ཆེད་བསྒྲིགས། དད་སྡོམ་བརྗེད་བྱང་དུ་བཀོད་པ་རྣམ་ཐར་རྒྱ་མཚོར་འཇུག་པའི་གྲུ་རྫིངས་

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 19:08:42     རྩོམ་པ་པོ།   འབྲི་རུ་སྐལ་བཟང་རྒྱལ་མཚན།    ཀློག་ཐེངས།  

644dea47xa298d7f753a4&690.jpg

༄༅། །བློ་བཟང་གྲགས་པའི་དཔལ་ལ་ཕྱག་འཚལ་ལོ། །

   ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ། །མེ་བྱ་ཆིག་སྟོང་སུམ་བརྒྱ་ང་བདུན་ལོར།  །མདོ་སྨད་ཙོང་ཁར་

ཡབ་ནི་ཀླུ་འབུམ་དགེ། །ཤིང་མོ་ཨ་ཆོས་གཉིས་ཀྱི་སྲས་དྲུག་གི། །བཞི་པ་དགུང་ལོ་གསུམ་པ་བྱིས་པའི་དུས༌། །ཆོས་རྗེ་ཀརྨ་རོལ་པའི་རྡོ་རྗེ་ཡིས། །ཡོངས་རྫོགས་དགེ་བསྙེན་བསྒྲུབས་ཏེ་རྗེ་ཉིད་ལ། །ཀུན་དགའ་སྙིང་པོ་ཞེས་པའི་མཚན་ཡང་གསོལ། །རབ་བྱུང་སྔོན་དུ་ཆོས་རྗེ་དོན་རིན་པས། །བཅོམ་ལྡན་འཁོར་ལོ་བདེ་མཆོག་དྲིལ་བུ་དང༌། །ཀྱེ་རྡོར་ཕྱག་རྡོར་སོགས་ཀྱི་དཀྱིལ་འཁོར་དུ། །དབང་བསྐུར་གསང་མཚན་དོན་ཡོད་རྡོ་རྗཻ་བཏགས། །བདེ་མཆོག་དགྱེས་རྡོར་ཀུན་རིག་གཤིན་རྗེའི་གཤེད། །དཀྱིལ་ཆོག་བཟུང་ཞིང་བདེ་མཆོག་དྲིལ་བུ་པའི། །བདག་འཇུག་ལན་མང་མཛད་ཅིང་ལྷའི་རྣལ་འབྱོར། །བཟླས་རིམ་སོགས་ལ་གཅིག་ཏུ་གཞོལ་བ་མཛད། །བཅོམ་ལྡན་ཕྱག་རྡོར་གཏུམ་པོ་ཕྱག་གཉིས་པ། །ཁྱད་པར་ཇོ་བོ་དཔལ་ལྡན་ཨ་ཏི་ཤ། །མནལ་ལམ་ནར་མར་འོང་ཞིང་ཕྱིས་སུ་ནི། །སྐུ་འདྲ་གཟིགས་ཚེ་རྣམ་པ་ཇི་བཞིན་བྱུང༌། །ཇོ་བོ་རྗེ་ཉིད་སླར་ཡང་བྱོན་པ་ལྟར། །མདོ་སྔགས་ལམ་གྱི་རིམ་པ་ཡོངས་རྫོགས་པའི། །བསྟན་པའི་རྒྱལ་མཚན་འཛིན་པའི་གཙུག་ནོར་དུ། །འགྱུར་བའི་སྔ་ལྟས་ཡིན་པར་གདོན་མི་ཟ། །

    ཁྱིམ་ནས་ངེས་པར་འབྱུང་བའི་རིམ་པ་ནི། །

             དགུང་ལོ་བདུན་པར་རབ་ཏུ་བྱུང་བའི་ཚེ། །མཁན་པོ་ཆོས་རྗེ་དོན་འགྲུབ་རིན་ཆེན་དང༌། །གཞོན་ནུ་བྱང་ཆུབ་བྱ་བས་ལས་སློབ་མཛད། །ཚིགས་སྔ་དགེ་ཚུལ་སྡོམ་པ་ཡང་དག་མནོས། །བློ་བཟང་གྲགས་པ་ཞེས་བྱའི་མཚན་ཡང་གསོལ། །བསྟན་པ་རིན་ཆེན་བདག་པོ་དགོངས་ནས་ནི། །སྨན་གྱི་མྱུ་གུ་བཞིན་དུ་ལེགས་པར་བསྐྱངས། །དགུང་ལོ་ཉེར་ལྔ་ཡར་ལུང་རྣམ་རྒྱལ་དུ། །ཁ་ཆེའི་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི། །མཁན་བརྒྱུད་བཀའ་བཞི་ཚུལ་ཁྲིམས་རིན་ཆེན་པས། །མཁན་པོ་མཛད་ཅིང་གནས་བརྟན་འདུལ་བ་འཛིན། །ཤེར་མགོན་བྱ་བས་ལས་ཀྱི་སློབ་དཔོན་དང༌། །སྡོམ་བརྩོན་བསོད་ནམས་རྡོ་རྗེས་གསང་སྟོན་མཛད། །ཁ་སྐོང་འོས་པ་གྲངས་ཚང་དད་དགེའི་དབུས། །བསྙེན་པར་རྫོགས་པའི་སྡོམ་པ་ཡང་དག་བཞེས། །

