ཆེད་བསྒྲིགས། མ ཛད་ཆེན་ལྔའི་སྒོ་ནས་རྗེ་ཙོང་ཁ་བའི་རྣམ་ཐར་རྗེས་སུ་དྲན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 17:42:31     རྩོམ་པ་པོ།   (མཚོ་ལྷོ)ལྡོང་ཕྲུག    ཀློག་ཐེངས།  

88053530.jpg

        

        སྤྱི་ལོ༡༣༧༢ལོའི་སྟོན་ཁའི་ཞོགས་པ་ཞིག་ལ། མིང་ལ་བློ་བཟང་གྲགས་པ་ཟེར་བའི་གཞོན་ནུ་ཞིག་གིས་ལྗིད་ཏིག་ཏིག་གི་ཁུར་ཤིང་ཞིག་ཁུར་ཏེ་འབྲི་གུང་མཐིལ་གྱི་འབུལ་དཔོན་ལྡན་མ་རིན་ཆེན་དཔལ་དང་འགྲོགས་ཏེ་རང་གི་ཞང་བོ་གཉིས་དང་ལྷན་དུ་རྨ་འགྲམ་གྱི་གཡང་གཟར་དུ་ཆགས་པའི་བྱ་ཁྱུང་དགོན་པ་ནས་ལམ་ལ་ཆས་ཏེ་ནུབ་ཕྱོགས་སུ་བསྐྱོད། ཁོང་ཉིད་དབུས་ཕྱོགས་སུ་ཐོས་བསམ་བྱ་རྒྱུར་རྔམ་དྲགས་པའི་སྟབས་ཀྱིས་ཁོང་གི་སློབ་དཔོན་གྱི་བཀའ་བཞིན་རྒྱང་རིང་ནས་ཕྱི་མིག་ཅིག་བལྟ་རྒྱུ་འང་བརྗེད་སོང་།

དེ་ནས་ཁོང་ཚོ་རིམ་བཞིན་དགོ་རྩེ་ར་བར་དང་སྒོ་མེ།( གོང་འོག་བར་གསུམ་)རྨ་སྟོད། བཱ་ཡན་ཧ་རི། རྫ་ཆུ། ཆབ་མདོ། ཉིང་ཁྲི་སོགས་བརྒྱུད་ནས་དཀའ་སྡུག་གང་མང་མྱངས་མཐར་སྤྱི་ལོ༡༣༧༣ལོའི་སྟོན་ཁའི་དགོང་ཁ་ཞིག་ལ་ད་གཟོད་འབྲི་གུང་མཐིལ་དགོན་པར་འབྱོར།

དེ་ནས་གཞོན་ནུ་ཁོང་རིམ་བཞིན་ཚལ་གུང་ཐང་དང་སྙེ་ཐང་བདེ་བ་ཅན། དབེན་གནས་ཆོས་རྫོང་། གསང་ཕུ། སླར་ཡང་བདེ་བ་ཅན། དེ་ནས་ཞ་ལུ། ས་སྐྱ། ལ་སྟོད་(འདར་བཟང་ལྡན་) ངམ་རིང་། འགའ་རོང་། ཇོ་མོ་ནང་། སྤྱི་བོ་ལྷས། བོ་དང་ཨེ། སྣང་ཐང་། ཉང་སྟོད་གནས་རྙིང་། རྩེ་ཆེན། ཉང་སྟོད་བསམ་གླིང་། ཆོས་རྫོང་། སྐྱོར་མོ་ལུང་། སྟོད་ལུང་ཕུ། དེ་ནས་སླར་ཡང་གཙང་། གནས་རྙིང་། ས་སྐྱ། ངམ་རིང་སོགས་སུ་བྱོན་ཏེ། སྤྱན་སྔ་ཆོས་ཀྱི་རྒྱལ་བོ་དང་སྙེ་ཐང་བ་བཀྲ་ཤིས་སེང་གེ བླ་མ་དམ་པ་བསོད་ནམས་རྒྱལ་མཚན། མཁན་ཆེན་རིན་ཆེན་རྣམ་རྒྱལ། ས་བཟང་མ་ཏི་པཎ་ཆེན། པཎ་ཆེན་ཕྱོགས་རྒྱལ་བ། ལྷོ་བྲག་ནམ་མཁའ་རྒྱལ་མཚན། ཉ་དབོན་ཀུན་དགའ་དཔལ་བ། རྗེ་རེད་འདའ་བ། ལོ་ཆེན་བྱང་ཆུབ་རྩེ་མོ། དཀའ་བཞི་བ་བློ་གསལ་སོགས་བོད་གངས་ཅན་གྱི་མཁས་པའི་མཁས་པ་དང་གྲུབ་པའི་གཙུག་རྒྱན་དག་གི་དྲུང་ནས་མདོ་སྔགས་རིག་གནས་རབ་འབྱམས་ལ་སློབ་གཉེར་ཕུ་ཐུག་ཆོད་པ་གནང་།

