར་བྱ། །

འཕོ་འགྱུར་མང་བའི་སྙིགས་མའི་མཐའ་འདིར་ཡང་། །

ཆོས་ཀྱི་ཞིང་བཀོད་སཱ་ལའི་སྨན་ལྗོངས་སུ། །

རྒྱལ་བའི་བསྟན་པ་ཉི་བྱེད་བཞིན་དུ་གསལ། །

འདི་ཡང་ཁྱེད་ཀྱིས་དྲིན་ཡིན་མགོན་པོ་ཀྱེ། །

འཕགས་པའི་ཡུལ་གྱི་པཎ་གྲུབ་བཅུ་བདུན་དང་། །

ཐུབ་པའི་འཁོར་གྱི་གནས་བརྟན་བཅུ་དྲུག་སོགས། །

གང་ཞིག་སྨྲས་ཀྱང་བསྟན་ལ་ཞབས་འདེགས་མཁན། །

རྗེ་བཙུན་ཁྱེད་ལས་ལྷག་ཅིག་ཡོད་རེ་སྐན། །

སྐུ་ཡི་གཟི་བྱིན་དངོས་སུ་མ་མཐོང་ཡང་། །

གསུང་བའི་པོ་ཏི་བཅོ་བརྒྱད་ཤུལ་དུ་བཞག །

ཡང་དག་ལམ་བཟང་སྟོན་པའི་བཤེས་གཉེན་གྱིས། །

ཐུགས་ཀྱི་བྱམས་ཆེན་ལམ་རིམ་ཀློང་དུ་བཞུགས། །

ཚེ་གཅིག་རྫོགས་སངས་ཐོབ་པའི་ལམ་བཟང་དེར། །

ལུས་ཀྱིས་ལྕོགས་ཤིང་བརྩོན་འགྲུས་མ་ལྷོད་ན། །

དམུས་ལོང་ཡིན་ཡང་ཐར་ལམ་གསལ་བར་བསྟན། །

བཀའ་དྲིན་ཆེའོ་རྗེ་བཙུན་ཙོང་ཁ་པ། །

མཁས་པའི་གཙུག་རྒྱན་ཟླ་བྲལ་ཙོང་ཁ་བའི། །

ཡོན་ཏན་གཏིང་མཐའ་མི་ངོམ་མཚོ་ཆེན་ལས། །

རང་ནུས་ཆུ་ཐིགས་ཙམ་ཞིག་བརྗོད་པའི་ཚེ། །

དད་པའི་མིག་ཆུ་གདོང་ནས་འགོག་མེད་ལྷུངས། །

སྔོན་བསགས་དགེ་བའི་སྟོབས་ཀྱིས་ད་ལྟའི་བདག །

བཙུན་པའི་གྲལ་ཞུགས་དགེ་ལུགས་ལམ་དུ་སྙེག །

ཡོད་ཚད་བླ་མས་བཀའ་དྲིན་ཉག་ཅིག་ཡིན། །

དེ་ཕྱིར་རྟག་ཏུ་བླ་མ་གསོལ་བ་འདེབས། །

ཞེས་ཐུབ་པའི་བསྟན་པ་སྤྱི་ལ་བཀའ་དྲིན་བླ་ལྷག་ཆེ་ཞིང་བྱེ་བྲག་ཏུ་རི་བོ་དགེ་ལུགས་པའི་ཤིང་རྟའི་སྲོལ་གཏོད་ཤར་མཉམ་མེད་ཙོང་བ་ཞེས་ས་གསུམ་ཀུན་ལ་ཡོངས་སུ་གྲགས་པ་མཆོག་གི་བཀའ་དྲིན་དྲན་བཞིན་དད་པའི་མིག་ཆུ་བཀུ་སྟེ་དུས་ཆེན་ཁྱད་པར་ཅན་དགའ་ལྡན་ལྔ་མཆོད་ཆེན་མོ་ལ་སྒྲོན་པའི་མཆོད་མེ་སེར་བོ་ཞིག་གི་དོད་དུ་དགེ་ལུགས་པའི་གྲལ་ཐ་ཙམ་འཛིན་པ་དགེ་སློང་ངག་དབང་དམ་ཆོས་སམ་རས་མིང་དུ་འབོད་པས་མདོ་སྨད་ལྷོ་རྒྱུད་ཀྱི་ཆོས་སྡེ་ཆེན་མོ་རོང་བོ་དཔལ་གྱི་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་སྦྱར་བ་དགེ་ལེགས་འཕེལ་གུ །