ཐོག་མར་ཕ་རོལ་ཕྱིན་པའི་ཐེག་པ་ལས། །ཐོས་པ་ཡོངས་སུ་བཙལ་བའི་རིམ་པ་ནི། །

                དགུང་ལོ་བཅུ་དྲུག་བཞེས་ཚེ་བླ་མའི་བཀས། །བསྐུལ་དང་བདག་ཀྱང་སྤྲོ་ཤུགས་དྲགས་པོ་ཡིས། །དབུས་གཙང་ཕྱོགས་སུ་བྱོན་ནས་གླང་གི་ལོར། །སྟོན་གྱི་དུས་སུ་འབྲི་གུང་ནགས་ཁྲོད་དུ༌། །ཕེབས་ནས་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་མཇལ། །ཐེག་ཆེན་སེམས་བསྐྱེད་ཕྱག་ཆེན་ལྔ་ལྡན་གསན། །དེ་ནས་སློབ་གཉེར་ཞིག་ལ་འབྱོན་དགོངས་ཀྱང༌། །མི་འདོད་བཞིན་དུ་གྲོགས་འགས་དབང་མེད་ཁྲིད། །ཚལ་དུ་སྨན་པ་དཀོན་མཆོག་སྐྱབས་ཀྱི་དྲུང༌། །གསོ་དཔྱད་ལ་སྦྱངས་ཡན་ལག་བརྒྱད་པ་བཟུང༌། །ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་བྱོན། །སྙེ་ཐང་བཀྲ་ཤིས་སེང་དང་དགེ་བསྐོངས་ལས། །ཆོས་འབྲེལ་གསན་ཞིང་ཡོན་ཏན་རྒྱ་མཚོ་དང༌། །ཞར་ཆོས་སློབ་དཔོན་ཨོ་རྒྱན་པ་མཛད་ནས། །མངོན་རྒྱན་རྩ་འགྲེལ་ཐུགས་སྦྱོངས་ལེགས་མཛད་པས། །ཉིན་ཞག་བཅོ་བརྒྱད་ཙམ་གྱིས་ཐུགས་སུ་ཆུད། །བདེ་བ་ཅན་པའི་བླ་མ་འཇམ་རིན་ལས། །མདོ་སྡེ་རྒྱན་སོགས་བྱམས་ཆོས་གཞན་རྣམས་གསན། །བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལས། །འཇམ་དབྱངས་ཨ་ར་པ་ཙའི་རྗེས་གནང་དང༌། །འཁོར་ལོ་བདེ་མཆོག་དྲིལ་བུ་ལུས་དཀྱིལ་དབང༌། །གུར་གྱི་མགོན་པོའི་རྗེས་གནང་བཅས་པ་གསན། །དགུང་ལོ་བཅུ་དགུ་གསང་ཕུ་བདེ་ཅན་དང༌། །ས་སྐྱ་འདར་དང་ངམ་རིང་དགའ་རོང་ཨེ། །གནས་རྙིང་རྣམས་སུ་ཕར་ཕྱིན་གྲྭ་སྐོར་དང༌། །ཕྱིས་སུ་ས་སྐྱ་གསང་ཕུ་རྩེ་ཐང་སོགས། །དཀའ་ཆེན་ལྷག་མ་བཞི་ཡི་གྲྭ་སྐོར་མཛད། །དེ་ཚེ་ལུང་རིགས་སྨྲ་བ་དུ་མའི་མདུན། །གཞུང་དོན་བརྒལ་བརྟགས་མཛད་ནས་དངོས་སྟོབས་ཀྱིས། །རིགས་པས་རྒོལ་བ་དག་གི་སྤོབས་པ་བཅོམ། །ཞ་ལུར་མཁན་ཆེན་རིན་ཆེན་རྣམ་རྒྱལ་དྲུང༌། །བདེ་མཆོག་མི་ཏྲི་བཅུ་གསུམ་དབང་ཞིག་གསན། །ས་བཟང་པཎ་ཆེན་མ་ཏི་པ་ཡི་དྲུང། །སྒྲ་རིགས་ལ་སོགས་ཆོས་བཀའ་ཅི་རིགས་གསན། །ཇོ་མོ་ནང་དུ་ཕྱོགས་ལས་རྣམ་རྒྱལ་དྲུང༌། །སྦྱོར་དྲུག་ཁྲིད་གསན་མར་ལྷས་མཁན་ཆེན་དྲུང༌། །བཀའ་གདམས་ལམ་གྱི་རིམ་པའི་ལུང་ཐོབ་མཛད། །སྣར་ཐང་ཕེབས་ནས་འཇམ་སྐྱའི་ཊཱི་ཀའི་ནང༌། །མཛོད་ལུང་འབྲུ་གནོན་དཀའ་བའི་རྐྱེན་བྱས་ནས། །མཛོད་ཅིག་གསན་བཞེད་ལོ་ཙཱ་དོན་བཟང་ལས། །བསམ་ཊཱིཀ་སྟེང་ནས་གསན་ཀྱང་ཐུགས་མ་ཁེངས། །རྩེ་ཆེན་ཉ་དབོན་ཀུན་དགའ་དཔལ་བ་ལས། །ཕར་ཕྱིན་ཟབ་བཤད་གསན་པས་ཐུགས་ཡིད་རངས། །གནས་དེར་རེད་མདའ་བ་ལས་མངོན་པ་མཛོད། །རང་འགྲེལ་སྟེང་ནས་མཛུབ་ཁྲིད་མཛད་དེ་གསན། །དཀའ་བའི་གནད་ལ་དྲི་གཏུགས་ལེགས་མཛད་པས། །རྗེ་བཙུན་པ་ཡང་ཐུགས་ཡིད་འཕྲོགས་པར་གྱུར། །ཕྱིས་སུ་འཇུག་པ་མངོན་པ་ཚད་མ་དང༌། །ཕར་ཕྱིན་འདུལ་བ་བཅས་པ་ཚར་རེ་གསན། །དབུ་ཚད་རིགས་སྒོ་དང་པོ་འདིར་རྙེད་པས། །འགྲན་ཟླ་བྲལ་བའི་བླ་མ་གཙོ་བོར་མཛད། །མཁན་ཆེན་ལོ་ཙཱ་བྱང་ཆུབ་རྩེ་མོ་ལས། །མངོན་པའི་ཐུགས་བཞེད་མ་འགྲུབ་ཆོས་འབྲེལ་གསན། སྐྱོར་ལུང་མཁན་པོ་བཀའ་བཞི་བློ་གསལ་ལས། །འདུལ་བ་མདོ་རྩ་ཆ་ལག་གསན་པའི་ཞོར། །ཉིན་རེ་བཞིན་དུ་མདོ་རྩའི་རྒྱ་ཆེར་འགྲེལ། །མདའ་ཚད་བཅུ་བདུན་མ་རེ་ཐུགས་ལ་བཟུང༌། །ཉི་ཤུ་གནས་རྙིང་ནན་ཆེར་གསོལ་བཏབ་བརྟེན། །ཆེད་དུ་མ་གཟིགས་ཀུན་བཏུས་རྩལ་བཤད་དང༌། །ཉེར་གསུམ་་བླ་མ་རྡོ་རྗེ་རིན་ཆེན་དྲུང༌། །བརྟག་གཉིས་ས་ལུགས་བཤད་པ་ཚར་གཅིག་གསན། །དཔོན་སློབ་རྣམ་གཉིས་ལ་སྟོད་བྱང་གི་ཆར། །ངམ་རིང་ཆོས་བར་བྱོན་ནས་རྗེ་བཙུན་པས། །ཀུན་བཏུས་ཊཱི་ཀ་ཆེན་མོ་རྩོམ་རིམ་བཞིན། །ཐུགས་སུ་ཆུད་ནས་རྣམ་འགྲེལ་རང་འགྲེལ་གསན། ཡུམ་གྱིས་ཞུ་ནན་བྱས་པའི་རྐྱེན་བྱས་ཏེ། །ལན་ཅིག་མདོ་སྨད་འབྱོན་པའི་དགོངས་པ་འཁྲུངས། །མཚམས་ཤིག་འདི་ལ་དགོས་པ་མི་འདུག་པས། །མདོ་ཁམས་ཕྱོགས་སུ་མི་འགྲོའི་དམ་བཅའ་མཛད། །སྟོན་དེར་མལ་གྲོ་ལྷ་ལུང་བསོད་ནམས་གྲགས། །ཆོས་ལུང་མང་གསན་སྐུ་མཚམས་ཐུགས་དམ་མཛད། །རྣམ་འགྲེལ་རིགས་མཛོད་ལེའུ་གཉིས་པའི་སྐབས། །གཟིགས་ཚེ་ཆོས་ཀྱི་གྲགས་པའི་གཞུང་ལུགས་དང༌། །རིགས་པའི་སྲོལ་ལ་དཔག་མེད་དད་པ་འཁྲུངས། །སྟོན་དེར་རྣམ་འགྲེལ་གཞུང་ལ་གཟིགས་ཙམ་ནས། །སྤྱན་ཆབ་རྒྱུན་མི་བཅད་པར་འོང་བ་གསུངས།

