ལྷོ་ཁ་མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་པའི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་བཞུགས་ཁྲི་དཀར་པོའི་ངོ་སྤྲོད་མདོར་བསྡུས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-30 22:03:36     རྩོམ་པ་པོ།   ངག་དབང་གཞན་ཕན།    ཀློག་ཐེངས།  

905609719934633713.jpg

  ༄༅།  །ཨོཾ་སྭསྟི།

གསུང་གི་ཟླ་ཟེར་དྲི་མེད་ཤར་བ་འདིས།།

བློ་གསལ་བློ་ཡི་ཀུ་མུད་ཁ་ཕྱེས་ནས།།

རིག་པའི་ཟེའུ་འབྲུ་ལྷག་པར་འཛུམ་པ་ལ།།   

ལེགས་བཤད་ཟིལ་མངར་གཡུར་ཟས་ལྡེམ་པར་མཛད།།

དེ་ཡང་གནས་འདི་ནི་བོད་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་ནས་རྒྱལ་གཞུང་ལམ་ཐིག་༡༠༡བརྒྱུད་དེ་ཕྱིན་ན་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གྲ་ཕྱི་གྲོང་ཚོ་རྣམ་སྲས་གླིང་གི་གནས་སྤོས་གྲོང་གསར་དུ་སླེབས།  དེ་ནས་ཁ་ལྷོ་གཏད་ཀྱི་རྣམ་སྲས་གླིང་གཞིས་ཀར་འགྲོ་སའི་སྣུམ་ནག་གི་གཞུང་ལམ་དེད་ནས་ཤར་རེར་སྤྱི་ལེ་ལྔ་ཙམ་བསྐྱོད་དེ་གཞུང་ལམ་རྫོགས་མཚམས་ནས་གཡོན་ངོས་སུ་སྐམ་ལམ་ཐོག་སྤྱི་ལེ་གཅིག་ལྷག་ཕྱིན་རྗེས།  གཞི་ནས་དེ་སྔ་ཏཱ་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་དབུས་གཙང་ས་འགག་རྣམས་སུ་རྫོང་ཆེན་བཅུ་གསུམ་བརྩིགས་པའི་ནང་ཚན་མོན་མཁར་བཀྲ་ཤིས་རབ་བརྟན་དུ་འབྱོར་ཞིང་  རྫོང་དེའི་རྒྱབ་ངོས་ཀྱི་རི་བོ་རིན་ཆེན་སྤུངས་འདྲའི་འདབས་རོལ་དུ་གནས། 

