ཆེད་བསྒྲིགས། ཙོང་ཁ་བའི་རྣམ་ཐར་ཚིགས་བཅད་བཅོ་བརྒྱད་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 19:42:50     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

88053530.jpg

༄༅།།དང་བོར་རྒྱ་ཆེན་ཐོས་པ་མང་དུ་བཙལ།

བར་དུ་གཞུང་ལགས་ཐམས་ཅད་གདམས་པར་ཤར།

མཐའ་མར་ཉིན་མཚན་ཀུན་དུ་ཉམས་སུ་བླངས།

བློ་བཟང་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ།།

རབ་བྱུང་དྲུག་པའི་མེ་མོ་བྱ་ཡི་ལོར།།

གངས་ཅན་ཤར་ཕྱོགས་མདོ་སྨད་ཙོང་ཁ་རུ།

ལུང་བསྟན་བཞིན་དུ་ཀླུ་འབུམ་དགེ་བ་དང་། 

ཤིང་བཟའ་ཨ་ཆོས་གཉིས་ཀྱི་སྲས་སུ་འཁྲུངས།།

དགུང་ལོ་གསུམ་པར་གྲུབ་དབང་ཀརྨ་པས།

དགེ་བསྙེན་བསྒྲུབས་ཏེ་ཀུན་དགའ་སྙིང་བོ་དང་།།

དགུང་ལོ་བདུན་པར་དོན་གྲུབ་རིན་ཆེན་ལས།།

རབ་ཏུ་བྱུང་ནས་བློ་བཟང་གྲགས་པར་གསོལ།།

བཅུ་དྲུག་བར་དུ་མདོ་སྨད་བྱ་ཁྱུང་དུ།

རིག་པའི་དཔའ་བོ་དོན་གྲུབ་རིན་ཆེན་ལས།།

དབང་ལུང་མན་ངག་གཞུང་སོགས་གང་འདོད་དུ།།

གསན་ཏེ་བསྙེན་སྒྲུབ་སོགས་ལ་བརྩོན་པར་མཛད།།

བཅུ་བདུན་བཞེས་ཚེ་མཁན་པོའི་གསུང་བཞིན་དུ།།

དབུས་སུ་བྱོན་ནས་སྙེ་ཐང་ས་སྐྱ་སོགས།།

ཆོས་སྡེ་མང་བོར་བཤེས་གཉེན་དུ་མའི་མདུན།།

རྒྱ་བོད་མཁས་པའི་གཞུང་ལུགས་ཐམས་ཅད་སྦྱངས།།

བཅུ་དགུར་གསང་ཕུ་སོགས་སུ་གྲྭ་སྐོར་གྱིས།།

མཁས་པའི་གྲགས་པ་དབུས་གཙང་ཡུལ་དུ་ཁྱབ།

གཞོན་ནུ་བློ་གྲོས་སོགས་ལས་དབུ་ཚད་ཀྱི།

སྔོན་ཆད་མེད་པའི་རིགས་པ་དུ་མ་རྙེད།

ཉེར་བཞིར་བཀའ་བཞི་ཚུལ་ཁྲིམས་རིན་ཆེན་ལས།

བསྙེན་པར་རྫོགས་ཤིང་གུང་ཐང་ཆོས་ཀྱི་སྡེར།

བཀའ་བསྟན་གཟིགས་པས་སྔོན་མེད་བློ་རྒྱས་ཏེ།

བསྟན་བཅོས་བློ་གསལ་བགྲོད་པའི་ཐེམ་སྐས་བརྩམས༎

ཉེར་ལྔར་རྒྱ་བོད་གཞུང་བརྒྱ་ཐང་མ་རུ།

བརྡལ་བའི་ལེགས་བཤད་གསེར་གྱི་ཕྲེང་བ་མཆོག།

རྩོམ་པའི་དབུ་ཚུགས་དགུང་ལོ་སོ་གཅིག་ལ།

སྔོན་ཆད་མེད་པའི་བསྟན་བཅོས་དེ་ཉིད་གྲུབ།

སོ་གཉིས་མོན་མཁར་བཀྲ་ཤིས་གདོང་གི་སར།

ཉིན་རེར་ཆོས་ཐུན་བཅོ་ལྔ་ཆགས་མེད་དུ།

རྒྱ་གཞུང་བསྟན་བཅོས་བཅོ་ལྔ་དུས་གཅིག་ཏུ།

ཐུགས་ནས་འཆད་ཅིང་དགག་སྒྲུབ་གཏན་ལ་ཕབ།

སོ་དྲུག་བཞེས་དུས་ལྷ་ཡིས་ལུང་བསྟན་བཞིན།

འཁོར་གྱི་དག་པ་བརྒྱད་དང་ལྷན་ཅིག་ཏུ།། 

རྫིང་ཕྱི་བྱམས་པ་ཞིག་གསོ་མཛད་པ་དང་།

འོལ་ཁ་ཆོས་ལུང་དགོན་པར་ཐུགས་དམ་མཛད།།

ཞེ་གཅིག་གཉལ་སྨད་སེང་གེ་རྫོང་དུ་ཕེབས།