རྗེས་དྲན།

བདེན་དོན་གྱི་བཟི་ཁ

མིག་ཟུང་གིས་རྒྱང་རིང་མཐོང་ཙམ་གྱིས།།

ཡུལ་བཞག་ནས་ལྷ་སར་བསྐྱོད་པའི་ཚེ།།

ཕྱི་མིག་གིས་གཟིགས་ཙམ་མ་གནང་བས།།

དྲིན་མ་ལོས་དྲན་པའི་མ་བཟོད་པར།།

སྐྲ་ཉག་ཅིག་འཕྲིན་དུ་བསྐུར་ན་ཡང་།།

ཚིག་ལན་གཅིག་མེད་པའི་ཚུགས་ཐུབ་པའི།།

བློ་སེམས་ཐག་ཆོད་པའི་ཁྱེད་རང་དྲན།།

ལས་བསགས་སྦྱང་གང་ལ་བརྩོན་པ་ཡིས།།

རྡོ་ཕ་བོང་ཕྱག་གིས་ཕུག་མཁན་ཁྱོད།།

ལུས་དཀའ་ཐུབ་རྔུལ་ཆུས་བྲན་ན་ཡང་།།

ཉམས་སྣང་དུ་ཞི་ཁྲོའི་ལྷ་ཚོགས་ཀུན།།

ཐུགས་དབྱེར་མེད་མངོན་དུ་ཤར་བ་ན།།

ཡིད་སྤྲོ་བའི་ཚུལ་གྱིས་བཞུགས་མཛད་པའི།།

རྡོ་རུས་ལ་གཏུགས་པའི་ཁྱེད་རང་དྲན།།

དོན་ཇི་བཞིན་འབྱེད་པའི་རྣམ་དཔྱོད་ཀྱིས།།

ལས་སྒྱུ་མའི་རང་མཚང་བརྟོལ་མཁས་པ།།

ཡང་དག་པའི་ལམ་གྱི་སྙིང་བོ་མཆོག།

དོན་ངེས་ཤེས་ཟབ་མོས་རྙེད་གྱུར་ཏེ།།

ཆོས་མདོ་སྔགས་ཟུང་དུ་འཇུག་པའི་ལམ།།

ཇི་ལྟ་བར་འགྲོ་ལ་བསྟན་མཛད་པའི།།

གནས་བཙན་ས་ཟིན་པའི་ཁྱེད་རང་དྲན།།

དབེན་རི་ཁྲོད་ཅིག་གི་ཡང་ཁྲོད་དུ།།

ལས་རྙེད་དང་གྲགས་པས་མ་བྲིད་ཅིང་།།

སྒོམ་ཉམས་ལེན་མཛད་ལ་ཐུགས་གཞོལ་བའི།།

གོས་ངུར་སྨྲིག་བཟུང་བའི་རྗེ་བཙུན་མཆོག།

དོན་ཐུབ་པ་མཆོག་དང་ཐ་མི་དད།།

ཁྱེད་ད་ལྟའང་སྣ་ཚོགས་གཟུགས་ཀྱིས་ནི།།

འགྲོ་དོན་དུ་ཕེབས་ལ་སུ་ཞིག་ཚོམ།།

དགེ་ལྡན་ལྔ་མཆོད་ཆེན་མོའི་ཉིན་བདེན་དོན་གྱི་བཟི་ཁས་སུ་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ།

