ཆེད་བསྒྲིགས། ང་ཚོས་དགའ་ལྡན་ལྔ་མཆོད་ཆེན་མོ་བསུ་ཚུལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 23:03:23     རྩོམ་པ་པོ།   ངེད་དགེ་ལུགས་པའི་དྲ་བ།    ཀློག་ཐེངས།  

136946665805326920.jpg


 

དགའ་ལྡན་ལྔ་མཆོད་ནི་དགེ་ལུགས་པའི་བདག་པོའི་བདག་པོ་རྗེ་བདག་ཉིད་ཆེན་པོའི་རྗེས་དྲན་གྱི་ཉིན་མོ་སྟེ། རྗེ་བདག་ཉིད་ཆེན་པོ་ནི་རྒྱལ་བའི་བསྟན་ལ་རྒྱལ་བ་གཉིས་པ་ལྟ་བུ་དང་། གངས་ཅན་བོད་ཀྱི་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་པ་མ་ཟད། བོད་ཀྱི་བསྟན་པ་དག་ཐེར་ཐེངས་གཉིས་པ་མཛད་མཁན་ཡང་ཡིན་ནོ།། དེ་བས་ཁོང་ནི་རྒྱ་གར་པཎ་གྲུབ་དང་བསྡུར་ནའང་ངོ་གནོང་མི་དགོས་ཤིང་འཛམ་གླིང་གི་བསྟན་འཛིན་སྐྱེས་བུའི་ཁྲོད་དུའང་གཟེངས་སུ་མཐོ་བ་ཞིག་ཡིན།

ཁོང་རབ་བྱུང་དྲུག་པའི་མེ་བྱའི་ལོ་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས་ཤིང་།  ཆོས་རྗེ་དོན་གྲུབ་རིན་ཆེན་གྱི་སྤྱན་སྔར་རབ་ཏུ་བྱུང་ནས་མཚན་བློ་བཟང་གྲགས་པའི་དཔལ་ཞེས་གསོལ།  དགུང་ལོ་བཅུ་བདུན་པར་དབུས་སུ་ཕེབས་ནས་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁན་གྲུབ་དག་བསྟེན་ཏེ་དེ་དག་ལས་ལྟ་གྲུབ་ཁོང་དུ་ཆུད་པ་མ་ཟད། སངས་རྒྱས་ཀྱི་བསྟན་པ་ལ་རྗེས་ཀྱི་སྐྱེས་བུ་དག་གིས་བསླད་ཞུགས་པ་དག་བྱི་དོར་བྱས་ཏེ་དཔལ་རི་བོ་དགེ་ལུགས་པའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པའི་སྲོལ་ཕྱེས། ས་མོ་གླང་གི་ལོར་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབས། དགུང་ལོ་རེ་གསུམ་སྟེ་ཕག་ལོའི་བཅུ་བའི་ཉི་ཤུ་ལྔའི་ཉིན་དགའ་ལྡན་མཁའ་སྤྱོད་ཀྱི་གནས་སུ་གཤེགས་པའི་ཚུལ་བསྟན།

རྗེ་རིན་པོ་ཆེ་ཞིང་ལ་གཤེགས་སྐབས་སྲས་ཀྱི་ཐུ་བོ་གཉིས་ནས་ཆོས་ཀྱི་སྲོལ་གོང་འཕེལ་དུ་བྱེད་པ་མ་གཏོགས། གྲོང་བའི་མི་ནག་གི་མྱ་ངན་ལྟ་བུ་བྱ་ས་མེད་པའི་ཁྲིམས་བཏོད་དེ་སྐྲ་སོར་ཚད་ལས་ལྷག་པ་ལ་སྤོས་མེས་སུན་འབྱིན་གནང་བ་ལྟར་ད་ལྟ་ཡང་ལྔ་མཆོད་ཀྱི་སྐབས་དེ་བཞིན་བྱེད་སྲོལ་ཡོད་ཅེས་དམ་པ་སྔ་མས་གསུངས། རྗེ་རིན་པོ་ཆེའི་བསྟན་པ་དར་བའི་རྟེན་འབྲེལ་ལ་དགོངས་ནས། རྗེ་རིན་པོ་ཆེ་ཞི་བར་གཤེགས་པའི་ལོ་གཉིས་པའི་ལྔ་མཆོད་ཀྱི་སྐབས་རྒྱལ་ཚབ་དར་མ་རིན་ཆེན་གྱི་བཀས་མཁས་གྲུབ་དགེ་ལེགས་དཔལ་བཟང་དགེ་བསྐོས་སུ་བསྐོས་པ་ལྟར་ད་ལྟའི་བར་དུ་དགེ་ལུགས་པའི་ཆོས་སྡེ་དག་ཏུ་དགའ་ལྡན་ལྔ་མཆོད་ཀྱི་སྐབས་དགེ་བསྐོས་གསར་བཞེངས་ཀྱི་སྲོལ་བྱུང་།