གཙོ་བོ་སྔགས་ཀྱི་ཐེག་པ་ལས་བརྩམས་པའི། །མང་དུ་ཐོས་པ་བཙལ་བའི་རིམ་པ་ནི།

ཚེས་བཞི་གསར་མ་སྤྱན་སྔ་གྲགས་བྱང་ལས། ལམ་འབྲས་མན་ངག་ཡོངས་རྫོགས་ནཱ་རོ་ཆོས། །ཕག་མོ་གྲུབ་དང་ཆོས་རྗེ་འཇིགས་རྟེན་མགོན། །བཀའ་འབུམ་གསན་ནས་ལོ་ཙཱ་ནམ་བཟང་ལས། །སྒྲ་ཡི་ས་རིས་ཡོངས་རྫོགས་མཛད་བཞེད་པའི། །ཐུགས་མདུན་ཡོད་ཀྱང་རྐྱེན་གྱིས་མཛད་མ་གྲུབ། །དེ་རྗེས་སྤྱན་སྔ་གྲགས་བྱང་ཆུབ་རྟོགས་བརྗོད་མཛད། །སུམ་ཅུ་ཚལ་དུ་བཀའ་བསྟན་འགྱུར་རོ་ཅོག །གཟིགས་ནས་རྣམ་པར་དཔྱོད་སྒོ་ཐུགས་ལ་འཁྲུངས། །ཕར་ཕྱིན་རྣམ་བཤད་ཆེན་མོ་རྩོམ་པའང་མཛད། །དགུན་ཆོས་བདེ་ཅན་བྱོན་ནས་སྡེ་སྣོད་གསུངས། །དཔྱིད་ཆོས་དབུ་སྟོད་བྱ་ཡུལ་དགེ་བའི་བཤེས། །བདུན་བཅུ་ཙམ་ལ་ཕར་ཚད་དབུ་མ་འཇུག །མངོན་པ་ཀུན་བཏུས་གསུངས་ནས་ཚལ་དུ་བྱོན། །གསེར་ཕྲེང་འཕྲོ་ནི་བདེ་བ་ཅན་དུ་རྫོགས། །བླ་མ་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་དང༌། །དཔོན་སློབ་གཉིས་ཀ་སྐྱོར་མོ་ལུང་བཞུགས་ཏེ། །དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མེད་འོད། །རྒྱུ་མཚན་རྩིས་དང་ལག་ལེན་མཁས་པར་སྦྱངས། །མོན་མཁར་བཀྲ་ཤིས་གདོང་དུ་བཞུགས་པའི་ཚེ། །དགེ་བཤེས་ཤ་སྟོན་སོགས་ཀྱིས་གསོལ་བཏབ་བརྟེན། །ཞལ་བཞེས་ཚེས་ལྔ་རྒྱ་སྐད་བཅོ་ལྔའི་དབུ། །གཙུག་ནས་ཆོས་ཐུན་བཅོ་ལྔ་མ་ཆག་མཛད། །དེ་ནི་རྣམ་འགྲེལ་ཕར་ཕྱིན་མངོན་པ་གཉིས། །འདུལ་བ་མདོ་རྩ་བྱམས་ཆོས་ཕྱི་མ་བཞི། །རིགས་ཚོགས་ལྔ་འཇུག་བཞི་བརྒྱ་སྤྱོད་འཇུག་སྟེ། །བསྟན་བཅོས་བཅུ་བདུན་བཤད་པ་ཟླ་གསུམ་རྫོགས། །སྲོད་ཆོས་གྲོལ་ནས་འཇིགས་བྱེད་བདག་འཇུག་སོགས། །ཐུགས་དམ་རིམ་གཉིས་རྣལ་འབྱོར་མ་ཆག་མཛད། །ཀུན་གྱིས་འདི་ནི་སེམས་དཔའ་ཆེན་པོ་ཞིག །ཡིན་པར་ངེས་ཀྱི་གཞན་ལ་མི་སྲིད་གླེང༌། །དབྱར་ཁ་ཨོ་དཀར་བྲག་ཏུ་བདེ་མཆོག་གི །བདག་འཇུག་མཛད་ཅིང་ནེ་གུ་ཆོས་དྲུག་གི །དམིགས་སྐོར་སྦྱངས་ཏེ་ཞག་རེ་གཏུམ་མོ་ཡི། །རླུང་སྦྱོར་བརྒྱད་བརྒྱ་རེ་ཙམ་མཛད་དོ་གསུངས། །འབའ་བུ་འབའ་གཉེར་རྗེ་བཙུན་རེད་མདའ་ལས། །གསང་འདུས་རྩ་རྒྱུད་གསན་ནས་རེད་མདའ་བས། སྔགས་ཀྱི་རྩད་གཅོད་མཛད་པར་ཡུན་རིང་འགོར། །རེ་ཞིག་སྡེ་སྣོད་བཤད་པ་མི་ཐད་དམ། །གསུངས་པའི་ལན་ལ་བདག་ནི་སྔགས་ཕྱོགས་ལ། །འདུན་པ་བདོགས་པས་རྩད་གཅོད་བགྱིད་ལགས་ཞུས།  །སྔགས་ཀྱི་ཕྱོགས་ལ་གཞན་གྱིས་བསྐུལ་དགོས་མེད། །ཆུང་ངུ་ཉིད་ནས་ཤེས་འདོད་དྲག་པོ་ཡོད། །དེ་ཡང་རྒྱུད་སྡེ་མཐའ་དག་བསླབ་སྙམ་པ། །དང་པོ་ཉིད་ནས་ཡོད་ཅེས་གསུངས་པར་མཛད། །རོང་ཆོས་ལུང་བྱོན་བླ་མ་དབུ་མ་དང༌། །ཆོས་ཀྱི་གསུང་གླེང་མཛད་ནས་འཇམ་དབྱངས་ཀྱི། །ཆོས་སྐོར་མང་གསན་སྔགས་ཀྱི་ཐུགས་བཞེད་རྣམས། །གསན་ཏེ་སྒྲུབ་པར་འབྱོན་པའི་ཐུགས་ཐག་ཆོད། །གོང་གསུམ་སྡེ་ཆེན་ཆོས་ཀྱི་དཔལ་བའི་དྲུང༌། །དུས་འཁོར་འགྲེལ་ཆེན་རྒྱུད་འགྲེལ་བཤད་པ་དང༌། །ཕྱག་ལེན་མཛུབ་ཁྲིད་སྦྱོར་དྲུག་ཉམས་ཁྲིད་སོགས། །གསན་ནས་ཡོ་གའི་ཕྱག་ལེན་ཤིན་ཏུ་སྦྱངས། །ཞ་ལུར་ཡོ་སྐོར་གསན་པར་འབྱོན་དགོངས་ཚེ། །ནུབ་གཅིག་མནལ་ལམ་ཁྲི་ཆེན་ཞིག་གི་སྟེང༌། །ཁྱུང་ལྷས་ཡིན་ཟེར་བླ་མ་བགྲེས་པོ་ཞིག །བླ་མའི་ཕྱག་གིས་ཐུགས་ཀའི་ན་བཟའ་བསལ། །ཐུགས་ཀར་སྔགས་ཕྲེང་འཁོར་ལོའི་ཡིག་འབྲུ་རྣམས། །ཧྲམ་མེ་འདུག་པ་ཕལ་ཆེར་བཀླགས་པ་རྨིས། །རྡོ་རྗེ་འཛིན་པ་ཁྱུང་པོ་ལྷས་པ་ལས། །ཡོ་གའི་དཀྱིལ་འཁོར་ཆེན་པོ་ཐོག་དྲངས་ཏེ། །རྒྱུད་སྡེ་འོག་མའི་དབང་བཀའ་ཕལ་ཆེར་དང༌། །བདེ་མཆོག་ལཱུ་ཨི་པ་དང་ནག་པོའི་ལུགས། །བླ་མེད་རྒྱུད་སྡེའི་བཀའ་དབང་དཔག་མེད་པ། །ཁོང་ལ་མངའ་བའི་བཀའ་ལུང་ཐུགས་ལ་གཏམས། །བ་ནམ་ཕག་རིར་བླ་མ་ཆོས་དཔལ་ལས། །རྡོ་རྗེ་སྙིང་འགྲེལ་ཕྱག་རྡོར་བསྟོད་འགྲེལ་དང༌། །ནཱ་རོ་འགྲེལ་ཆེན་དུས་འཁོར་ཆ་ལག་བཅས།། རྒྱུད་རྒྱལ་གསང་བ་འདུས་པ་ལུགས་གཉིས་ལ། །བུ་སྟོན་ཡིག་ཆ་ཅི་ཡོད་བཤད་ལུང་གསན། །སྤྲེལ་ལོའི་སྟོན་ལ་དབུ་མ་པ་དང་ལྷན། །དགའ་བ་གདོང་དུ་སྐུ་མཚམས་བཅད་ནས་བཞུགས། །ཁོང་ལས་རྗེ་བཙུན་འཇམ་དབྱངས་ཆོས་སྐོར་གསན། །ཡིད་དམ་བསྙེན་སྒྲུབ་ཤིན་ཏུ་འགྲུས་པར་མཛད། །དབུ་མ་པ་ཡི་ལོ་ཙཱ་མཛད་པ་ལས། །འཇམ་དཔལ་དབྱངས་ལ་དབུ་མའི་ལྟ་བ་དང༌། །རིམ་ལྔའི་གོ་རིམ་དྲང་ངེས་དོགས་ཆོད་དུ། །བརྒལ་ཞིང་བརྟག་པའི་སྒོ་ནས་དྲི་བ་མཛད། །དེ་ཚེ་ཐུགས་ལ་ཁས་ལེན་ཅི་ཡང་མེད། །རང་ལུགས་བཞག་མེད་གཞན་ངོ་འབའ་ཞིག་ལ། །སྐྱེལ་བའི་ལྟ་དེ་ཅུང་ཟད་བདེ་ཡོད་པས། །བདག་གི་ལྟ་འདི་ཐལ་རང་གང་ཡིན་ཞུས། །གང་གིའང་མིན་ཞིང་ད་ནས་བླ་མ་དང༌། །ཡི་དམ་དབྱེར་མེད་བསགས་སྦྱང་འབད་པ་དང༌། །མདོ་རྒྱུད་དགོངས་འགྲེལ་དཔྱོད་པ་སུམ་སྒྲིལ་དུ། །གྱིས་ལ་རིང་པོ་མི་ཐོག་ངེས་རྙེད་འགྱུར། །ད་ལྟའི་བཤད་པ་ལྟར་སྣང་ལས་མི་འོང༌། །དབེན་པར་སྒྲུབ་པ་སྙིང་པོ་བསྐུལ་བ་མཛད། །