གསེར་གྱི་ཉི་ཟླ་ཙོང་ཁ་པ།

ཆོས་རབ།

རང་བཞིན་རྣམ་དག་གསེར་གྱི་ལྷུན་པོའི་དབུས།།

འོད་ཟེར་སྟོང་གི་ཞི་བའི་དབྱིངས་རིགས་སུ།།

གནས་ལུགས་ནམ་མཁའ་གོས་སུ་གྱོན་བྱས་པའི།།

རྒྱལ་བའི་སྲས་མཆོག་ཐུ་བོ་ཙོང་ཁ་པ།།

ཏིང་འཛིན་སེམས་དཔའ་མེ་དཔུང་འབར་བའི་ཀློང་།།

ཆོས་ཉིད་སྟོང་བའི་ཆོས་སྒྲ་འགག་མེད་སྒྲོགས།།

བསམ་གཏན་ཞི་བར་གཟིམ་པའི་སྐྱེས་ཆེན་ཏེ།།

ཆགས་མེད་ཡིད་བཞིན་ནོར་བུ་ཙོང་ཁ་པ།།

ཁ་བའི་ཤར་ཕྱོགས་མདོ་སྨད་ཙོང་ཁའི་མི།།

མདོ་སྔགས་རིག་གཞུང་ཀུན་ལ་མཐའ་ཆོད་པའི།།

རི་བོ་དགེ་ལྡན་ཞེས་པའི་གྲུབ་མཐའ་ཡི།།

རྒྱལ་མཚན་ཐོག་མར་བསྒྲེངས་མཁན་ཙོང་ཁ་པ།།

སྣང་བ་སྣོད་ཀྱི་མ་དག་བསྒྱུར་བའི་མོད།།

བཅུད་ཀྱི་སེམས་ཅན་ཐར་བའི་ལམ་དུ་འཁྲིད།།

ཕྱོགས་ལྷུང་མཐའ་ལ་སྤྱར་རས་མི་བཙུམ་པའི།།

སྲིད་པ་བརྟན་གཡོའི་ཟིལ་གནོན་ཙོང་ཁ་པ།།

བོད་ཡུལ་མཐའ་དབུས་སྨག་གིས་རྫིས་པའི་ཚེ།།

མུན་པའི་བསྐལ་བ་ལྟ་བུར་འགྱུར་ཉེན་སྐབས།།

མཚན་བཟང་ཡོན་ཏན་ཀུན་གྱིས་ལེགས་སྤྲས་ཏེ།།

ཤེས་རབ་འོད་ཟེར་འཛུམ་པའི་ཙོང་ཁ་པ།།

སྙིང་རྗེ་རྩོལ་མེད་བརྡོལ་བས་ཐབས་མཁས་ཤིང་།།

ཤེས་རབ་འབད་མེད་གྲུབ་པས་བློ་རྣོ་བའི།།

མི་ཡི་གྲལ་ན་རྟེན་འབྱུང་ཐུགས་རྗེའི་འོད།།

འཛམ་གླིང་གསེར་གྱི་ཉི་ཟླ་ཙོང་ཁ་པ།།

ཁྱེད་ནི་མཁས་ཤིང་གྲུབ་པ་ཀླུ་དང་མཚུངས།།

ཁྱེད་ནི་བཙུན་ཞིང་བརྟན་པ་ཞི་ཚོ་བཞིན།།

སྟོན་པའི་ཐུགས་སུ་མགུ་བའི་སྤྲོ་བ་མཚེས།།

མི་ཡི་རིགས་ཀྱི་རྗེ་བོ་ཙོང་ཁ་པ།།

དགེ་འདུན་གྲུབ་པ་ཞེས་བྱའི་སྐྱེས་ཆེན་དང་།།

རྒྱལ་ཚབ་རྗེ་དང་མཁས་གྲུབ་རྗེ་ལ་སོགས།།

སྲིད་པ་གཡོ་ཞིང་འགུལ་བའི་མཁས་པའི་ཚོགས།།

ཁྱེད་ཀྱི་ཚབ་ཏུ་བྱོན་ཤག་ཙོང་ཁ་པ།།

ཁྱེད་ཀྱི་ཡོན་ཏན་དཔག་ཡས་ལྗོན་པའི་རྩེར།།

མཐའ་ཡས་མཁས་པའི་ལོ་མ་བཞད་པའི་དུས།།

བགྲང་ཡས་འཁོར་བ་ཆེན་པོའི་བསོད་ནམས་སོགས།།

ད་དུང་ཉམས་མེད་ཤེས་ཡོད་ཙོང་ཁ་པ།།

ཇི་སྲིད་དབུགས་ཀྱི་རྒྱུ་བ་མ་ཆད་བར།།

དད་པ་དྲག་པོ་འདེབས་ས་ཁྱེད་ཡིན་ཞིང་།།

ཇི་སྲིད་བསྐལ་བ་མ་སྟོང་གནས་པའི་བར།།

