ཆེད་བསྒྲིགས། རྗེ་ཙོང་ཁ་བ་རྗེས་སུ་དྲན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 23:31:07     རྩོམ་པ་པོ།   གྱི་ལིང་འཇིགས་མེད།     ཀློག་ཐེངས།  

 

88053530.jpg

 

དེ་རིང་ནི་དཔལ་རི་བོ་དགེ་ལྡན་པའི་དགའ་ལྡན་ལྔ་མཆོད་ཅེས་ཡོངས་སུ་གྲགས་པའི་དུས་མཆོད་ཀྱི་ཉིན་མོ་རེད། ཉིན་འདི་ནི་ཀུན་ལ་གསལ་བཤད་ཞུ་མི་དགོས་པ་ཞིག་སྟེ། རི་བོ་དགེ་ལྡན་པས་གཙོས་བོད་མི་རྣམས་ཀྱིས་རྗེ་ཙོང་ཁ་བ་ཁོང་ལ་རྗེས་དྲན་ཞུ་བའི་ཉིན་མོ་རེད།

ཆུང་དུས་དགའ་ལྡན་ལྔ་མཆོད་ལ་ཉེ་བའི་སྐབས་སུ་ལོ་ལྟར་གྲྭ་ཤག་ལ་དཀར་རྩི་བྱུགས་པ་དང་། འདུ་ཁང་ལ་ས་དམར་བྱུགས་པ་སོགས་དགོན་པའི་ནང་དུ་བྲེལ་ཟིང་ཆེ་ལ། ལྷག་པར་དུ་ཚེས་ཉེར་བཞིའི་ཕྱི་དྲོར་གྲྭ་བ་རྣམས་ཀྱིས་རང་རང་གི་གྲྭ་ཤག་སྒོ་ལ་ས་དཀར་གྱི་ཐིག་འཐེན་པའི་སྲོལ་ཡོད། དེ་ནི་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་རྗེ་ཙོང་ཁ་བ་ཁོང་སྐུ་དངོས་སུ་བྱོན་ཏེ་ཁོང་གི་རྗེས་འཇུག་རྣམས་ཀྱི་བྱ་སྤྱོད་ལ་གཟིགས་བཞིན་ཡོད་པས་ཐིག་འཐེན་ཏེ་བསུ་བ་ཞུ་དགོས་ལ། ཚང་མས་བསམ་པ་རྣམ་དག་དང་ཀུན་སྤྱོད་གཙང་མ་གནང་དགོས་ཞེས་དགོན་པའི་ནང་གི་བླ་རྒན་དག་གི་ངག་ལས་ཐོས།

དེ་ནི་མཚར་སྣང་དང་སྐྲག་སྣང་འདྲེས་མ་སྐྱེས་པ་ཞིག་སྟེ། རྗེ་བདག་ཉིད་ཆེན་པོ་དངོས་སུ་རང་གི་གྲྭ་ཤག་ལ་བྱོན་པ་ནི་ཇི་འདྲའི་དགའ་འོས་པ་ཞིག་ཨང་། འོན་ཀྱང་དུས་མཚུངས་སུ་སྐྲག་སྣང་ཞིག་ཀྱང་སྐྱེ་ཡོང་སྟེ། ང་ཚོས་ཁོང་གི་རྗེས་སུ་འབྲངས་ཏེ་ཆོས་མཐུན་གྱི་ལས་ཀ་ཅི་ཞིག་བྱས་ཡོད་དམ། ཁོང་གིས་སྐུ་འདའ་ཁར་ཞལ་ཆེམས་སུ་བསྩལ་བ་ལྟར་ཁོང་རྗེས་སུ་དྲན་ན་མདོ་སྔགས་གཉིས་ཀྱི་ལམ་རིམ་གཉིས་ལ་བལྟ་དགོས་པར་གདམས་ཤིང་། ཁོང་གི་རྒྱལ་ཚབ་ཀྱང་ལམ་རིམ་གཉིས་ཡིན་པར་གསུངས་ལ། རི་བོ་དགེ་ལྡན་པའི་བཅའ་ཡིག་ཀྱང་ལམ་རིམ་གཉིས་ལ་བྱེད་དགོས་པར་གསུངས་མོད། ང་ཚོས་ཁོང་གི་རྗེས་སུ་ལམ་རིམ་གཉིས་ལ་ཐོས་བསམ་ཅི་ཙམ་བྱས་སམ། ཉམས་ལེན་ནི་དེ་བས་ཀྱང་བཤད་ཐབས་མེད། དེ་བས་ཁོང་དངོས་སུ་གྲྭ་ཤག་ལ་བྱོན་ན་ཐུགས་དགྱེས་པའི་མཆོད་པ་ཅི་ཞིག་ཡོད་དམ།

 ཁོང་རྗེས་སུ་དྲན་ན་ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ་དགོས་ལ། ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན་དགོས། དེ་བཞིན་དུ་ཁོང་རྗེས་སུ་དྲན་ན་དང་བོར་རྒྱ་ཆེན་ཐོས་བ་མང་དུ་འཚོལ་དགོས་ལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་འཆར་དགོས། ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་ལེན་དགོས་མོད། ང་ལ་མཚོན་ན་རང་ལོ་སོ་གསུམ་ལ་བུད་ན་ཡང་ཉམས་ལེན་རྣམ་དག་ཉིན་གཅིག་ལའང་བྱས་མ་མྱོང་ལ། རྗེའི་གཞུང་འགྲེལ་དག་ལ་ཐོས་བསམ་གྱིས་བག་ཆགས་ཙམ་ཡང་འཇོག་མ་ཐུབ་པས། རྗེ་བདག་ཉིད་ཆེན་པོའི་རྗེས་འཇུག་ཅིག་ཡིན་ཟེར་བར་ངོ་གནོང་ཨང་།