888265726184296804.jpg

འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་དགུང་གྲངས་སོ་གསུམ་དུ་བཞེས་པ།  བོད་རབ་བྱུང་བདུན་པའི་ས་སྦྲུལ་ལོ་སྟེ་སྤྱི་ལོ་༡༣༨༩ལོའི་དགུན་དུས་སུ་འདི་གར་ཕྱག་ཕེབས་ཤིང་།  འཁོར་སློབ་འཚོགས་པའི་དབུས་སུ་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ལ་བཙུགས་ནས། ཉིན་རེ་བཞིན་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་ཐུགས་བཤད་མཛད་དེ།  བསྟན་བཅོས་ཆེན་པོ་བཅུ་བདུན་གྱི་དཀའ་བའི་གནད་རྣམས་བོད་འགྲེལ་དང་སྦྲགས་ནས་གཞུང་ཕྲ་རགས་མ་ལུས་པ་ལ་བཤད་པ་ཞིབ་པར་མཛད། དེའི་ཚུལ་ནི་རྗེ་ཉིད་ཀྱི་ཐུགས་སྲས་མཁས་གྲུབ་རིན་པོ་ཆེ་དགེ་ལེགས་དཔལ་བཟང་གིས་མཛད་པའི་རྗེའི་རྣམ་ཐར་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་འཇུག་ངོགས་ལས་དགུན་དུས་སུ་མོན་མཁར་བཀྲ་ཤིས་གདོང་དུ་ཕེབས་ནས་བཞུགས།  དེ་དུས་ནུབ་གཅིག་ཞུགས་མེ་ལ་བརྟེན་ནས་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར་པ་ཅི་རིགས་པ་གསུངས་པའི་སྐབས་སུ་སྟག་སྡེ་བ་སེང་གེ་རྒྱལ་མཚན་གྱི་སློབ་མ་རོང་པ་དཀའ་བཞི་པ་ཤེར་སེང་གིས་ཆོས་ཐོག་གཅིག་ལ་པུ་ཏི་བཅུ་གཅིག་གསུངས་འདུག །དུས་ཕྱིས་བོད་དུ་པུ་ཏི་དུས་གཅིག་ལ་གསུངས་པ་དེ་མང་ཤོས་སུ་འོང་བ་འདྲ་གསུངས།  དེ་ནས་དགེ་བཤེས་ཤ་སྟོན་པ་ལ་སོགས་པ་སོགས་པས་རྗེ་ཉིད་ནས་ཀྱང་དེ་འདྲ་ཞིག་དུས་གཅིག་ཏུ་གསུང་འཚལ་ཞུས་པས་རྩོལ་བ་བྱས་ན་དེ་ཙམ་ཞིག་འཆད་ཐུབ་པ་འདྲ་གསུངས།  འོ་ན་ཅིས་ཀྱང་གསུངས་འཚལ་ཞེས་ནན་གྱིས་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་ཟླ་བ་དེའི་ཚེས་བཅུ་ནས་གནམ་གང་གི་བར་སྐུ་མཚམས་བཅད་ནས་གཟིགས་རྟོགས་མཛད། གནམ་གང་གི་ཉིན་ཕྱག་དཔེ་ཐམས་ཅད་ཀྱི་སྐུ་རགས་བཅིངས།  ཚེས་གཅིག་ནས་ཆོས་འཛུགས་པར་བཞེད་པ་ལ་གསང་ཕུ་སོགས་ནས་འབྱོན་པའི་དོན་གཉེར་བ་སྡེ་སྣོད་འཛིན་པ་མང་པོ་ཞིག་སྒུག་དགོས་པ་བྱུང་བས་ཉི་མ་གསུམ་ཙམ་གྱི་བར་དུ་མི་ལ་དང་མར་པ་སོགས་ཀྱི་གསུང་རྒྱུན་ཐོར་བུ་འགའ་འགའ་གསུངས། ཚེས་ལྔ་ནས་ཉི་མ་གཅིག་ལ་རྒྱ་གར་སྐད་བཅོ་ལྔའི་དབུ་དུས་གཅིག་ཏུ་བཙུགས་ནས་ཉིན་རེ་བཞིན་ཐོ་རངས་ནས་སྲོད་ཀྱི་བར་ལ་ཆོས་ཐུན་བཅོ་ལྔ་རེ་མ་ཆགས་པར་ཐུགས་བཤད་མཛད།  དེའི་ནང་པུ་ཏི་གཉིས་རྫོགས་པར་གསུངས་ཚར་བ་ན་དེའི་དོད་དུ་སླར་ཡང་ཆུང་བ་གཉིས་བཙུགས་ནས། ཚད་མ་རྣམ་འགྲེལ།  ཕར་ཕྱིན།  མངོན་པ་གོང་འོག་གཉིས།  འདུལ་བ་མདོ་རྩ་བ།  བྱམས་ཆོས་ཕྱི་མ་བཞི།  དབུ་མ་རིགས་པའི་ཚོགས་ལྔ།  འཇུག་པ། བཞི་བརྒྱ་པ།  སྤྱོད་འཇུག་སྟེ་བསྟན་བཅོས་བཅུ་བདུན་གྱི་བཤད་པ་དཀའ་ཆེན་འགའ་ཞིག་བོད་ཀྱི་ཊཱིཀྐ་ཆེན་མོ་རེ་གཞིར་བཞག་པའི་ཐོག་ཏུ་འགྲེལ་པའི་འཆད་ཚུལ་དུ་མ་དགག་སྒྲུབ་དང་བཅས་པ་གཏན་ལ་ཕབ་ཅིང་།  གཞུང་གཞན་རྣམས་ཕལ་ཆེ་བ་རང་རང་གི་འགྲེལ་པའི་སྟེང་ནས་གཞུང་ཕྲ་རགས་མ་ལུས་པ་ལ་བཤད་པ་ཞིབ་པར་མཛད་དེ་ཟླ་བ་གསུམ་ལ་རྫོགས་པར་མཛད།ཅེས་གསལ་བའི་ཆོས་འཆད་སའི་བཞུགས་ཁྲི་བྱིན་རླབས་ཅན་དེ་ཡིན་ཞིང་འདིའི་མཚན་ལ་ཡུལ་མི་ཚོས་བཞུགས་ཁྲི་དཀར་པོ་ཞེས་འབོད་བཞིན་འདུག །

324044748149859293.jpg

འདིར་སྔར་རྒྱལ་དབང་སྐུ་ཕྲེང་བདུན་པ་བློ་བཟང་བསྐལ་བཟང་རྒྱ་མཚོའི་སྐབས་སུ་མཆོད་འབུལ་བ་དགེ་འདུན་བཞི་གྲྭས་ཉིན་རེར་གསུང་ཆོག་དང་སྦྲགས་མཆོད་འབུལ་གནང་སྲོལ་ཡོད་ཀྱང་དུས་ཕྱིས་གནས་འཛིན་པ་མེད་པར་སྟོང་པར་ལུས། དེ་རྗེས་འཛིན་བདག་རྣམ་སྲས་གླིང་གཞིས་ཀ་ནས་མཛད་དེ་ཟླ་རེའི་ཚེས་བཟང་དུས་བཟང་དང་དུས་ཆེན་ཆེ་གྲས་སྐབས་ཁུལ་དེའི་ཡས་མས་ཀྱི་གྲ་བཙུན་གྲངས་བཅད་ཀྱིས་ཆོས་ལུགས་བྱེད་སྒོ་སྤེལ་མུས་སུ་གནས།  རིག་གསར་སྐབས་ལྷ་ཁང་ལེ་ལག་དང་བཅས་པར་གཏོར་སྐྱོན་བྱུང་ཡང་རྗེའི་བཞུགས་ཁྲི་འདི་ཉིད་ཉམས་ཉེས་མེད་པར་སྔར་གྱི་བཟོ་བཀོད་ཇི་བཞིན་དང་།  དེ་བཞིན་རྗེའི་རྡོ་སྐུ་བྱིན་ཅན།  རྒྱལ་མཆོག་བདུན་པའི་མཚན་འཁོད་རྡོ་བརྐོས་སྤུས་ལེགས།  གཞན་ཡང་དུས་རབས་བཅུ་གཅིག་པའི་སྐབས་ཀྱི་ལྷ་སྐུའི་བཟོ་རྩལ་གྱི་ཁྱད་ཆོས་མངོན་པའི་ཕྱག་ཙྪ་བཞུགས་པའི་འབུམ་པ་ཞིག་རོ་གསུམ་ཙམ་བཞུགས།

245750649244582704.jpg

སྤྱི་ལོ་༡༩༩༠ཡས་མས་ནང་རྣམ་སྲས་གླིང་གཞིས་ཀའི་སྐུ་ངོ་འཕྲིན་ལས་ཆོས་རྒྱལ་ལགས་ནས་ལྷ་ཁང་གསར་བཞེངས་ཐོག་རྗེ་རིན་པོ་ཆེ་དང་གུ་རུ་རིན་པོ་ཆེའི་སྐུ་བརྙན་འཇིམ་པ་ལས་གྲུབ་པ་མི་ཚད་ཙམ་བཞུགས་སུ་གསོལ་ནས་ཁོང་བུ་རྒྱུད་དང་ཡུལ་མི་རྣམས་ནས་ཕ་མེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་གྱི་སྒོ་ནས་རང་ཉིད་ཀྱི་འབྱོར་འཁོས་ལ་དཔག་པའི་སྲི་ཞུ་རྣམ་དག་ལ་འབད་བཞིན་མཆིས།  བོད་རབ་བྱུང་བདུན་པའི་མེ་ཕོ་སྤྲེལ་ལོའི་རྗེ་བླ་མའི་དགོངས་རྫོགས་ཀྱི་དུས་དྲན་ཁྱད་པར་ཅན་གྱི་མཚན་ཐུན་དུ་གཡོ་རུ་ལྷོ་རྒྱུད་ཟླ་འོད་རིགས་རྒྱུད་དུ་སྐྱེས་པའི་སིང་པ་ངག་དབང་གཞན་ཕན་ནས་གནས་ཀྱི་གསལ་འདེབས་སུ་རང་ཤག་ཏུ་སུག་བྲིས་བགྱིས་པས་འགྲོ་ཀུན་ཚེ་རབས་ཀུན་ཏུ་བཤེས་གཉེན་དམ་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག་གུ།།

                                                                 རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།