དེ་སྲིད་མགོན་པོ་ཁྱེད་ནི་སྐྱབས་ཡིན་ནོ།།

བདག་ཀྱང་འདི་ནས་སྐྱེ་བ་དུ་མ་རུ།།

རྗེ་ཉིད་ཇི་བཞིན་སྲིད་པའི་གླིང་ཀུན་ཏུ།།

ཐབས་ཤེས་ཟུང་དུ་འཇུག་པའི་མཐུ་ལྡན་ཞིང་།།

རྒྱལ་བའི་བསྟན་བཀུར་བསྟི་བསྒྲུབ་པར་ཤོག།

བོད་མེ་བྱ་ལོའི་ཟླ་བ་བཅུ་པའི་ཚེས་ཉི་ཤུ་ལྔ་སྟེ་ཤར་རྒྱལ་བ་ཙོང་ཁ་པ་ཆེན་མོའི་བླ་ན་མེད་པའི་འདས་མཆོད་དང་བསྟུན་ཏེ་ཕུལ་བ་དགེའོ། དགེའོ།། །།

ཙོང་ཁའི་ཡུལ་ནས་མཆེད་པའི་འཛམ་གླིང་གི་ཉི་མ་སེར་བོ།

རྨེའུ-རྡེའུ་དཀར།

ཡིད་མི་འགྱུར་བའི་ཆོད་སེམས་དམ་བཅའ་བཞག།

སེམས་མི་ཞུམ་པའི་བརྩོན་པའི་གསེར་ཐག་བསྒྲིགས།།

དཔའ་མི་ཉམས་པའི་ངལ་བ་ཁྱད་གསོད་མཁན།།

དམ་པ་མིན་པར་རང་འགར་ཡོད་མ་ཡིན།།

མི་ཕམ་མགོན་དང་འཕགས་སེང་ཡབ་སྲས་ཀྱི།།

སྦས་དོན་མངོན་རྟོགས་རིམ་པའི་གཞུང་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་ནུས་མ་ཡིན།།

ཀླུ་སྒྲུབ་སྐུ་མཆེད་མཚོན་པའི་མཁས་རྣམས་ཀྱི།།

དངོས་བསྟན་ཆོས་ཉིད་བསྟན་པའི་གཞུང་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་ཡེ་མི་ནུས།།

གཏན་ཚིགས་མཁན་པོ་ཕྱོགས་གླང་ཡབ་སྲས་ཀྱི།།

སྡེ་བདུན་མདོ་དང་བཅས་པའི་གཞུང་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་ཡེ་མི་འཁྱོང་།།

མཛེས་སྤྱོད་མཁན་པོ་ཡོན་ཤཱཀ་རྣམས་གཉིས་ཀྱི།།

འདུལ་བ་མདོ་དང་བཅས་པའི་གཞུང་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་འགོ་མི་འཁྱོང་།།

མཁས་པའི་གཙུག་རྒྱན་དབྱིག་གཉེན་སྐུ་མཆེད་ཀྱི།།

མངོན་པ་སྡེ་བདུན་མཚོན་པའི་གཞུང་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགང་ཐུབ་མ་ཡིན།།

གསང་སྔགས་མཁས་པ་ཟླ་གྲགས་ཡབ་སྲས་ཀྱི།།

རྒྱུད་གཞུང་གསལ་བའི་གཞུང་ཆེན་མ་ལུས་པ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་ཐུབ་མ་ཡིན།།

ཐེག་ཆེན་སྔགས་ཀྱི་ཆོ་ག་སྒྲུབ་རིམ་གྱི།།

ཐིག་རྡུལ་བཅའ་བཟོའི་མཚོན་པའི་གནད་ཀུན་ལ།།

རིས་སུ་མེད་པར་ཞིབ་ཏུ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་ནུས་མ་ཡིན།།

