ཆེད་བསྒྲིགས། མཚོ་ཁ་ནས་ཙོང་ཁ་བ་དྲན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 16:35:27     རྩོམ་པ་པོ།   འོ་མ་དཀར་པོ།     ཀློག་ཐེངས།  

97598974.jpg

ཀླུ་འབུམ་དགེ་དང་ཤིང་བཟའ་ཨ་ཆོས་ཀྱི།།
སྲས་སུ་འཁྲུངས་ཤིང་མཚར་ལོང་བྱུང་པ་ཡི།།
གངས་ཅན་མཁས་པའི་ཚོགས་ཀྱི་ཡང་སྙིང་སྟེ།།
བློ་བཟང་གྲགས་པའི་དཔལ་ལ་གུས་པས་འདུད།།

འཆད་རྩོད་རྩོམ་དང་ལྟ་སྤྱོད་སྒོམ་གསུམ་ལ།།
འགྲན་ཟླ་བྲལ་ཞིང་སྐྱོན་གྱི་མ་གོས་པས།།
བླ་མེད་མཁས་པ་ཀུན་དགའ་སྙིང་པོ་ནི།།
བསྟན་དང་འགྲོ་བ་བསམ་པའི་སེམས་དཔའ་ཉིད།།

གཞན་དང་མི་མཚུངས་རྣམ་དཔྱོད་ལྡན་པ་ཡིས།།
ཞབས་ཟུང་དབུས་སུ་བཏེགས་དེ་སློབ་གཉེར་མཛད།།
རིག་གནས་ཆེ་ཆུང་མ་ལུས་དཔྱིས་ཕྱིན་པས།།
གྲྭ་བསྐོར་མཛད་དེ་མཚན་སྙན་གླིང་ལ་ཁྱབ།།

ཡུལ་ལ་མ་སླེབས་མ་ལོར་མ་འཕྲད་པ།།
མ་བུའི་བརྩེ་སེམས་མེད་པ་མ་ཡིན་ལ།།
རླབས་ཆེན་བྱ་བཞག་དོན་དུ་གཉེར་བས་ན།།
བློས་གཏོང་སྙིང་སྟོབས་ཡིན་པ་སོམ་ཉི་ཅི།།

བླང་དོར་གནས་ལ་དཔྱོད་པའི་ཤེས་རབ་ཀྱིས།།
རྟེན་འབྱུང་ལྟ་བར་གོ་བ་ཟབ་མོ་རྙེད།།
རྒྱ་བོད་གཞུང་བརྒྱའི་གནད་ལ་ཐོས་བསམ་བྱས།།
བསྟན་པའི་མེ་ཆེན་དབུས་གཙང་ཞིང་ནས་སྦར།།

རེ་གསུམ་རྟ་ཟླའི་ཉེར་ལྔའི་མཚན་མོ་དེར།།
རྒྱལ་ཚབ་རྗེ་ལ་གདན་ས་སྐྱོང་དགོས་ཞེས།།
བྱང་ཆུབ་སེམས་ནི་བསྒོམས་པར་གདམས་པ་ནི།།
མི་ཚེ་མཐའ་མར་བསྟན་པའི་མཛད་པ་ཡིན།།


མདོ་དབུས་ཁམས་གསུམ་ས་གནས་སོ་སོ་ན།།
མར་མེ་འོད་ཀྱིས་ས་གསུམ་ཁྱབ་པ་ནི།།
རླབས་ཆེན་སྐྱེས་བུ་ཁྱེད་ནི་སེམས་ཅན་གྱི།།
བསམ་བློའི་སྒྲོན་མེ་ཡིན་པར་རྗེས་དྲན་ནོ།།
         ༢༠༡༦ལོའི་བོད་ཟླ་༡༠ཚེས་༢༥ཉིན།

 


                                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 

གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn


 
བརྒྱུད་འགོད།