རང་ཉིད་ཆོས་ཀྱི་རྒྱལ་པོའི་གོ་འཕང་བརྙེས། །བསྟན་དང་འགྲོ་དོན་མཛད་པའི་རིམ་པ་ནི། །

   དགུང་ལོ་སོ་དྲུག་བཞེས་ཚེ་སྐྱོར་ལུང་ནས། །ཕྱག་བཏེག་འཇམ་དཀར་དཔལ་ལྡན་བཟང་པོ་དང༌། །རྟོགས་ལྡན་བྱང་སེང་གནས་བརྟན་རིན་རྒྱན་དང༌། །གནས་བརྟན་བཟང་སྐྱོང་བ་སྟེ་དབུས་པ་བཞི། །རྟོགས་ལྡན་འཇམ་རྒྱམ་དགེ་བཤེས་ཤེས་རབ་གྲགས། །དགེ་བཤེས་འཇམ་བཀྲ་དཔལ་སྐྱོང་མདོ་སྨད་བཞི། །ཕྱག་ཕྱིར་ཁྲིད་དེ་འོལ་ཁར་བྱ་བྲལ་དུ། །ཕྱག་དང་མཎྜལ་དཔག་དཀའི་བརྩོན་པ་མཛད། །དགུང་ལོ་སོ་བདུན་རྫིང་ཕྱིའི་གཙུག་ལག་ཁང། །གར་མིས་བཞེངས་པའི་ཇོ་བོ་བྱམས་པའི་སྐུ། །ལི་འདྲ་མི་ཚད་བྱིན་ཅན་འདུག་ནའང༌། །ལྷ་རིས་གོག་ཞིང་སྐུ་ལ་བྱ་ཐལ་སོགས། །མི་གཙང་གོས་པ་གཟིགས་ཚེ་སྤྱན་ཆབ་བྱུང༌། །ཞིག་གསོས་མཛད་དགོངས་འོལ་ཁ་སྟག་རྩེ་ལ། །ཞལ་ཏ་གནང་སྟེ་འཆོས་དགོས་ཁོང་གིས་བསྒྲུབས། །རྣམ་སྲས་འཛི་གཏོར་བཅས་ཏེ་འཕྲིན་ལས་བཅོལ། །ཡོ་བྱད་དཔག་ཏུ་མེད་པ་གློ་བུར་བྱུང༌། །ཞིག་གསོས་ལེགས་གྲུབ་འཇམ་དཔལ་གསང་ལྡན་གྱི། །དཀྱིལ་འཁོར་བཞེངས་ཏེ་རབ་གནས་མཛད་པའི་ཚེ། །ལྷོ་བྲག་མཁན་ཆེན་ཕྱག་རྡོར་གཟིགས་སྣང་ལ། །སངས་རྒྱས་རབ་བདུན་མཁའ་ལ་བྱང་ཕྱོགས་སུ། །བྱོན་པ་གཟིགས་ཚེ་གང་བཞུད་ཅེས་གསོལ་བས། །རྫིང་ཕྱིའི་རབ་གནས་སྤྱ་འདྲེན་འདུག་ཅེས་གསུངས། །ལྷོ་བྲག་བྲ་བོ་དགོན་དུ་མཁན་ཆེན་དང༌། །དགེ་འདུན་རྣམས་ལ་བསླབ་བཏུས་ལ་སོགས་གསུངས། །རྗེས་ཀྱང་ཁོངལས་བྱང་ཆུབ་ལམ་རིམ་ཁྲིད། །གསན་ནས་གནས་དེར་ཟླ་བ་བདུན་ཙམ་བཞུགས། །ཆོས་གོས་གསུམ་དང་ལྷུང་བཟེད་འཁར་གསིལ་དང༌། །བྱམས་བསྟོད་ཚངས་པའི་ཅོད་པཎ་ཇོ་བོ་ལ། །འབུལ་བ་བསྐུལ་ནས་རྒྱ་གར་ཆས་པ་ལ། །ཡི་དམ་སྐུ་གསུང་སྣང་བ་ཡོད་པ་འགས། །སྒྲུབ་ཆེན་མི་ཏྲ་མཇལ་སོགས་ངོ་མཚར་ཡང༌། །འཁོར་རྣམས་ཕལ་ཆེར་ཚད་པས་འཇིགས་པ་ཟེར། །རྗེས་ཀྱང་དེ་ལྟར་དགོང་ནས་གཉལ་ལ་བྱོན། །ལོ་རོར་བསྟན་རིམ་ཞིབ་གཟིགས་ཚར་གཅིག་གསུངས། །ཚིག་སྤྱི་ཙམ་མིན་མདོ་སྔགས་གསུང་རབས་དོན། །ཞིབ་དཔྱད་མན་ངག་མཐའ་དག་ལམ་རིམ་དུ། །དྲིལ་ཏེ་གདུལ་བྱར་འཁྲིད་པའི་དགོངས་པ་འཁྲུངས། །དཔོན་སློབ་སུམ་བཅུ་ལྷག་ཙམ་ཙ་རིར་བྱོན། །རི་ཁྲོད་གཟིགས་ཤིང་བདག་འཇུག་ཚོགས་འཁོར་མཛད། །ངོ་མཚར་ལྟས་དང་མཚན་མ་སྣ་ཚོགས་བྱུང༌། །གཉལ་སྨད་གསེར་ཕྱེ་འབུམ་པ་མཆོད་པ་ཕུལ།ཡོན་ཏན་གཞི་མ་ཚུལ་ཁྲིམས་དག་དགོས་པས། །འདུལ་བའི་ལག་ལེན་རུང་ཆུ་འདེབས་པ་ཡན། །ཞིབ་མཛད་ཕམ་ལྷག་སྦོམ་ལྟུང་འོང་མ་མྱོང༌། །ལྟུང་བྱེད་ཉེས་བྱེད་འགའ་བྱུང་བཤགས་བསྡམ་གྱིས། །དག་གསུངས་འཁོར་རྣམས་དེ་བཞིན་སྦྱར་བ་མཛད། །དབྱར་དེ་སློབ་དཔོན་དར་མ་རིན་པོ་ཆེ། །བཀའ་བཅུའི་གྲྭ་སྐོར་ཚར་ནས་གནས་དེར་མཇལ། །གཉལ་གྱི་སྡེ་སྣོད་འཛིན་པ་ཀུན་