དེ་ལས་འགོང་བ་མ་མཛད་འཇིག་རྟེན་གྱི།།

སྒྲ་སྙན་སྨན་གསུམ་མཚོན་པའི་གཞུང་མང་ལ།།

རིས་སུ་མེད་པར་ཀུན་ལ་སྦྱངས་པ་འདི།།

དམ་པ་མིན་པར་རང་འགར་འཇོན་མ་ཡིན།།

གཞུང་ལུགས་ཅི་ཡིན་ཐོས་པའི་ཆོག་མི་འཛིན།།

རིག་པ་བཞི་ཡིས་ཚུལ་བཞིན་རབ་བརྟགས་ནས།།

ངེས་ཤེས་རྙེད་པའི་ཚུལ་ལ་བརྩོན་པ་འདི།།

དམ་པ་མིན་པར་རང་འགར་འགོང་མ་ཡིན།།

གཞི་ལམ་འབྲས་བུའི་གོ་རིམ་གསལ་སྟོན་གྱི།།

མཁས་པའི་བརྩམས་པས་གཞུང་ཆེན་བཅུ་བདུན་པོར།།

ཆོས་ཐོག་གཅིག་ཏུ་ཤར་མར་འཁྲིད་པ་འདི།།

དམ་པ་མིན་པར་རང་འགར་འཁྱོང་མ་ཡིན།།

ལུང་དང་རྟོགས་པའི་སྟོན་པའི་དམ་ཆོས་གཉིས།།

ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ངང་།།

སྐྱོང་ཞིང་སྤེལ་བའི་གདན་ས་གསུམ་སོགས་འདི།།

ཁྱེད་ཀྱི་དྲིན་མིན་རང་འགར་ཡོད་མ་ཡིན།།

མདོར་ན་དམ་པ་ཁོང་གི་གསང་གསུམ་གྱི།།

ཡོན་ཏན་མཐའ་དག་ཉ་གང་ཟླ་བ་བཞིན།།

འཕེལ་ཞིང་རྒྱས་པའི་བཀྲ་ཤིས་དུང་སྙན་མོ།།

སྐྱེ་དགུའི་གསོས་སུ་སྨིན་པའི་རྒྱུར་གྱུར་ཅིག།

འདིས་ཀྱང་རྗེ་བླ་མའི་ཡོན་ཏན་གྱི་རྒྱ་མཚོ་ཆེན་མོ་ལས་ཆ་ཤས་ཙམ་དྲན་ཐུབ་པར་བྱའོ།།ཕྱི་ལོ་༢༠༡༧/བོད་ཟླ༡༠/ཚེས༢༤ཉིན།

༄༅།།ཙོང་ཁའི་བླ་མ་རྗེས་དྲན།

______________________________འབོར་ཡིག་རྫི།

བསྐལ་བ་དཔག་མེད་དུས་ཀྱི་མགོ་ནས་མ་རིག་གཉིད་ལས་མངོན་སངས་པ།།

འགྲོ་ལ་རིས་མེད་གྲིབ་བསིལ་སྦྱིན་མཁས་བརྩེ་བའི་ཐུགས་རྒྱུད་ཡངས་པ་ཅན།།

ཉོན་མོངས་བདུད་དཔུང་སེམས་ཅན་ལུས་ལས་དལ་གྱིས་ཕྱིས་པའི་འཇོམས་མཛད་པ།།

པད་དཀར་ཁྲི་ལས་མངོན་པར་མཐོ་བའི་རྒྱལ་བ་བློ་བཟང་གྲགས་པར་མཆོད།།

རྒྱལ་བ་མཆོག་དང་མཁས་གྲུབ་རྣམས་ཀྱིས་འཁྲུངས་རབ་མཚན་འཛིན་ལུང་སྟོན་པས།།

མདོ་སྨད་ས་ལའི་སྨན་ལྗོངས་ཡུལ་ནས་ཁྱེའུ་ཀུན་དགའ་སྙིང་བོ་གསོལ།།

དགེ་བསྙེན་སྡོམ་པ་ལེགས་པར་མནོས་ཏེ་དབུས་གཙང་ཆོས་སར་ཆིབས་ཁ་བསྒྱུར།།

འགྲོ་བའི་དོན་མཛད་ཙོང་ཁའི་བླ་མར་སྒོ་གསུམ་དད་པའི་གཙུག་གིས་མཆོད།།

ཨ་མགོ་རི་དང་འགག་པ་རི་ལས་ཆོས་ཀྱི་དུང་དཀར་གཏེར་ལས་བཏོན།།

ངུར་སྨིག་བཙུན་པ་བགྲང་ཡས་མཆོག་ལ་ཆོས་ཀྱི་འཁོར་ལོ་ཟབ་མོ་བསྐོར།།

གྲུབ་མཐའ་རིས་མེད་བླ་མ་རྣམས་ལས་ཞལ་རྒྱུད་འཁྲིད་རྒྱུད་འཁྲུལ་མེད་མནོས།།

སྲད་རྒྱུད་བླ་མ་བློ་བཟང་གྲགས་པར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

ཙོང་ཁའི་ཡུལ་ནས་ཡིད་ལ་དུངས་པའི་བྱམས་བརྩེ་ཨ་མའི་ཡིག་འཕྲིན་ཟབ།།

དགའ་ལྡན་དགོན་ནས་ཆོས་ལ་དུངས་པའི་བློ་བཟང་གྲགས་པའི་ཞལ་ཐང་རྨད།།

རྒྱལ་བའི་ཆོས་དང་འགྲོ་བའི་དོན་སླད་མ་བུའི་བརྩེ་བ་འདོར་མཛད་པ།།

རྒྱལ་བ་གཉིས་པ་བློ་བཟང་གྲགས་པར་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

མདོ་སྔགས་བསྟན་པའི་རང་ལུགས་བཟུང་བའི་ཉིན་བྱེད་གསར་བའི་སྒོ་བརྒྱ་ཕྱེས།།

རྒྱ་གར་པཎ་གྲུབ་ལུགས་བཟང་གཙོ་འཛིན་དགེ་ལུགས་གྲུབ་མཐའི་སྲོལ་འབྱེད་པ།།

མཁྱེན་དཔྱོད་མཁས་གྲུབ་ལོ་ཙཱ་རྣམས་ཀྱིས་བསྔགས་བརྗོད་མཆོད་པའི་ཤིས་པ་བསྩོལ།།

ས་གསུམ་ཡུལ་ན་ཟླ་དང་བྲལ་བའི་བློ་བཟང་གྲགས་པར་ཕྱགའཚལ་ལོ།།

ཞེས་སྤྱི་ལོ་གཉིས་སྟོང་བཅུ་བདུན་ལོའི་ཟླ་བ་བཅུ་བའི་ཚེས་ཉེར་ལྔ་ཉིན་༧རྗེ་བདག་ཉིད་ཆེན་པོའི་གདུང་མཆོད་ཀྱིས་ཉིན་མོར་ཁྱད་པར་ཅན་དང་བསྟུན་ནས་འབོ་རའི་སྔོན་པོ་ཐང་ནས་བྲིས་པ་དགེ་ལེགས་འཕེལ།།

རྗེ་བཙུན་བླ་མ་དྲན་པའི་མཆོད་དབྱངས་ཕར་ཕྱིན་དྲུག་མ།

དག་སྨྱོན།

རྗེ་བཙུན་བླ་མ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ།། དུས་དང་རྣམ་པ་ཀུན་ཏུ་བརྩེ་བས་གཟིགས་སུ་གསོལ།