ང་ཚོས་ཁོང་ལ་རྗེས་དྲན་ཞུ་སྐབས་ཁོང་གིས་གསུངས་པ་བཞིན་ལམ་རིམ་གཉིས་ལག་ལ་འཛིན་རྒྱུ་གལ་ཆེ་ལ། དེ་བཞིན་དུ་ཁོང་གི་མཛད་རྗེས་དག་ལའང་བསམ་བློ་གཏོང་འོས། ངས་ནི་ཁོང་གི་མཛད་རྗེས་དེ་དག་ལས་ཟུར་ཙམ་ཞིག་རང་གི་དད་པའི་གསོས་སུ་འདི་ལྟར་དྲན་པ་ཡིན།

རྗེ་རིན་པོ་ཆེའི་མཛད་རྗེས་ནི་ཁོང་གི་མཛད་ཆེན་བཞིའི་སྟེང་ནས་མཐོང་ཐུབ་ལ། ལྷག་པར་དུ་དཔལ་རི་བོ་དགེ་ལྡན་པ་ཞེས་པའི་གྲུབ་མཐའ་འདི་ལས་ད་གཟོད་མཐོང་ཐུབ། ཁོང་གིས་དགའ་ལྡན་དགོན་པ་ཕྱག་བཏབ་ཅིང་། བུ་ཆེན་འཇམ་དབྱངས་ཆོས་རྗེ་དང་བྱམས་ཆེན་ཆོས་རྗེ་རྣམ་གཉིས་ལ་བཀས་བསྐུལ་ཏེ་འབྲས་སྤུངས་དང་སེ་ར་གཉིས་ཕྱག་འདེབས་མཛད། དེ་བཞིན་དུ་བཀྲ་ཤིས་ལྷུན་པོ་དང་མདོ་སྨད་ཀྱི་བླ་བྲང་བཀྲ་ཤིས་འཁྱིལ་སོགས་ཀྱིས་གཙོས་ཁོང་གི་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་གདན་ས་ཆེ་ཆུང་སྟོང་ཕྲག་མང་བོ་ཕྱག་འདེབས་མཛད་ཅིང་། དམ་པའི་ཆོས་ལ་འཆད་ཉན་གནང་བས། ཕྱི་གཙང་ནང་གཙང་པདྨའི་སྤུབས་ལྟ་བུའི་དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་ས་སྟེང་ཐམས་ཅད་ལ་ཁྱབ་པ་འདི་བྱུང་ལ། འདི་ནི་རྗེ་ཙོང་ཁ་བ་ཁོང་གི་མཛད་རྗེས་རེད།

རྗེ་རིན་པོ་ཆེ་ཁོང་གིས་མཛད་པའི་ལམ་རིམ་པ་གཉིས་ཀྱིས་མཚོན་པའི་གཞུང་ཆེན་རྣམས་ལ་ཐོས་བསམ་ཉམས་བཞེས་གནང་བའི་མཁས་གྲུབ་དམ་པ་གནམ་གྱིས་ས་བཀབ་པ་ལྟ་བུ་བརྒྱ་ཕྲག་མང་བོ་བྱོན་ཏེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་གནངས་དང་གནང་བཞིན་པ་འདི་ཡང་རྗེ་བདག་ཉིད་ཆེན་པོ་ཁོང་གི་མཛད་རྗེས་རེད།

ཐ་ན་ང་ཚོས་སྙན་ངག་ལྟ་བུ་རེ་ལ་སྦྱོང་ནའང་ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། ། ཞེས་སྙིང་རུས་སྐྱེད་པའི་གདམས་ངག་ཅིག་ལ་བསྟེན་ནས་བོད་གངས་ཅན་གྱི་སྙན་ངག་གི་རིག་གནས་ཀྱིས་མཚོན་པའི་ཐུན་མོང་རིག་གནས་ཐམས་ཅད་ཀྱང་ཁྱབ་བརྡལ་དུ་གཏོང་བཞིན་པ་འདི་ཡང་ཁོང་གི་གསུངས་འདིའི་འཕྲིན་ལས་ཡིན་པས། མདོར་ན་དཔལ་རི་བོ་དགེ་ལྡན་པས་མཚོན་པའི་བོད་ཀྱི་མཁས་དབང་རྣམ་པའི་འཆད་རྩོད་རྩོམ་པའི་ཡོན་ཏན་གྱི་མཛད་འཕྲིན་བཟང་བོ་ཐམས་ཅད་ཀྱང་རྗེ་བདག་ཉིད་ཆེན་པོའི་མཛད་རྗེས་ཡིན་ཕྱིར། རྗེ་བདག་ཉིད་ཆེན་པོ་རྗེས་སུ་དྲན་པ་ནི་བོད་ཀྱི་མདོ་སྔགས་རིག་གནས་ཡོངས་ཀྱི་འཆད་ཉན་དང་དར་རྒྱས་རྗེས་སུ་དྲན་པ་ཡིན། དེ་བས་རྗེ་བདག་ཉིད་ཆེན་པོ་ནི་བོད་གངས་ཅན་གྱི་རིག་གནས་ཀྱི་བརྡ་རྟགས་སམ་མཚོན་བྱེད་ལྟ་བུ་ཡིན་པས། ཁོང་གི་རྗེས་སུ་དྲན་པ་ནི་དོན་སྙིང་ཆེ་བའི་བྱ་བ་ཞིག་ཡིན་པར་སེམས་སོ། །

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།