རྗེ་བླ་མའི་དགོངས་རྫོགས་ཀྱི་མཆོད་པའི་ཉིན་མོ་ནི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་ཡིན་པ་བསྙོན་དུ་མེད་ནའང་མདོ་སྨད་དང་དབུས་གཙང་གཉིས་ཀྱི་རྩི་སྟངས་མ་མཐུན་པས་དགའ་ལྡན་ལྔ་མཆོད་ལའང་མི་འདྲ་བའི་ཁྱད་འབྱུང་བ་བསྙོན་དུ་མེད། འདུལ་བ་མདོ་རྩ་བ་ལས།"དུས་ཚིགས་རྣམས་ཀྱི་ཟླ་བ་ཕྱེད་ལུས་པ་ཉིད་ལའོ། །ཟླ་བ་ཤོལ་དོར་བ་ནི་རྒྱལ་པོའི་རྗེས་སུ་འབྲང་བས་སོ། །རྒྱུ་སྐར་ནི་སྐར་མཁན་གྱི་རྗེས་སུ་འབྲང་བས་ཤེས་པར་བྱའོ། །"ཞེས་གསུངས་པ་ལྟར་ལ་མོ་གོང་ས་ཡབ་སྲས།ཀུན་མཁྱེན་འཇམ་དབྱངས་བཞད་པ།ཤར་སྐལ་ལྡན་རྒྱ་མཚོ་ཡབ་སྲས།ཨ་རིག་དགེ་བཤེས་ཡབ་སྲས་སོགས་ཀྱིས་རྒྱ་རྩིས་གཞིར་བཟུང་ནས་དགའ་ལྡན་ལྔ་མཆོད་ཀྱི་སྲོལ་བཏོད་པ་ལགས་ཤིང་ས་གནས་སོ་སོ་རྩི་ཚུལ་མི་འདྲ་བ་ལ་བསྟུན་པ་ནི་སྐྱེས་བུ་དམ་པ་དག་གི་དགོངས་པ་ཡིན་པས་དབུས་གཙང་བས་ངེད་བདེན་གྱི་ཨ་མདོ་བ་གཏི་མུག་གོ་མི་ཟེར་བ་དང་ཨ་མདོ་བས་ངེད་བདེན་གྱི་དབུས་པ་གཏི་མུག་གོ་མི་ཟེར་བས་རང་རང་ལུགས་སྐྱོང་ཞིང་བདེན་པ་སྔ་མའི་ཕྱག་ལེན་བཟུང་ན་བླ་མ་དགྱེས་པའི་མཆོད་པར་འགྲོ་བ་མ་ཟད།བློ་དང་ལྡན་པའི་མཁས་པའི་སྲོལ་ཡིན་ནོ།།

རང་གི་ཨ་ཕའི་ཁ་ཕོར་གཙང་ཞེན་ལ་མི་ལེགས་པ་མེད་ཀྱང་ངའི་ཨ་ཕ་ལས་གཞན་པའི་དག་གི་ཁ་ཕོར་མི་གཙང་བར་བཟུང་ན་མི་ལེགས་པས་དུས་ཆེན་རྩི་སྟངས་མི་འདྲ་བ་ཙམ་གྱིས་རླུང་ལངས་ནས་སྐད་ཆ་མི་ལེགས་པ་བཤད་པ་ནི་རང་གི་དེ་ཉིད་བསྟན་པ་ཙམ་མོ།།དབུས་གཙང་གིས་ཨ་མདོ་ལ་འཁང་ར་མི་བྱེད་པར་དབུས་གཙང་གི་སྲོལ་བཞིན་དུ་བསྟེན་པར་བྱ། ཨ་མདོ་བས་དབུས་གཙང་ལ་བསྐང་ར་མི་བྱེད་པར་ཨ་མདོའི་སྲོལ་བསྐྱང་བར་བྱ། འདི་ལྟར་རོལ་བས་སྔོན་བྱོན་མེས་པོའི་རིང་ལ་བསྟན་པ་ལ་གསོས་སུ་འགྲོ་ན་འུ་ཅག་གི་རིང་ལ་བསྟན་པ་ལ་གནོད་མི་སྐྱེལ་ཁོ་ཐག་ཡིན།