བསྡུས་ནས། །ཆོས་འཁོར་སྐོར་ཞིང་དགེ་འདུན་བསྙེན་བཀུར་གནང༌། །གཉལ་གྱི་སྡེ་པ་ཕན་ཚུན་ལྷན་གཅིག་ཏུ། །ཚོགས་པ་མི་སྲིད་ཙམ་དུ་གྱུར་ན་ཡང༌། །རྗེ་ཡི་ཐུགས་རྗེའི་སྟོབས་དང་ཐབས་མཁས་ཀྱིས། །རྩོད་པ་ཞི་ཞིང་དམ་ཆོས་དགའ་སྟོན་རོལ། འོ་དེ་གུང་རྒྱལ་ལྷ་བྱོལ་ཆོས་མང་གསུངས། །ཐལ་རང་ལྟ་གནད་བྱ་བྲལ་མ་བྱོན་གོང༌། །དཔྱད་པ་མཛད་ཀྱང་ངེས་པ་འདྲེན་མ་ཐུབ། །གནས་དེར་བླ་མ་འཇམ་དབྱངས་དབྱེར་མེད་དུ། །གསོལ་འདེབས་རིགས་པའི་དཔྱད་པ་ཞིབ་མཛད་པས། །བྱིན་བརླབས་མཚན་མ་ཁྱད་པར་ཅན་ཡང་བྱུང༌། །འགྲེལ་བ་བུདྡྷཱ་པ་ལིས་མཚམས་སྦྱར་ཏེ། །ཀླུ་སྒྲུབ་ཡབ་སྲས་ལྟ་བ་ངེས་པ་འཁྲུངས། །ཞེ་གཅིག་བསྟོད་པ་ལེགས་བཤད་སྙིང་པོ་མཛད། །ཡབ་སྲས་གཉིས་དང་ལོ་ཆེན་སྐྱབས་མཆོག་དཔལ། །ཆོས་རྗེ་རྣམ་གསུམ་རྣམ་རྩེ་ལྡིང་འཛོམ་ཞིང༌། །འདུལ་བའི་བསྟན་ལ་དག་ཐེར་ལེགས་པར་མཛད། །དབུ་ཚད་ལ་སོགས་ཆོས་འཁོར་མང་དུ་བསྐོར། །ཞེ་དྲུག་རྭ་སྒྲེང་ཆོས་རྗེ་ལོ་ཙཱ་སོགས། །ནན་ཆེར་བསྐུལ་ངོར་བྱང་ཆུབ་ལམ་རིམ་དང༌། །བྱང་སའི་ཚུལ་ཁྲིམས་ལེའུའི་རྒྱ་ཆེར་འགྲེལ། །བླ་མ་ལྔ་བཅུ་པ་ཡི་རྣམ་བཤད་མཛད། །ལྷས་ཕུ་དགོན་དུ་ཚད་མ་རྣམ་འགྲེལ་གྱི། །བརྗོད་བྱ་ཉམས་ལེན་སྦྱར་ཏེ་གསུངས་མཛད་པས། །སྔོན་ཆད་གངས་རིའི་ཁྲོད་འདིར་ཚད་མའི་གཞུང༌། །ཕྱི་ཡི་གོ་རྒྱ་གཅོད་པ་ཙམ་ཟད་ཀྱི། །ཉམས་ལེན་འཁོ་བའི་ཐེ་ཚོམ་ཙམ་མེད་པ། །ཉམས་ལེན་སྟོན་པའི་རྨད་བྱུང་ཕྱོགས་མཐོང་མཛད། །ཞེ་བརྒྱད་འོལ་ཁའི་བྱམས་གླིང་ཀླུ་བྱང་གིས། །མཛད་པའི་རྣམ་གཞག་རིམ་པའི་ཊཱིཀ་དང༌། །ཞེ་དགུ་མང་པོས་གསོལ་བཏབ་རྒྱུད་སྡེ་བཞིའི། །ལམ་གྱི་ལུས་རྫོགས་གསང་ཆེན་ལམ་རིམ་མཛད། །ང་གཅིག་དབྱར་གནས་སེ་ར་ཆོས་སྡིངས་བཞུགས། །གསང་འདུས་རིམ་ལྔ་མ་རྒྱུད་རྫོགས་རིམ་གསུངས། །གནས་དེར་གསོལ་བ་འདེབས་པ་མང་པོའི་ངོར། །རྩ་ཤེའི་འགྲེལ་བ་མཛད་ཚེ་རིགས་པའི་གནད། །ཕྲ་མོ་འགའ་ལ་དོགས་པ་དཔྱད་དཀའ་བས། །བླ་མ་འཇམ་དབྱངས་གསོལ་བ་དྲག་བཏབ་པས། །ཤེར་མདོའི་སྟོང་ཉིད་ཉི་ཤུའི་འགྲེལ་རྐང་རྣམས། །གསེར་སྦྱངས་བཙོ་མའི་ཡི་གེའི་རྣམ་པ་ཡི། །བར་སྣང་ཁྲིག་གེར་གང་བ་ཡང་ཡང་གཟིགས། །རྩ་ཤེའི་དོགས་པ་ལྷག་མེད་ཆོད་སོང་གསུངས། །དེ་ནས་མྱུར་བར་དྲང་ངེས་རྣམ་འབྱེད་དང༌། །རྩ་ཤེའི་རྣམ་བཤད་ཆེན་མོ་རྩོམ་པ་མཛད། །མཁས་གྲུབ་ཆོས་རྗེ་གནས་འདིར་ཐོག་མར་མཇལ། །དགུང་ལོ་ང་གསུམ་ཆོ་འཕྲུལ་སྨོན་ལམ་གཙུགས། །གླང་ལོའི་ཟླ་བ་དང་པོའི་ཚེས་གཅིག་ནས། །བཅོ་ལྔའི་བར་དུ་དུས་མཆོད་དངོས་གཞི་དང༌། །ཇོ་བོའི་སྣང་བརྙན་གསེར་བཟང་དབུ་རྒྱན་གསོལ། །དགེ་འདུན་སྟོང་ཕྲག་མང་པོ་བསྙེན་བཀུར་དང༌། །སྔགས་དང་ཕྱགས་རྒྱས་བྱིན་བརླབས་མདོ་རྒྱུད་ནས། །བྱུང་བའི་ཆོ་ག་རྣམ་པར་དག་པ་ཡི། །མཆོད་ཅིང་བསྟན་འགྲོའི་ཕན་བདེ་འབྱུང་བ་སྨོན། །འཁོར་གྱིས་དབེན་དགོན་འདིང་བའི་ཞུ་འབུལ་བཞིན། །ཇོ་བོའི་དྲུང་དུ་མར་མེ་མནལ་ལམ་སོགས། །ལྟས་བརྟགས་ཐམས་ཅད་འབྲོག་རིར་བཟང་བ་བཞིན། །ལོ་དེ་དགེ་ལྡན་རྣམ་པར་རྒྱལ་བ་བཏབ། །དེ་ནས་དཔྱིད་ལ་སེ་རྭ་ཆོས་སྡིངས་སུ། །སྡེ་སྣོད་འཛིན་པ་དྲུག་བརྒྱ་རེ་ཙམ་ལ། །རྩ་ཤེ་ཚུལ་ཁྲིམས་ལེའུ་སྒྲུབ་ཐབས་དང༌། །ལམ་རིམ་ལ་སོགས་མདོ་སྔགས་ཆོས་མང་གསུངས། །སྟག་ལོའི་ཟླ་བ་གཉིས་པའི་ཚེས་ལྔ་ནས། །དགེ་ལྡན་གླིང་དུ་ཕེབས་ཏེ་ལམ་རིམ་དང༌། །གསང་འདུས་འགྲེལ་བ་སྒྲོན་གསལ་རིམ་ལྔ་དང༌། །ཀུན་བཏུས་ས་སྡེ་ཚད་མའི་དཀའ་གནད་གསུངས། །འདུས་པའི་བཤད་རྒྱུད་ལྷ་མོ་བཞིས་ཞུས་དང༌། །ཡེ་ཤེས་རྡོ་རྗེ་ཀུན་བཏུས་རྣམ་བཤད་མཛད། །དགུང་ལོ་ང་ལྔ་རིམ་ལྔ་གསལ་སྒྲོན་དང༌། །རིམ་ལྔ་གདན་རྫོགས་བཅས་ཀྱི་ཁྲིད་ཡིག་མཛད། །ང་བརྒྱད་འོན་གྱི་བཀྲ་ཤིས་དོ་ཁ་རུ། །དབུ་ཚད་ལམ་རིམ་སོགས་ཀྱི་ཆོས་མང་གསུངས། །དགེ་འདུན་གྲུབ་ཀྱིས་ཆོས་འབྲེལ་ཐོག་མར་ཞུས། །སླར་ཡང་དགའ་ལྡན་གླིང་དུ་ཕྱག་ཕེབས་ཏེ། །སྒྲོན་གསལ་མཆན་དང་མཐའ་དཔྱོད་མྱུ་གུ་མཛད། །བདེ་མཆོག་ལཱུ་ཨི་པ་ཡི་ཊཱིཀ་ཆེན་དང༌། །རྫོགས་རིམ་རྣལ་འབྱོར་བཞི་ལྡན་ཁྲིད་ཡིག་སོགས། །ཆེ་ཆུང་སྒྲུབ་ཐབས་འགྲེལ་བ་བཞི་སྦྲགས་མཛད། །ང་དགུ་དགེ་ལྡན་གླིང་དུ་ལམ་རིམ་འབྲིང༌། །བདེ་མཆོག་བསྐྱེད་རིམ་འདོད་འཇོ་རྩོམ་པ་མཛད། །སྔགས་ཀྱི་སྒྲུབ་ཁང་ལོགས་སུ་བྱེད་དགོངས་ནས། །དགའ་ལྡན་ཡངས་པ་ཅན་ཡང་ལོ་དེར་བཏབ། །དྲུག་བཅུ་འཇམ་དབྱངས་ཆོས་རྗེས་འབྲས་སྤུངས་བཏབ། །རེ་གཅིག་ཡངས་པ་ཅན་གྱི་རྟེན་རྣམས་བཞེངས། །རེ་གཉིས་འགྲེལ་བ་བཞི་སྦྲགས་དཔར་དུ་བརྐོས། །འཇུག་པའི་རྣམ་བཤད་ཆེན་མོ་ལོ་དེར་བརྩམས། །རེ་གསུམ་དགེ་ལྡན་གླིང་དུ་བདེ་མཆོག་གི །རྩ་རྒྱུད་ཊཱི་ཀ་སྦས་དོན་ཀུན་གསལ་མཛད། །དགེ་ལྡན་གླིང་ནས་ཕྱག་བཏེགས་ལྷ་ས་དང༌། །སྟོད་ལུང་འབྲས་སྤུངས་སེ་ར་ཆོས་སྡིངས་བརྒྱུད། །དགའ་ལྡན་ཕེབས་ཚེ་ཐོག་མར་ཡངས་པ་ཅན། །གཙུག་ལག་ཁང་དུ་ཚོགས་དབུས་བསྔོ་བའི་འཇུག །སུ་ཡིས་ཆེད་དུ་ཞུ་བ་མེད་ན་ཡང༌། །བདེ་བ་ཅན་གྱི་སྨོན་ལམ་རྒྱས་པ་མཛད། །དེ་ཉིན་མཚན་གུང་ཐུན་ལ་བབ་ཙམ་ནས། །སྐུ་ཁམས་ཅུང་ཞིག་བསྙིལ་བའི་ཚུལ་བསྟན་ཏེ། །ཕྱི་ཉིན་བཀའ་བཅུ་སོགས་ལ་བསྟན་པ་ཡི། །བྱ་བ་མཛད་ཚུལ་ཞལ་ཏ་རྒྱས་པར་གསུངས། །དགུང་ལོ་རེ་གསུམ་ས་མོ་ཕག་གི་ལོར། །ཟླ་བ་བཅུ་པའི་ཉེར་ལྔ་སྔ་དྲོའི་དུས། །མྱ་ངན་འདས་པའི་མཛད་པ་བསྟན་པའོ། །དད་འཇུག་སྡོམ་གྱིས་བསྡུས་པའི་བརྗེད་བྱང་འདིར༌། །མཁས་གྲུབ་རྗེ་དང་རྒྱལ་བ་དགེ་འདུན་གྲུབ། །གདན་ས་ཁག་བཏབ་བསྟན་བཅོས་འགའ་རྩོམ་པའི། །ལོ་ཚིགས་མ་གཏོགས་དད་འཇུག་དཀྱུས་བཞིན་བསྡུས།།

