རྗེ་བླ་མ་རྗེས་དྲན་ཆེད་བསྒྲིགས། རྗེ་བླ་མ་རྗེས་སུ་དྲན་པའི་གསོལ་འདེབས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-23 16:50:46     རྩོམ་པ་པོ།   མང་རའིདགེ་བསྙེན་བསོད་ནམས་རྒྱ    ཀློག་ཐེངས།  

IMG_5310.JPG

                      རྨད་བྱུང་མཁྱེན་པས་ཤེས་བྱ་མ་ལུས་གཟིགས།།

                      སྙིང་རྗེའི་ཆེན་པོས་འགྲོ་རྣམས་བུ་བཞིན་སྐྱོང་།།

                      མཚན་ཙམ་ཐོས་པས་བདུད་དཔུང་མ་ལུས་འཇོམས།།

                      རིགས་གསུམ་མགོན་པོའི་ཞལ་ལ་གསོལ་བ་འདེབས།།

 

                      སྙིང་རྗེའི་སྤྲིན་དཀར་ཕུང་བོའི་ལྡིང་ཁང་ནས།།

                      ཞལ་བཟང་འཛུམ་པའི་ཕྲེང་བ་རབ་ཏུ་སྟོན།།

                      དྲི་མེད་ཆོས་ཀྱི་ཆར་བ་ལེགས་བསྩལ་ཏེ།།

                      བདུད་རྩིའི་ཆུ་ཡིས་བདག་བློ་ཚིམ་པར་ཤོག །

 

                     བདག་སོགས་ཁྱེད་ཀྱི་སྙིང་རྗེའི་གྲུ་ཆེན་གྱིས།།

                     འཁོར་བ་སྡུག་གི་མཚོ་ལས་མི་སྒྲོལ་ན།།

                     འདི་ལས་སྒྲོལ་མཁན་གཞན་པ་སུ་ལ་རེ།།

                     སྡུག་ལས་སྒྲོལ་ཅིག་བླ་མ་བློ་བཟང་གྲགས།།

 

                     བདག་ནི་འཆི་བར་ཉེ་བའི་དུས་ཀྱི་ཚེ།།

                     དགའ་ལྡན་ཞིང་ནས་བླ་མ་ཁྱོད་བྱོན་ནས།།

                     བུ་ཁྱོད་མ་སྐྲག་དགའ་ལྡན་ཞིང་ཁམས་སུ།།

                     ཤོག་ཅེས་གསུངས་ཤིག་བླ་མ་བློ་བཟང་གྲགས།།

 

                     ལུས་པོ་ལྷོད་ཀྱང་སོ་ལ་དྲེག་པ་ཆགས།།

                     ཉམས་སྣང་སྨིག་རྒྱུ་ལྟ་བུ་འཆར་བའི་རྟགས།།

                     འབྱུང་བ་ས་ནི་ཆུ་ལ་ཐིམ་པའི་ཚེ།།

                     མ་འཇིགས་གསུངས་ཤིག་བླ་མ་བློ་བཟང་གྲགས།།

 

                     ལྕེ་ཐུང་ཤེས་པ་འཚུབ་ཅིང་ཁ་སྣ་བརྫས།།

                     ཉམས་སྣང་དུ་བ་ལྟ་བུ་འཆར་བའི་རྟགས།།

                     འབྱུང་བ་ཆུ་ནི་མེ་ལ་ཐིམ་པའི་ཚེ།།

                     སེམས་གསོ་མཛོད་ཅིག་བླ་མ་བློ་བཟང་གྲགས།།

 

                     རང་མདངས་ཉམས་ཤིང་ལུས་ཀྱི་ཚ་དྲོད་སྡུད།།

                     ཉམས་སྣང་མེ་ཁྱེར་ལྟ་བུ་འཆར་བའི་རྟགས།།

                     འབྱུང་བ་མེ་ནི་རླུང་ལ་ཐིམ་པའི་ཚེ།།

                     ཆོས་སྒྲ་སྒྲོགས་ཤིག་བླ་མ་བློ་བཟང་གྲགས།།

 

                   དབུགས་ཕྲེང་ཆད་ཅིང་ལུས་པོ་ཤིགས་སེ་འཐོར།།

                   ཉམས་སྣང་མར་མེ་ལྟ་བུ་འཆར་བའི་རྟགས།།

                   རྣམ་པར་ཤེས་པ་རླུང་ལ་ཐིམ་པའི་ཚེ།།

                   བསུ་བར་བྱོན་ཅིག་བླ་མ་བློ་བཟང་གྲགས།།

 

                  ཁྱོད་ཐུགས་སྙིང་རྗེའི་ལྕགས་ཀྱུ་རྣོ་པོ་ཡིས།།

                  ཐོགས་མེད་གཙུག་སྒོ་བུ་གར་རབ་ཞུགས་ཏེ།།

                  དབུ་མའི་ལམ་དུ་སེམས་ཉིད་ཡུད་ཙམ་ལ།།

                  ཐུགས་ཀར་དྲོངས་ཤིག་བླ་མ་བློ་བཟང་གྲགས།།

 