དེ་ཡང་བླ་མ་རྗེས་སུ་དྲན་ཚུལ་ནི་རྗེ་ཙོང་ཁ་བས། མཛད་པ་ཀུན་ལས་གསུང་གི་ནི། །མཛད་པ་མཆོག་ཡིན་དེ་ཡང་ནི། །དེ་ཉིད་ཡིན་ཕྱིར་མཁས་པ་ཡིས། །འདི་ལས་སངས་རྒྱས་རྗེས་དྲན་བྱོས། །ཞེས་གསུངས་པ་ལྟར་རྗེ་བདག་ཉིད་ཆེན་པོས་རྒྱལ་བའི་བསྟན་པ་འཛིན་ཅིང་སྤེལ་བར་བྱས་པ་ལས་དྲན་དགོས་ལ། ཉིན་གཅིག་ཙམ་ཡིན་ཡང་རུང་ཁོང་གི་གསུང་ལ་མཇལ་ཏེ་ཐུགས་སྨོན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེ། ལྷག་པར་ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས། དེ་ལྟར་བླ་མ་རྗེ་བཙུན་གྱི་ཡོན་ཏན་ཡིད་ལ་དྲན་པར་བྱས། འདྲ་འབག་གི་སྤྱན་སྔར་མཆོད་པ་ཕུལ་ཏེ། དགའ་ལྡན་གནས་སུ་སྐྱེ་བར་གསོལ་བ་འདེབས་དགོས་ཏེ། ཞེས་གསུངས་པ་ལྟར་ཡིན་པས་རྗེ་བླ་མར་གསོལ་འདེབས། ཕྱག་མཆོད་བྱེད་པ། དཔལ་རི་བོ་དགེ་ལྡན་པའི་བསྟན་པ་གསེར་གྱི་རི་བོ་འདི་ཉིད་ལྷད་མ་འདྲེས་ཤིང་འཕང་མ་དམད་པའི་སྒོ་ནས་བཤད་སྒྲུབ་འཁོར་ལོ་གསུམ་ལ་བརྩོན་པ་ནི་རྗེས་སུ་དྲན་པའི་རྗེས་དྲན་བླ་ན་མེད་པ་ཡིན་ནོ།།

དེ་བས་ངེད་ཅག་གིས་ཀྱང་ལོ་སྔོན་དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་འདིར་ཆེད་དུ་རྗེ་བདག་ཉིད་ཆེན་མོའི་རྗེས་དྲན་དང་གང་ལ་མཆོད་པའི་སྤྲིན་ཕུང་དུ་དགེ་ལུགས་པའི་དྲ་བ་ཆེད་དུ་གཡང་སྒོ་ཕྱེས་ཤིང་། ལོ་གཅིག་གི་ནང་དུ་དགེ་ལུགས་པའི་ལྟ་སྒོམ་སྤྱད་གསུམ་མཚོན་པའི་རྩོམ་ཡིག་མང་བོ་སྤེལ་ཞིང་ད་རེས་ཀྱང་ཆེད་དུ་རྗེ་རིན་པོ་ཆེའི་རྗེས་དྲན་དུ་ཆེད་དུ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་སྐོར་ཞིག་ངོ་སྤྲོད་དང་། ལེ་ཚན་ཆེད་བསྒྲིགས་འགའ་ཡང་གསར་དུ་བཀོད་ཡོད།

མཇུག་ཏུ་ཞུ་བྱ་ནི་ཁྱེད་ཉིད་ཁོམ་པ་ཡོད་ན་ངེད་དྲ་བས་སྤེལ་བའི་དགའ་ལྡན་ལྔ་མཆོད་ཆེན་མོའི་རྩོམ་ཡིག་དག་ལ་ཞིབ་ཏུ་བཀླགས་ན་ཁྱོད་ཀྱི་རྣམ་དཔྱོད་ཀྱི་གསོས་སུ་འགྱུར་བ་གདོན་མི་ཟའོ༎གལ་ཏེ་གཟིགས་པ་བོ་དག་གིས་འདི་ལྟར་གཟིགས་ན་ངེད་ཅག་གི་མཆོད་པ་འདི་ནི་དོན་གྱི་མཆོད་པ་ཡིན་ནོ༎

དགེ་ལུགས་པའི་དྲ་བ་རྩོམ་སྒྲིག་ཁང་ནས་དགའ་ལྡན་ལྔ་མཆོད་ཆེན་མོའི་ཞོགས་པའི་ཉིན་གཞོན་བསུ་བ་དང་མཉམ་དུ་ཕུལ།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས། 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།