ཟུར་བཀོད།  ༈ཐོག་མཐའ་བར་གྱི་ཡོངས་འཛིན་རྣམ་བཞི་ནི། །ཐོག་མའི་ཡོངས་འཛིན་ཡོན་ཏན་རྒྱ་མཚོ་དང༌། །ཞར་ཆོས་སློབ་དཔོན་ཨོ་རྒྱན་པ་དང་གཉིས། །བར་གྱི་ཡོངས་འཛིན་ཉ་དཔོན་ཀུན་དགའ་དཔལ། །མཐའ་མའི་ཡོངས་འཛིན་རྗེ་བཙུན་རེད་མདའ་བ། ༈ བླ་མ་ཆོས་འབྲེལ་གསན་བཞི་རེད་མདའ་བས། །འགྲེལ་བ་སྒྲོན་གསལ་རྩ་ཤེའི་བཤད་འཁྲིད་གསན། །རྗེས་ཀྱང་ཁོང་ལས་བཀའ་པོད་ལྔ་སོགས་གསན། ༈ལྷོ་བྲག་མཁན་ཆེན་ནམ་མཁའ་རྒྱལ་མཚན་གྱིས། །བསླབ་བཏུས་གྲྭ་ལྔའི་དབང་དང་རྗེས་གནང་གསན། །གྲུན་ཆེན་དྲུང་ནས་ཉིད་ཀྱི་བཀའ་འབུམ་དང་། །བྱང་ཆུབ་ལམ་རིམ་བཀའ་བབ་གཉིས་ཀྱི་ཁྲིད། །ཕྱག་རྡོར་གྱིས་གསུངས་གསང་བ་བསམ་མི་ཁྱབ། །ཕྱག་རྡོར་སྐུ་ལྔ་ཞུ་ལན་རྡོ་རྡེ་ཕྲེང་། །ཞུ་ལན་གཅེས་ཕྲེང་ཕྱག་རྡོར་ཁྱུང་ལྔ་དང་། །དྲེགས་པ་ཀུན་འདུལ་རྟ་མགྲིན་དཔའ་བོ་གཅིག །ཞལ་གསུམ་ཕྱག་དྲུག་ལུང་ཁྲིད་རྗེས་གནང་གསན། ༈བླ་མ་དབུ་མ་བརྩོན་འགྲུས་སེང་གེ་ཡིས། །དབྱངས་ཅན་རྗེས་གནང་འཇུག་པའི་རང་འགྲེལ་དང་། །གསང་འདུས་མི་བསྐྱོད་པ་ཡི་དབང་བཞི་གསན། །རྗེས་ཀྱང་ཁོང་ལས་འཇམ་དབྱངས་ཆོས་སྐོར་གསན། ༈བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ཡིས། །ཨ་ཏི་ཤའི་གདམས་པ་ཆ་ཚང་དང་། །གསང་བ་འདུས་པའི་རིམ་ལྔའི་ལམ་གྱི་གནད། །ཀླུ་སྒྲུབ་དགོངས་པའི་གནད་སོག་མང་དུ་གསན། །རྗེས་ཀྱང་ཁོང་ལས་མཚོ་སྣའི་ལམ་རིམ་དང་། །གྲོ་ལུང་བསྟན་རིམ་མཚོ་ཊཱིཀ་དང་བཅས་གསན། ༈བླ་མ་རྗེ་བཙུན་གཞོན་ནུ་རེད་མདའ་བ། །དབུ་ཚད་རིགས་སྒོ་དང་པོ་འདིར་རྙེད་པས། །འགྲན་ཟླ་མེད་པའི་བླ་མ་གཙོ་བོར་མཛད། ༈རྗེ་ཡི་བསྟན་ལ་བཀའ་དྲིན་ཆེ་ཕྱིར་རོ། །ཐུགས་ཀྱི་སྲས་གཅིག་མཁས་གྲུབ་ཐམས་ཅད་མཁྱེན། ༈སྲས་ཀྱི་ཐུ་བོ་གཉིས་ནི་རྒྱལ་ཚབ་རྗེ། །འབྲི་གུང་འདུལ་འཛིན་གྲགས་པ་རྒྱལ་མཚན་ནོ། ༈རྗེ་བཙུན་ཙོང་ཁ་པ་ཡི་མཛད་ཆེན་བཞི། །རྫིང་ཕྱིའི་ཞིག་གསོས་གཉལ་གྱི་ལུང་རྭ་དང༌། །ལྷ་ལྡན་སྨོན་ལམ་དགའ་ལྡན་སྒྲུབ་མཆོད་དོ།།