                  རྣམ་ཤེས་སྐྱེས་བུ་གང་ནི་དེ་མ་ཐག །

                  ཁྱོད་དང་ཐེག་ཆེན་སྲས་ཀྱི་ཐུ་བོ་རྣམས།།

                 ལྷན་ཅིག་དགའ་ལྡན་ཞིང་དང་མི་འབྲལ་བར།།

                 འགྲོགས་པར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 ཁྱོད་ཉིད་བཞུགས་པའི་དགའ་ལྡན་ཞིང་མཆོག་དེར།།

                 ཇོ་བོ་ཨ་ཏི་ཤ་དང་འབྲོམ་སྟོན་རྗེ།།

                 དབང་བོ་རྣོ་པོ་ཐེག་པ་ཆེན་པོའི་རིགས།།

                 མཇལ་བར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 སྐྱེས་མ་ཐག་ཏུ་རྗེ་བཙུན་བྱམས་མགོན་གྱི།།

                 ཞལ་མཆོག་མཐོང་ཞིང་གསུང་གི་བདུད་རྩིའི་བཅུད།།

                 ངོམས་པ་མེད་པར་འཐུང་བའི་སྐལ་བ་ནི།།

                 ལྡན་པར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 ལས་ཀྱི་དབང་གིས་བར་དོར་སྐྱེས་གྱུར་ཀྱང་།།

                 ཐེག་ཆེན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།།

                 དམ་ཆོས་བསྟན་པའི་གསུང་སྒྲ་ལྷང་ལྷང་དུ།།

                 ཐོས་པར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 གང་དུ་སྐྱེས་ཀྱང་གནས་དེ་དག་པའི་ཞིང་།།

                 གང་དང་འགྲོགས་ཀྱང་གྲོགས་དེ་ལྷ་ཡི་གྲོགས།།

                 གང་ལ་ཉན་ཡང་ཆོས་དེ་རྒྱལ་བའི་གསུང་།།

                 ཡིན་པར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 སངས་རྒྱས་བྱང་སེམས་རྣམས་ཀྱི་མཛེས་པའི་ཕྱག །

                 བདག་གི་སྤྱི་བོར་བཞག་ནས་སྙན་པའི་གསུང་།།

                 སངས་རྒྱས་མྱུར་དུ་ཐོབ་པར་ལུང་བསྟན་པའི།།

                 སྣང་བ་སྟོན་ཅིག་བླ་མ་བློ་བཟང་གྲགས།།

 

 

                 ཡང་གཅིག་སྐྱེ་བ་ལེན་པར་འདོད་པའི་ཚེ།།

                 ཟབ་མོའི་དམ་ཆོས་ཉམས་སུ་ནུས་ཤིང་།།

                 ནད་མེད་ཚེ་རིང་རིགས་མཐོ་གཟུགས་བཟང་བར།།

                 སྐྱེ་བར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                  གཞོན་དུས་སངས་རྒྱས་བསྟན་པའི་སྒོར་ཞུགས་ནས།།

                  བསམ་སྦྱོར་གཉིས་ཀྱིས་བཤེས་གཉེན་ལེགས་བསྟན་ཏེ།།

                  བཀའ་པོད་ལྔ་ལ་སྦྱང་བའི་མཁས་རྣམས་ཀྱི།།

                  ཡང་རྩེར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་པ་ཡིས།།

                 གངས་ཅན་ས་གཞི་ཡངས་པའི་ཁྱོན་ཀུན་ཏུ།།

                 སྤེལ་བར་མཛད་མཁས་དམ་པ་ཁྱེད་འདྲ་བར།།

                 དེ་འདྲར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                 ཚེ་ཐུང་གཅིག་ལ་སྒྲུབ་པ་ཉམས་ལེན་སོགས།།

                 བྱ་དཀའི་གནས་རྣམས་བརྩོན་པས་བསྒྲུབས་པ་ལ།།

                 རྣལ་འབྱོར་དབང་ཕྱུག་མི་ལ་རྡོ་རྗེ་དང་།།

                 མཚུངས་པར་ཤོག་ཅིག་བླ་མ་བློ་བཟང་གྲགས།།

 

                འདི་ལྟར་ཁྱེད་ལ་གསོལ་བ་བཏབ་པའི་མཐུས།།

                ཐེག་ཆེན་བཤེས་གཉེན་མགོན་དང་མི་འབྲལ་བར།།

                ཁྱེད་ཀྱི་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེར།།

                བསྒྲེང་བར་བྱེད་ལ་ཟླ་དང་བྲལ་བར་ཤོག །

                 

 

ཅེས་རྗེ་བཙུན་བླ་མ་བློ་བཟང་གྲགས་པ་ལ་དད་པ་དང་དག་སྣང་ཐུན་མོང་མ་ཡིན་པ་ཞིག་གིས་ཡིད་བསྐུལ་བ་ལ་བརྟེན་ནས་བོད་རབ་རྒྱན་མེ་སྤྲེལ་ལོའི་ཧོར་ཟླ་བཅུ་བའི་ཚེས་ཉེར་ལྔ་སྟེ།ལྔ་མཆོད་ཆེན་མོ་ཞེས་ཡོངས་སུ་གྲགས་པའི་དུས་ཆེན་གྱི་ཉིན་འདི་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པའི་ངང་ནས་རྗེ་བླ་མ་ལ་རྗེས་དྲན་གྱི་ཚུལ་དུ་གསོལ་བ་བཏབ་པའོ།

                                                     

                                                   རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།