གསེར་ཕྱེ་འབུམ་པར་གཞི་གསོ་མཆོད་འབུལ་མཛད།།

འོ་དེ་གུང་རྒྱལ་ཞོལ་དུ་ལྟ་བ་ལ། 

སྒྲོ་འདོགས་བཅད་དེ་རྟེན་འབྲེལ་བསྟོད་པ་གསུངས། 

ཞེ་དྲུག་བཞེས་དུས་ཨར་གྱི་གདན་ས་མཆོག 

གནམ་རྩེ་ལྡིང་དུ་བླ་མ་རེད་མདའ་སོགས།

ལྷན་དུ་འཛོམས་ནས་འདུལ་བའི་ཕྱག་ལེན་དག

རྨང་ནས་གསོས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར།།

ལོ་དེར་རྭ་སྒྲེང་སེང་གེ་བྲག་ཞོལ་དུ། 

དབེན་གནས་བཏབ་ནས་ལམ་རིམ་ཆེན་མོ་དང་།།

དགུང་ལོ་ཞེ་དགུར་འོལ་ཁའི་བྱམས་གླིང་དུ།

གསང་ཆེན་སྔགས་ཀྱི་ལམ་རིམ་ཆེན་མོ་བརྩམས། 

ང་གཅིག་བཞེས་དུས་སེ་ར་ཆོས་སྡིངས་སུ།

སྲས་ཀྱི་ཐུ་བོ་དགེ་ལེགས་དཔལ་བཟང་དང་།

མཇལ་ཞིང་དྲང་ངེས་རྩ་ཤེའི་ཊིཀ་ཆེན་སོགས། 

སྲིད་ན་དཀོན་པའི་ལེགས་བཤད་དེ་དག་བརྩམས།།

ང་གསུམ་ལྷ་སར་དགེ་འདུན་བརྒྱད་སྟོང་གིས། 

མཆོད་པ་ཕུལ་པས་སྨོན་ལམ་ཆེན་མོ་བཙུགས།།

དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ནས།

རྒྱུད་སྡེ་འཆད་ཉན་དགའ་ལྡན་སྒྲུབ་མཆོད་སྤེལ།

རེ་གསུམ་ཆོས་རྗེ་དར་མ་རིན་ཆེན་དང་།

གྲུབ་དབང་ཤེར་སེང་སོགས་ལ་བསྟན་པ་གཏད།

ཧོར་ཟླ་བཅུ་བའི་མར་ངོའི་ཚེས་བཅུ་ལ།

ངོ་མཚར་དང་བཅས་དགའ་ལྡན་གནས་སུ་གཤེགས།

ཕྱི་རུ་ཉན་ཐོས་སྤྱོད་པས་ཞི་ཞིང་དུལ།

ནང་དུ་རིམ་གཉིས་རྣལ་འབྱོར་གདེང་དང་ལྡན།

མདོ་སྔགས་ལམ་བཟང་འགལ་མེད་གྲོགས་སུ་འཁྱེར།

བློ་བཟང་གྲགས་པའི་ཞབས་ལ་གུས་པས་བདུད།།

ལྷད་དང་འདྲེས་པའི་བསྟན་པར་དག་ཐེར་བྱས།

སྒྱུ་ལུས་འོད་གསལ་མ་འདྲེས་གསལ་བོར་བཤད།

སྟོང་བ་རྟེན་འབྲེལ་དོན་དུ་གསུངས་པ་ཡི།

གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ།།

ང་ཡི་བླ་མ་བློ་བཟང་གྲགས་པ་དེ།

ཁ་བ་ཅན་དང་དགའ་ལྡན་གནས་ལ་སོགས།

དག་པའི་ཞིང་མཆོག་གང་དུ་གནས་ཀྱང་རུང་།

བདག་སོགས་འཁོར་གྱི་ཐོག་མར་སྐྱེ་བར་ཤོག།

ཅེས་པ་འདི་ནི་འཇམ་དཔལ་དབྱངས་མི་ཡི་རྣམ་པར་རོལ་༧་རྒྱལ་བ་གཉིས་པ་བློ་བཟང་གྲགས་པའི་ཞབས་ལ་་མི་ཕྱེད་པའི་དད་པ་ཐོབ་པ་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་དགའ་ལྡན་ལྔ་མཆོད་ཆེན་མོར་སྔོན་བྲིས་པ་ལ་ཞུ་དག་ཅུང་བྱས་ཏེ་གྲུབ་པར་བྱས་སོ༎

                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།  

གསལ་འདེབས། 
                 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།