རབ་མཛེས་པད་མ་རྒྱས་པའི་གདན་སྟེང་ན།།

སྐྱིལ་ཀྲུང་ཚུལ་དུ་བཞུགས་མཛད་ཟླ་བའི་ཟེར།།

འབུམ་གྱིས་འཁྱུད་ལ་ལྟ་བས་མི་ངོམ་པའི།།

མཚོ་བྱུང་ལྷ་མོས་དབྱངས་ཀྱི་ཤིས་པ་སྩོལ།།

སྔོན་སྦྱངས་ལེགས་པའི་ལམ་ལ་མཐུ་ཆུང་ཞིང་།།

རྣམ་དཔྱོད་མེ་སྟག་ཕྲ་མོའི་འོད་བསྟེན་པ།།

གནས་ལུགས་འཚོལ་འདོད་མོས་པའི་བུ་ཡིས་ནི།།

འཇམ་མགོན་བླ་མར་བསྟོད་པའི་མེ་ཏོག་འཐོར།།

གང་གི་ཐུགས་བསྐྱེད་ཟབ་ཡངས་རྒྱ་མཚོ་རྒྱས་སྲས་སྤྱོད་པའི་སྙིང་སྟོབས་ནི།།

རླབས་ཀྱི་འཕྲེང་བ་མཁའ་ལ་འཕྱོ་ལྟར་སྤྲུལ་པའི་ཟེགས་མ་གྲངས་ལས་འདས།།

འགྲོ་འདིའི་ཁམས་དང་མོས་པ་ཇི་བཞིན་གདུང་སེལ་ལེགས་བཤད་ཟླ་ཟེར་གྱིས།།

གདུལ་བྱ་འཛིན་མའི་རྨོངས་མུན་འཇོམས་མཛད་བློ་གྲོས་ཀུནྡ་རྒྱས་ལ་འདུད།།

རླབས་ཆེན་ཡ་ལད་སྙིང་སྟོབས་གོ་ཆ་ཡིས།།

ལུས་སྲོག་ལོངས་སྤྱོད་ཆོས་ཕྱིར་གཏོ༵ང་བ་༵ལ།།

ཞུམ་མེད་དགའ་བ་གོམས་པའི་བློ་ལྡན་འདི།།

འགྲོ་བའི་རེ་སྐོང་ཡིད་བཞིན་ནོར་བུ་ཆེ།།

ཁྱེད་སྐུ་ལི་ཁྲིའི་མདངས་ཀྱིས་རབ་བསྐུས་པའི།།

བཟང་པོའི་ངད་ལྡན་ལྷ་ཡི་དཔག་བསམ་ཤིང་།།

དགོས་འདོད་ཡོན་ཏན་འབྲས་བུས་རབ་དུད་ཅིང་།།

འགྲོ་ལ་ཕན་མཛད་ཚུལ༵་ཁྲིམ༵ས་སྡོང་པོ་ཆེ།།

མི་བཟོད་ཚིག་གི་མཚོན་ཆ་བྱེ་བ་བརྒྱ།།

ཞེ་སྡང་གནོད་ལན་བསྐལ་བ་སྟོང་དུ་ཡང་།།

ཁྱོད་ཀྱི་བཟོད༵་མཆོ༵ག་གོ་ཆའི་སྙིང་སྟོབས་ལ།།

རྒོལ་བར་མི་ནུས་རྒྱལ་སྲས་དཔའ་བོ་ཆེ།།

གཡོ་མེད་བརྩེ་བའི་ཤིང་རྟས་ཉེར་དྲངས་ཏེ།།

ལུས་ཅན་ཞི་བ་ངལ་གསོའི་བསྟི་གནས་ལ།།

ནམ་ཡང་འགོད་པར་བརྩོ༵ན་པ༵་ལྷུར་ལེན་ཞབས།།

མཁས་རྒུའི་གཙུག་གི་རྒྱན་འགྱུར་དེད་དཔོན་ཆེ།།

ཟབ་རྒྱས་ཤེས་བྱ་འཛིན་མའི་ལྟོ་བ་རུ།།

སེམས་ཉིད་དག་པའི་མཁའ་ལ་རྟ་ལྗང་ཅན།།

བདེ་སྟོང་གཉིས་སུ་འཆར་བའི་དྲོད་འཁོལ་འདིས།།

ཞི༵་ལྷ༵ག་ཉམས་རྟོགས་བརྟན་པའི་རི་དབང་ཆེ།།

མདོ་སྔགས་གཞུང་ལུགས་ཟླ་བའི་མ་མ་ལ།།

ཟབ་ཡངས་གཞལ་བའི་རྣམ་དཔྱོད་གྲུ་བོ་ཆེ།།

ཐོས་བསམ་སྐྱ་བ་ཟུང་ལ་ལེགས་བརྟེན་པས།།

ངེས་ལེགས་ནོར་བུའི་དབང་སྒྱུར་ཤེས༵་རབ༵་ཆེ།།

མཐའ་གཉིས་ལམ་བྲལ་དབུ་མའི་ལམ་བཟང་གི།།

ལེགས་བཤད་སྐྱ་རེངས་གསར་པ་འཛུམ་པའི་ཚེ།།

ལྟ་ངན་མུན་པའི་མདོངས་མཐའ་རབ་སྐྱེངས་ཏེ།།

ཆུ་ལྷའི་ཕང་བར་བྲོས་པའི་ཟོལ་ལ་བརྟེན།།

ཁྱོད་ཀྱི་གསང་གསུམ་མཛད་པ་ཡི།།

འཕྲིན་ལས་ཆུ་གཏེར་ཆེ་འདི་ལས།།

ཆ་ཤས་མྱོང་བའི་ལུས་ཅན་ཀུན།།

ཡིད་ལ་ཐར་པའི་ངལ་གསོ་ཐོབ།།

ཅེས་ཡོངས་སུ་གྲགས་པའི་གངས་ཅན་མཁས་པའི་གཙུག་རྒྱན་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་འདས་མཆོད་རྗེས་དྲན་དུ་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྦྱར་ཏེ་བྲིས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།