ཆེད་བསྒྲིགས། རྗེས་དྲན་གསེར་གྱི་དྲིལ་ཆུང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 18:22:40     རྩོམ་པ་པོ།   བྲན།    ཀློག་ཐེངས།  

234134wuw5v2pttqdp5fzw.jpg                       

བློ་བཟང་གཞལ་མེད་ཐིག་ལེར་མངོན་ཆགས་པའི།།
སྒྱུ་འཕྲུལ་ཀློང་ལ་རོལ་བའི་སྟངས་སྟབས་ཀྱིས།།
མཁས་མངས་རྒྱ་མཚོའི་གྲགས་པ་ཉམས་བྱེད་པ།
ཡབ་རྗེ་ཙོང་ཁ་བ་ཁྱོད་སྙིང་ནས་གུས།།

ཉིད་ཀྱི་བྱམས་བརྩེ་ཉི་མ་གཞོན་ནུ་ཡིས།།
ཟེ་མ་རེ་རེའི་འོད་ཀྱི་རླབས་འཕྲེང་གིས།།
བསྐྱང་བའི་པདྨ་སྟོང་གི་མགོ་བོ་འང་།།
བྲང་ཁར་དུད་པའི་མིག་ཆུའི་རླབས་འཕྲེང་གཡོ།།

ཁྱོད་སྐུ་བསིལ་ཟེར་བྱེད་པོ་འཛུམ་པ་ཡིས།།
མཚན་དཔེའི་མེ་ཏོག་འདབ་མ་རབ་རྒྱས་ཀྱང་།།
མི་མཐོང་ཞི་བའི་དབྱིངས་སུ་གཟིམ་པ་འདིས།།
འགྲོ་ཀུན་ཨུཏྤལ་འདབ་མ་ཟུམ་པར་བྱས།།

ཁྱོད་ཐུགས་ཀློང་ལས་བཞུར་བའི་གངས་ཀྱི་ཆབ།།
འཐུང་འདོད་སེམས་ཀྱི་ཚ་རླབས་གདུས་དྲགས་པས།།
གདུང་བའི་ཡིད་ཀྱི་མཆི་མ་བསྐོལ་བྱས་ནས།།
མིག་གི་ཕྲུ་མར་འཁྱིལ་བའི་རྫིང་བུ་འགག།

ཁྱོད་ཡོན་ནམ་མཁའི་མཐའ་ལས་ཆ་ཤས་ཤིག།
གདུལ་བྱའི་བློ་ཡི་མེ་ལོང་ལ་འཆར་ནས།།
དྲན་གདུང་ངག་རིག་སྙན་པའི་དབྱངས་རྟ་ལ།།
དྲངས་པའི་འབོད་དབྱངས་ནམ་མཁའི་མཐོངས་སུ་འཕུར།། 

ལྷ་ཡི་རྔ་ལྟར་ཡིད་འབབ་གསུང་དབྱངས་ཀྱིས།།
ཚངས་པའི་སྲས་མོའི་སྙན་པ་འགག་བྱས་པའི།།
ཙོང་ཁའི་རྒྱས་སྲས་དྲན་པའི་གདུང་དབྱངས་ཀྱིས།།
སྙན་པའི་དབྱངས་རྟ་ཨ་སྔོན་མཁའ་ལ་འཕུར།།

བརྩེ་བའི་འོ་མཚོ་གཡས་སུ་འཁྱིལ་བ་འདི།།
མཐའ་ཀླས་གདུལ་བྱའི་ཧུབ་གྱིས་དྲངས་ནའང་།།
ད་དུང་ཟད་པ་མེད་པར་གྱུར་བ་ཡི།།
མགོན་ཁྱོད་དྲན་པའི་གདུང་དབྱངས་སྨུག་ལ་འདྲེས།།

རིག་བྱེད་རླབས་ཕྲེང་ཆས་ཆེར་གཡོ་བ་ཡིས།།
ཛམ་བུའི་གསེར་གྱི་དབུ་བ་རབ་བརྩེགས་པས།།
གཞན་སྡེ་རིག་བྱེད་སྨྲ་བས་མིང་འཛིན་དག།།
སྨྲ་བཅད་སྡེ་ལ་བཀོད་པས་ལྷག་ཏུ་དྲན།།

2015/10/19ཞེས་རྩེ་སྐྱེས་བློ་བཟང་གྲོལ་སྡེ་འམ་བྲན་མིང་བར་འབོད་པའི་རང་ཤག་གླེགས་བམ་བརྩེགས་པའི་ལྡིང་ཁང་ནས་བྲིས་པ་དགེ།

                                                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།