 

ཟུར་མཆན།

ཆོ་རྗེ་དོན་རིན་= ཆོ་རྗེ་དོན་གྲུབ་རིན་ཆེན། སྙེ་ཐང་བཀྲ་ཤིས་སེང་= སྙེ་ཐང་བཀྲ་ཤིས་སེང་གེ །སྤྱན་སྔ་གྲགས་བྱང་= སྤྱན་སྔ་གྲགས་པ་བྱང་ཆུབ། ཕར་ཕྱིན་རྣམ་བཤད་ཆེན་མོ་= ལེགས་བཤད་གསེར་ཕྲེང༌།  བདེ་ཅན་= ཆོས་གྲྭ་ཆེན་པོ་བདེ་བ་ཅན། གོང་གསུམ་སྡེ་ཆེན་ཆོས་ཀྱི་དཔལ་བའི་དྲུང་= གོང་གསུམ་སྡེ་ཆེན་པའི་བླ་མ་རིན་པོ་ཆེ་ཆོས་ཀྱི་དཔལ་བའི་དྲུང༌། ཁྱུང་ལྷས་= བླ་མ་ཁྱུང་པོ་ལྷས་པ། བ་ནམ་ཕག་རིར་བླ་མ་ཆོས་དཔལ་ལས་= བ་ནམ་ཕག་པ་རིར་བླ་མ་སྡེ་ཆེན་པ་ཆོས་ཀྱི་དཔལ་བ་ལས། གནས་བརྟན་རིན་རྒྱན་=གནས་བརྟན་རིན་ཆེན་རྒྱལ་མཚན། རྟོགས་ལྡན་འཇམ་རྒྱམ་= བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ། དགེ་བཤེས་འཇམ་བཀྲ་= དགེ་བཤེས་འཇམ་དཔལ་བཀྲ་ཤིས། དཔལ་སྐྱོང་= དགེ་བཤེས་དཔལ་སྐྱོང༌། ཆོས་རྗེ་ལོ་ཙཱ་= རིན་པོ་ཆེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང༌། གསེར་ཕྲེང་རང་གི་མཛད་བྱང་དུ་གསལ་བ་བཞིན་དགུང་ལོ་སོ་གཅིག་ལ་བཅོས་ཡོད། ཐུའུ་བཀྭན་གྲུབ་མཐར་རིམ་ལྔ་གསལ་སྒྲོན་དང་གདན་རྫོགས་གཉིས་འོལ་ཁའི་བསམ་གཏན་གླིང་དུ་མཛད་པར་འདྲ་བ་གསུངས་འདུག་ཀྱང་། བསྟན་བཅོས་རང་གི་མཛད་བྱང་དུ་དགའ་ལྡན་ཡིན་པར་གསལ།

 

  སྨྲས་པ། ཚིག་ཉུང་བལྟ་ཀློག་བདེ་བའི་ཕྱོགས་བསྡུས་ལས། །དྲི་མེད་ལུང་རིགས་སྟོང་གིས་བརྒྱན་པ་མིན། །རང་ཉིད་དྲན་པ་གསོ་བའི་བརྗེད་ཐོ་ལས། །ཕ་རོལ་རྒོལ་ལ་དཔའ་བའི་ཐོ་ཅོ་མིན། །རྒྱུགས་སྤྲོད་དཔེ་མང་ཀློག་པའི་ཟིན་ཐོ་ལས། །མཁས་རློམ་ཁེངས་དྲེགས་སྤོབས་པའི་བློ་ཤེད་མིན། །གང་མཐོང་ཡི་གེར་བཀོད་པའི་ཚིགས་ཕྲེང་ལས། །མཁས་པ་མགུ་བ་བསྐྱེད་པའི་ལེགས་བཤད་མིན།

ཅེས་པ་འདི་བཞིན་དུས་རབས་ཉེར་གཅིག་པའི་སྟོད་རབ་བྱུང་བཅུ་བདུན་པའི་ལྕགས་ཕོ་སྟག་གི་ལོ་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྫོགས་པ་གསུམ་པ་ལ། འབྲི་རུ་སྐལ་བཟང་རྒྱལ་མཚན་དུ་འབོད་པས་གྲུབ་པར་བགྱིས་སོ། །

                       རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།