ཁོང་ནི་ད་གཟོད་ས་དགེ་བཀའ་རྙིང་གི་གཟུར་གནས་ཀུན་གྱིས་"ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ" ལམ་"འཇམ་མགོན་བླ་མ་ཙོང་བ་ཆེན་པོ།"ཞེས་བསྔགས་པ་བརྗོད་པའི་སྐྱེས་བུ་རླབས་ཆེན་དེ་ཡིན་ནོ།།

ཡོངས་གྲགས་ཀྱི་མཛད་ཆེན་བཞི་ལས་གཞན། ཁོང་ལ་རང་རེ་ཚུར་མཐོང་གི་བློའི་ར་བ་ལས་འགོངས་པའི་ངེས་དོན་ཐུན་མོང་མ་ཡིན་པའི་གསང་བའི་མཛད་པ་ཅི་སྙེད་ཅིག་ཡོད་པ་རྣམས་ནི་ཁོ་བོ་ལྟ་བུས་ཇི་བཞིན་དུ་བརྗོད་པའི་རྔོ་མི་ཐོགས་ན་ཡང་། རང་ཉིད་ཀྱིས་ཁོང་གི་རྣམས་ཐར་གྱི་གླེགས་བམ་དག་ཐར་ཆགས་སུ་བཀླགས་པ་ལས་རྙེད་པའི་མཛད་ཆེན་གཙོ་བོ་འགའི་སྒོ་ནས་ཁོང་གི་བཀའ་དྲིན་མི་བརྗེད་པ་དང་ཁོང་གི་རྣམ་ཐར་ལ་ཡང་ཡང་གོམས་པའི་སླད་དུ་དགའ་ལྡན་ལྔ་མཆོད་ཀྱི་དུས་ཆེན་དང་འབྲེལ་ནས་རྗེས་དྲན་ཉུང་བསྡུས་ཤིག་བྱ་བར་འདོད་དོ༎

ཁོ་བོས་བལྟས་ན་ཁོང་གི་མཛད་རྗེས་གཙོ་བོ་ནི་གཤམ་གྱི་ལྔ་བོ་འདི་ཡིན་སྙམ་སྟེ། དང་བོ། དབུ་མའི་ལྟ་བ་ཇི་ལྟ་བ་བཞིན་གཏན་ལ་ཕབ་པའི་མཛད་རྗེས། "བོད་དབུ་མའི་ལུང་བ"འདིར། རྗེ་བདག་ཉིད་ཆེན་པོ་མ་བྱོན་པའི་ཡར་སྔོན་ལ། ས་སྐྱ་བའི་གསལ་སྟོང་དབྱེར་མེད་དང་བཀའ་བརྒྱུད་པའི་སྟོང་ཉིད་མ་ཡིན་དགག ཇོ་ནང་བའི་གཞན་སྟོང་ཆེན་མོ། ཐང་སག་པའི་ཡོད་མིན་མེད་མིན་སྤྲོས་བྲལ། བཙན་ཁ་བོ་ཆེ་སོགས་ཀྱི་དགག་བྱ་ཁྱབ་ཆུང་བའི་ལྟ་བ་སོགས་དབུ་མའི་ལྟ་བར་ཁས་ཆེ་བའི་ལྟ་གྲུབ་མང་པོ་ཞིག་བྱུང་ཞིང་། དེ་དག་ནི་མཁས་བ་རང་རང་གི་རིག་པའི་བཅུདཕྱུངས་བའི་ཉིང་ཁུ་ལྟ་བུ་ཡིན་ན་ཡང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དགོངས་པ་དངོས་དང་རྒྱང་ཐག་རིང་བས། དང་ཐོག་བོད་སྔ་རབས་པའི་རང་ལུགས་ལ་ཁས་ལེན་མེད་པའི་ལྟ་བ་དེ་ཁོང་གི་ཐུགས་ལ་ཡང་བདེ་བོ་བྱུང་ན་ཡང་། ཕྱིས་སུ་ཁོང་གིས་རྗེ་བཙུན་འཇམ་པའི་དབྱངས་ལ། ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བ་ཡིན་ཞུས་པར། གང་གི་ཡང་མིན་གསུངས་པ་ལ་བརྟེན་ནས་རིགས་པ་ཤིན་ཏུ་ཕྲ་མོས་གཞུང་ལུགས་ཀྱི་དོན་ལ་ཞིབ་ཏུ་དཔྱད་པ་དང་ཚོགས་བསགས་དང་སྒྲུབ་སྦྱོང་། བླ་མ་དང་ལྷག་པའི་ལྷ་ལ་རྩེ་གཅིག་ཏུ་གསོལ་བ་འདེབས་པ་སུམ་སྒྲིལ་དུ་བྱས་ཏེ་ཡུན་རིང་དུ་འབད་མཐར་ནམ་ཞིག་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་བ<<བུདྷ་བ་ལི་ཏ>> ཡི་རྩ་ཤེའི་རབ་བྱེད་བཅོ་བརྒྱད་པ་། རྟེན་ནས་འབྱུང་བ་མེད་པ་ཡི༎ ཞེས་སོགས་ཀྱི་ཐད་ཀྱི་འགྲེལ་བར་གཟིགས་པ་ལ་བརྟེན་ནས་སློབ་དཔོན་ཀླུ་སྒྲུབ་ལུགས་ཀྱི་དབུ་མའི་ལྟ་བ་དེ་ཇི་ལྟ་བ་བཞིན་ཐུགས་རྒྱུད་ལ་འཁྲུངས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་རྟོགས་པ་འབུལ་བའི་སྙན་ངག་སྟེ་ལེགས་བཤད་སྙིང་བོ་ཆུང་བའམ་ཡོངས་གྲགས་སུ་<<རྟེན་འབྲེལ་བསྟོད་པ>>ཞེས་པ་དེ་མཛད་པ་རེད། སྔོན་རྔོག་ལོ་ཆེན་པོ་དང་ཕྱྭ་བ་ཆོས་སེང་། ས་སྐྱ་པཎ་ཆེན། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱིས་དབུ་མའི་ལྟ་བ་རྣམ་པར་དག་པ་དེ་ཐུགས་རྒྱུད་ལ་འཁྲུངས་ཡོད་དུ་ཆུག་ཀྱང་གཞན་ལ་ཇི་ལྟ་བ་བཞིན་འཆད་མ་ཐུབ་པར་སྣང་ལ། རྗེ་ཙོང་ཁ་བ་ཆེན་པོས་ནི་ཐོག་མར་རང་གིས་ཐལ་འགྱུར་བའི་ལུགས་ཀྱི་ལྟ་བ་དེ་ཇི་བཞིན་ཏུ་གཟིགས་ཤིང་། ཕྱིས་སུ་གཞན་ལ་ཡང་དེ་བཞིན་དུ་འཆད་པའི་རྩལ་རྫོགས་པས། སྔ་ཕྱིར་<<དྲང་ངེས་ལེགས་བཤད་སྙིང་བོ>>དང་<<རྩྭ་ཤེས་ཊིཀ་ཆེན>><<འཇག་ཊིཀ་དགོངས་བ་རབ་གསལ>><<ལྷག་མཐོང་ཆེ་ཆུང་>>སོགས་མཛད་དེ་སློབ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ངོ་མ་དེ་ཇི་བཞིན་དུ་གསལ་བ་བར་མཛད་པ་དང་། ཞར་དུ་བོད་སྔ་རབས་པའི་ལྟ་བའི་ཁྲོད་ཀྱི་ནོར་འཁྲུལ་མང་པོ་ཞིག་ལ་དགག་བཞག་དང་སུན་འབྱིན་གནང་སྟེ་ཕྱི་རབས་པ་མང་པོ་ཞིག་ལྟ་བའི་ཕྱོགས་ཀྱི་ལམ་ལོག་ལས་བསྐྱབས་པ་རེད། དབུ་མ་ཐལ་འགྱུར་བའི་ལུགས་ལ་གཞི་བདེན་པ་གཉིས་ལ་བརྟེན་ནས་ལམ་ཐབས་ཤེས་གཉིས་ཀྱི་རྣམ་གཞག་བྱུང་ཞིང་། ལམ་ཐབས་ཤེས་གཉིས་སྒོམ་པ་ལ་བརྟེན་ནས་འབྲས་བུ་སྐུ་གཉིས་བྱུང་བས། གཞི་བདེན་པ་གཉིས་ཇི་ལྟ་བ་བཞིན་གཏན་ལ་འབེབས་རྒྱུ་ནི་ཧ་ཅང་གལ་ཆེ་ལ། དོན་དམ་བདེན་པ་སྟེ་བདག་མེད་གཉིས་ཇི་ལྟ་བ་བཞིན་གཏན་ལ་འབེབས་མ་ཐུབ་ན་ཅི་ཙམ་བསྒོམས་ཀྱང་སྒྲིབ་གཉིས་ཀྱི་གཉེན་པོར་མི་འགྲོ་བས། དེ་ལ་དགོངས་ནས་རྗེ་འདི་བས་བློའི་རྩལ་ཡོད་རྒུ་བཏོན་ནས་ཐལ་འགྱུར་བའི་ལྟ་བ་ངོ་མ་དེ་ཡང་ཡང་བཙལ་མཐར་ད་གཟོད་གཏན་ལ་ཕབ་སྟེ་དེའི་སྐོར་གྱི་བསྟན་བཅོས་མང་བོ་བརྩམས་ཏེ་བོད་སྔ་རབས་པའི་དབུ་མའི་ལྟ་བའི་ཐད་ཀྱི་མ་རྟོགས་ལོག་རྟོག་དུ་མ་རྨང་ནས་བཅོམས་ཏེ་རྒྱལ་བའི་བསྟན་པའི་སྙིང་བོ་ལ་དག་ཐེར་བླ་ན་མེད་པ་གནང་བས། གྲུབ་མཐའ་གཞན་གྱི་གཟུར་གནས་མཁས་པའི་ཚོགས་ཀྱིས་ཀྱང་བསྔགས་བརྗོད་ཀྱི་རོལ་མོ་ལྷང་ལྷང་དུ་འཁྲོལ་བར་གྱུར་ཏེ། ས་བཟང་མ་ཏི་པཎ་ཆེན་གྱིས། ཀླུ་སྒྲུབ་ཡབ་སྲས་ཞིང་གཞན་གཤེགས་པ་ན༎ དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅེས༎ སྒྲོ་སྐུར་བྲག་རིའི་ཕུང་བོ་གཞོམ་སླད་དུ། ། མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར།། ཅེས་དང་། ཀརྨ་མི་བསྐྱོད་རྡོ་རྗེས། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་ཙོང་ཁ་བ། ། ཞེས་པ་སོགས་སོ༎ འདི་ནི་ས་ཀར་ཇོ་རྙིང་སོགས་ཀྱི་མཁས་པ་གཞན་གྱིས་མ་ཐོན་པའི་མཛད་རྗེས་ཆེན་པོ་ཞིག་ཡིན་ཏེ། <<དགའ་ལྡན་ཆོས་འབྱུང>>ལས། "འདུལ་བ་དང་ཁྱད་པར་ཐལ་འགྱུར་གྱི་ལྟ་བ་གཙོར་གྱུར་གྱི་རྒྱལ་བའི་བསྟན་པ་སྤྱི་བྱེ་བྲག་ལ་བཀའ་དྲིན་ཆེ"ཞེས་གསུངས་པ་ལྟར་རོ༎

གཉིས་པ། འདུལ་བའི་བསྟན་པ་ལ་དག་ཐེར་གནང་བའི་མཛད་རྗེས། སོ་སོར་ཐར་བའི་མདོ་ལས། ང་ནི་མྱ་ངན་འདས་གྱུར་ན༎ འདི་ནི་ཁྱོད་ཀྱི་སྟོན་པ་ཞེས།། རང་བྱུང་ཉིད་ཀྱིས་གུས་བྱས་པ༎ ནན་ཏན་དགེ་སློང་ཚོགས་མདུན་བསྟོད༎ཅེས་སོ་སོར་ཐར་བ་ནི་སྟོན་པས་རང་ཉིད་ཀྱི་ཞལ་སྐྱིན་དུ་བཀའ་བསྩལ་པ་དང་། ལུང་ལས་ཀྱང་། གང་ན་ལས་ཀྱང་ཡོད་ནན་ཏན་བྱེད་པ་ཡང་ཡོད་ན་དེ་ན་སངས་རྒྱས་ཀྱི་བསྟན་པ་གནས་པ་ཞེས་བྱའོ༎ གང་ན་ལས་ཀྱང་མེད་ནན་ཏན་དུ་བྱེད་པ་ཡང་མེད་ན་དེ་ན་སངས་རྒྱས་ཀྱི་བསྟན་པ་ཞིག་པ་ཞེས་བྱའོ༎ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་ཆོས་འདུལ་བའི་ཕྱག་ལེན་ཡོད་མེད་ཀྱི་སྒོ་ནས་འཇོག་དགོས་ལ། བོད་དུ་རྒྱལ་བློན་བྱང་ཆུབ་སེམས་དཔའ་དག་གི་སྐུ་རིང་ལ་འདུལ་བའི་ཕྱག་ལེན་ཆ་ཚང་བ་ཚུགས་ཀྱང་བར་སྐབས་ཤིག་ནས་ཆོས་ལོག་སྣ་ཚོགས་དང་སྦྱོར་སྒྲོལ་སོགས་དར་ཏེ་འདུལ་བའི་བསྟན་པ་དྲི་མ་ཅན་དུ་གྱུར་པས་ཇོ་བོ་རྗེ་དང་ཁ་ཆེ་པཎ་ཆེན་སོགས་ཀྱིས་དག་ཐེར་གནང་ཡང་ད་དུང་ཡང་སྐྱོན་གྱི་ཆ་སྔར་བཞིན་མང་པོ་གནས་ཡོད། ཚུལ་དེ་ལ་དགོངས་ནས་རྗེ་འདིས་ཐུགས་བཀོད་གནང་བ་ལྟར། ཨར་ཆེན་པོ་བྱང་ཆུབ་ཡེ་ཤེས་ཀྱི་གདན་ས་གནམ་རྩེན་ལྡིང་དུ་བླ་མ་རེད་འདའ་བ་དང་རྗེ་འདི་བ། ལོ་ཆེན་སྐྱབས་མཆོག་དཔལ་བཟང་སྟེ་ཆོས་རྗེ་རྣམ་པ་གསུམ་གདན་འཛོམས་ཏེ། སྡེ་སྣོད་འཛིན་པའི་དགེ་འདུན་དྲུག་བརྒྱ་ལྷག་དང་བཅས་དབྱར་ལ་བཞུགས་པའི་རིང་འདུལ་བའི་ཕྱག་ལེན་ཕྲ་མོ་ནས་བཟུང་བསྟན་པའི་རྩ་བ་སོ་སོར་ཐར་བའི་རྨང་རྫོགས་པར་གསོས་ཤིང་། ཐ་ན་རུང་ཆུ་འདེབས་ལུགས་དང་འདིང་བ་འདིང་ལུགས་སོགས་ལ་ཡང་དག་ཐེར་གནང་སྟེ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལ་བྱི་དོར་གྱིས་སྲོག་རྩ་རིང་དུ་བསྲིངས་པའི་མཛད་པ་འདི་ལྟ་བུ་ནི་བུ་སྟོན་དང་ས་པཎ་ལྟ་བུས་ཀྱང་བསྒྲུབ་མ་ནུས་པ་ཤ་སྟག་ཡིན་ནོ༎ <<དགའ་ལྡན་ཆོས་འབྱུང>>ལས། "འདུལ་བའི་བསྟན་པ་ས་ཀར་སོགས་སུ་དར་རྒྱས་ཆེ་ན་ཡང་། ལག་ལེན་ཀྱི་ཆ་བཅས་པ་ཕྲ་མོ་ཡུལ་དུས་ཀྱི་དབང་གིས་ཇི་བཞིན་ཕྱོགས་འདིར་མ་དར་བ་པཎ་ཆེན་སྡོམ་རྒྱུན་རྣམ་དག་ལ་བརྟེན་ནས་བཅས་པ་རྣམ་པ་གསུམ་གྱིས་གཏན་ལ་ཕབ། ཚིག་ཙམ་མ་ཡིན་པར་ལག་ལེན་དུ་བཏབ་པ་སོགས་ཁྱད་པར་སྟོང་ཉིད་ཀྱི་ལྟ་བ་དང་འདུལ་བའི་བསྟན་པར་བཀའ་དྲིན་ཆེ།"ཞེས་གསུངས་པ་ནི་གཟུ་བོར་གནས་པའི་གཏམ་དུ་འཁུམས།

གསུམ་པ། ཚད་མའི་བསྟན་པ་བླ་ལྷག་ཏུ་སྤེལ་བའི་མཛད་རྗེས། <<རྟོགས་བརྗོད་འདུན་ལེགས་མ>>ལས། བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ༎ སྦྱངས་དང་མ་སྦྱངས་དུ་མ་མགྲིན་གཅིག་ཏུ༎ མདོ་དང་སྡེ་ལ་བདུན་ཀུན་ལ་བྱང་ཆུབ་ཏུ།། བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར༎ འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་བོ་ལ༎ དངོས་སུ་འདི་རྩོམས་འདི་ནི་མ་འོངས་དུས༎ འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས༎ གསུང་གི་གནང་བ་སྩལ་པའང་ཚད་མར་བྱེད༎ དེ་ནི་མི་རིགས་སྨྲ་བའི་ཕུལ་བྱུང་དུ༎མཐོང་ནས་ལྷག་པར་ཚུལ་དེར་དཔྱད་པ་ན༎ ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དོན༎ ཚད་མ་གྲུབ་པར་ལུགས་འབྱུང་ལུགས་ལྡོག་གིས༎ རྣམ་གྲོལ་དོན་དུ་གཉེར་བ་བཅོམ་ལྡན་འདས༎ ཚད་མར་བསྒྲུབས་ཤིང་དེ་ལས་དེ་ཡི་ནི༎ བསྟན་པ་ཁོ་ན་ཐར་འདོད་འཇུག་འོགས་སུ༎ ངེས་པ་གཏིང་ནས་རྙེད་་་ ཅེས་སོགས་གསུངས་བ་ལྟར། སྐབས་དེ་དུས་བོད་ཡུལ་དུ་ཚད་མའི་གཞུང་ལ་སྦྱངས་མ་མྱོང་བ་མང་པོ་ཞིག་གིསཚད་མའི་གཞུང་ནི་ཚིག་གི་ན་ཡམ་མམ་ཕྱིའི་གོ་རྒྱ་གཅོད་བྱེད་ཙམ་དུ་འདོད་པ་དང་། སྦྱངས་མྱོང་མཁན་དག་གིས་ཀྱང་བློའི་ནུས་བ་འཕེལ་བའི་ཐབས་ཙམ་མ་གཏོགས་ལམ་གྱི་ཉམས་ལེན་ཅང་མེད་པར་འདོད་ཅིང་། ཐ་ན་ས་སྐྱའི་མཁས་བ་ཆེན་པོ་སྟག་ཚང་ལོ་ཙཱ་བས་ཀྱང་<<གྲུབ་མཐའ་ཀུན་ཤེས>>སུ། "ཀླུ་སྒྲུབ་ལུགས་མཆོག་དབུ་མ་ཆེན་པོ་ནི༎ཟླ་བས་ལེགས་བཀྲལ་ཉི་མས་བསྒྱུར་བའི་སྲོལ༎སྲས་བཞི་ལས་འོངས་རྟོགས་གེས་མ་བསླད་པ༎" ཞེས་དང་། ཡང་། "བོད་ཡུལ་རྟོགས་གེའི་བརྡ་ཡིས་གང་བའི་མཐུས༎ ཐ་སྙད་སྨྲ་བརྗོད་ཅུང་ཟད་མི་བདེ་བས༎མཁས་རློམ་ཀུན་ཀྱི་བློ་གྲོས་ར་བར་ནི༎མ་ཤོང་ཁྲོམ་པའི་རུས་སྦལ་ཇི་བཞིན་ནོ༎"ཞེས་ཡོད་མིན་མེད་མིན་གྱི་ལྟ་བར་བསྔགས་པ་བརྗོད་པའི་ཞར་དུ་སྐབས་དེར་བོད་ཡུལ་དུ་ཚད་མའི་བརྡ་ཆད་དང་རིགས་ལམ་ཅུང་ཟད་དར་བ་ལ་མ་རངས་པའི་ཚིག་མང་པོ་ཐོན་ཡོད། ཚུལ་འདི་དག་ལ་དམིགས་ནས་ཁོང་གིས་ཆེད་དུ<<ཚད་མའི་ལམ་བསྒྲིགས>>མཛད་དེ། གྲོལ་བ་དོན་གཉིས་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དང་ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་དགོས་མེད་གྱི་ལོག་རྟོག དགོས་པ་ཡོད་ཀྱང་དམན་པར་འདོད་པའི་ལོག་རྟོག་སོགས་རེ་རེ་ནས་རིགས་པ་ཞིབ་མོས་དགག་ཅིང་། མཐར་ཚད་མའི་བསྟན་བཅོས་མདོ་དང་སྡེ་བདུན་སོགས་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པས་ན་མངོན་པའི་སྡེ་སྣོད་ཤ་སྟག་ཡིན་པར་གཏན་ལ་ཕབ་ཡོད། དེ་ཡང་ཡིན་ཏེ<<ཚད་མ་མདོ>>དང་<<ཚད་མ་སྡེ་བདུན>>ནང་དུ་ཐར་བ་དང་ཐམས་ཅད་མཁྱེན་པ་སྒྲུབ་པའི་རིག་པ་དང་རྣལ་འབྱོར་མངོན་སུམ་སྒྲུབ་པའི་རིགས་པ། སྐྱེ་བ་སྔ་ཕྱི་སྒྲུབ་པའི་རིགས་པ་སོགས་ཞིབ་ཏུ་བསྟན་ཡོད་པས་དེ་ལས་གལ་ཆེ་བ་ཞིག་གང་དུ་མཆིས། དེ་ལྟར་རྗེ་བླ་མས་ཚད་མ་མདོ་དང་སྡེ་བདུན་སོགས་གྲོལ་བ་དོན་གཉེར་ལ་དགོས་མེད་དུ་འདོད་པའི་ལོག་རྟོག་རྩ་བ་ནས་བཅོམས་པས། དེ་ནས་བཟུང་གྲྭ་ས་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ། དེ་མིན་མདོ་སྨད་ཀྱི་དགོན་ཆེན་སོ་སོར་ཚད་མ་རིག་པའི་འཆད་ཉན་ནི་ཡར་ཟླའི་དཔལ་ལ་འགྲན་པ་བཞིན་དུ་དར་བར་གྱུར་ཏེ། ཚུལ་འདི་ཡང་འཇམ་མགོན་བླ་མ་ཁོང་གི་བླ་ན་མེད་པའི་མཛད་ཆེན་ཞིག་གོ༎

བཞི་བ། མི་དབང་གཙུག་རྒྱན་ལས་རིང་དུ་བྱོལ་བའི་མཛད་རྗེས། དེ་ཡང་རྗེ་འདི་བས་བླ་མ་རེད་འདའ་བ་ལ"གངས་ཅན་མཁས་བའི་གཙུག་རྒྱན་རེད་འདའ་བ༎"ཞེས་བསྟོད་ཚིག་ཕུལ་བ་དེ་རྗེ་རེད་འདའ་བས"གངས་ཅན་མཁས་བའི་གཙུག་རྒྱན་ཙོང་ཁ་བ༎"ཞེས་ཞལ་བསྒྱུར་ཏེ་ཁོང་ལ་ཕྱིར་ཕུལ་བ་དང་། དམངས་ཁྲོད་དུའང་"ཚིག་ལ་མཁས་པ་ས་སྐྱ་པཎ་ཊི་ཏ། དོན་ལ་མཁས་པ་བུ་སྟོན་རིན་གྲུབ། ཚིག་དོན་གཉིས་ཀ་ལ་མཁས་པ་རྗེ་ཙོང་ཁ་བ།"ཞེས་གྲགས་པ་སོགས་སྐབས་དེར་ཁོང་གི་མཚན་སྙན་རྒྱ་བོད་གཉིས་ཀར་ལྷང་ལྷང་དུ་ལྡིར་བ་ལ་བརྟེན་ནས་ཏཱ་མེན་རྒྱལ་རབས་ཀྱི་གོང་མ་ཡུང་ལི་ (ཐྤུཙླྀ) ཡིས་ཆེད་དུ་དབུ་བླར་གདན་འདྲེན་པའི་གསེར་ཡིག་པ་འཁོར་མང་བོ་དང་བཅས་དབུས་གཙང་དུ་མངགས་པ་ལ། རྗེ་འདི་བས་ཕོ་ཉ་མ་སླེབས་གོང་ནས་ཚུལ་དེ་མཁྱེན་ནས་འཁོར་ནང་མ་འགའ་ལ། རང་རེ་དཔོན་སློབ་ལ་བར་ཆད་ཀྱི་རྣམ་པ་ཅུང་ཟད་ཅིག་སྣང་བས། དེ་སེལ་བའི་ཕྱིར་དུ་འུ་ཅག་ཟླ་བ་འགའི་རིང་གནས་གཞན་དུ་འགྲོ་དགོས་གསུངས་ཏེ་མཚན་མོ་ཞིག་ལ་ལྐོག་ཏུ་ར་ཁ་བྲག་ཏུ་ཕེབས་ཏེ་བཅད་འཚམས་ལ་བཞུགས་ཤིང་། མཚམས་ནང་དུ་རྗེ་བླ་མའི་ལྕགས་མདའ་ལྕགས་གཞུར་གྲགས་པའི་ནང་ཚན་<<ལེགས་བཤད་སྙིང་བོ>>རྩོམ་གནང་མཛད། དེ་ལྟར་རྗེ་འདི་བཅད་མཚམས་ལ་བཞུགས་ནས་རྒྱའི་གསེར་ཡིག་པ་རྣམས་མཇལ་དུ་མ་གནང་བས། ཁོ་ཚོ་ཐབས་ཟད་དེ་མི་དབང་གྲགས་པ་རྒྱལ་མཚན་པ་དང་དཔོན་ནམ་མཁའ་བཟང་བོ་ལ་ངོ་ཆེན་བྱ་བར་བཅོལ་བས། དེ་དག་གིས་ཡང་ཡང་ནན་ཞུས་བྱས་མཐར་སེ་ར་ཆོས་སྡིངས་སུ་ཕེབས་ཏེ་ཕོ་ཉ་རྣམས་ལ་མཇལ་ཁ་གནང་ཞིང་། དེ་དག་གིས་ཏཱ་མེན་རྒྱལ་རབས་ཀྱི་གོང་མ་ཡུང་ལིས་ཕུལ་པའི་ཡི་གེ་དང་ཕྱག་རྟེན་རྣམས་ཕུལ་ནས་རྒྱ་ནག་ཏུ་ཕེབས་དགོས་ཀྱི་གསོལ་བ་ནན་ཆེར་བཏབ་ཀྱང་ཁོང་གིས་ས་ཐག་རིང་བས་སྐུ་གཟུགས་ཀྱིས་མི་ལྕོགས་པ་སོགས་ཀྱི་རྒྱུ་མཚན་གསུངས་ནས་རྩ་བ་ནས་ཕེབས་བཞེད་མ་གནང་བ་རེད། སྐབས་དེར་རྒྱ་ཡུལ་དུ་ཕེབས་པ་ལ་དགོས་བ་ཆུང་ཞིང་དགག་བྱ་ཆེ་གསུངས་པ་ལྟར། གལ་ཏེ་ཁོང་རྒྱ་ཡུལ་དུ་ཕེབས་པ་ཡིན་ན་ཕྱིས་སུ་མཛད་པའི་གསུངས་རྩོམ་ཉི་ཟླ་ལྟ་བུ་འདི་དག་ཡོད་མེད་ཀྱང་ཆ་མི་འཚལ་ཞིང་། བུ་སློབ་མཁས་གྲུབ་གཉིས་འཛོམས་གནམ་གྱིས་ས་བཀབ་པ་ལྟ་བུ་འདི་དང་གདན་ས་ཆེན་པོ་སེ་འབྲས་དགེ་གསུམ་སོགས་ཀྱང་ཚུགས་ཡོད་མེད་ཧ་ཅང་ཐེ་ཚོམ་གྱི་གནས་ཡིན། དེ་བས་ཁོང་རྒྱ་ཡུལ་དུ་ཕེབས་པ་ལ་དགག་བྱ་ཧ་ཅང་ཆེ་བ་ནི་ཚད་མས་གྲུབ་ཅིང་། ད་ལྟ་མཁས་བླུན་དུ་མས་ས་པཎ་སོགས་ལ་སྡིགས་དམོད་བྱེད་པའང་མང་དུ་ཐོས་པས་སོ༎

ད་ལྟ་བལྟས་ན། ཁོང་དེ་དུས་རྒྱ་ཡུལ་དུ་མ་ཕེབས་པ་ནི་ཆོས་སྲིད་ལུགས་གཉིས་གང་གི་ཆ་ནས་ཀྱང་གཟིགས་རྒྱང་རིང་ཞིང་དགོངས་གཞི་ཟབ་པའི་རྟགས་སུ་མངོན་ལ། རྗེས་སུ་ཡང་ཡང་ཨུ་ཚུགས་བྱས་པ་ལ་བརྟེན་ནས་སྐུ་ཚབ་ཅིག་མངགས་དགོས་བྱུང་བ་ལ་རྒྱལ་ཚབ་མཁས་གྲུབ་ལྟ་བུ་མ་མངགས་པར་བྱམས་ཆེན་ཆོས་རྗེ་ཡེ་ཤེས་མངགས་པ་ལ་ཡང་དགོས་པ་ཁྱད་པར་ཅན་ཞིག་ཡོད་པར་ངེས། ལྔ་བ། བོད་ཀྱི་སྐད་ཡིག་གཅིག་གྱུར་ཐད་ལ་བཞག་པའི་མཛད་རྗེས། མི་རིགས་གང་དང་གང་ལ་མཚོན་ན་ཡང་མི་རིགས་དེའི་སྐད་དང་ཡི་གེ རིགས་གཞུང་། ཆོས་ལུགས། ཡུལ་སྲོལ་གོམས་འདྲིས་སོགས་ནི་མི་རིགས་དེ་ཉིད་སིལ་བུར་མི་ཐོར་བར་གོང་བུ་གཅིག་ཏུ་སྒྲིལ་བའི་གཟུང་ཐག་ལྟ་བུ་ཡིན། གལ་ཏེ་མི་རིགས་ཤིག་གི་སྐལ་ཆ་དེ་སིལ་བུར་གྱེས་ཏེ་ཡུན་རིང་འགོར་ན་ད་གཟོད་མི་རིགས་དེ་ཡང་སིལ་བུར་གྱེས་འགྲོ་སྟེ། དཔེར་ན་ཨ་མདོའི་སྐད་ཆ་དེ་དབུས་པས་མི་གོ་ཞིང་དབུས་པའི་སྐད་ཆ་དེ་ཁམས་པས་མ་གོ་ན་རིམ་གྱིས་མདོ་དབུས་ཁམས་གསུམ་བར་ཐག་ཇེ་རིང་དུ་སོང་སྟེ་རིམ་བཞིན་སིལ་བུར་འཐོར་འགྲོ་བ་ནི་རྒྱུན་ལྡན་གྱི་ཆོས་ཉིད་ཅིག་རེད། དེ་བཞིན་བོད་ཀྱི་ཡི་གེ་དེ་གཅིག་གྱུར་མ་བྱུང་ན་རིམ་པས་དབུས་པས་བྲིས་པ་ཨ་མདོ་བས་མི་གོ་ཞིང་ཨ་མདོ་བས་བྲིས་པ་དབུས་པས་མི་གོ་བར་འགྱུར་བས་ནི་དེ་སྐད་ཡིག་སིལ་བུར་འཐོར་བའི་ཉེན་ཁ་ཆེས་ཆེན་པོ་ཞིག་ཡིན། ཚུལ་འདི་དག་ལ་དགོངས་ནས་རྗེ་བདག་ཉིད་ཆེན་པོས་བོད་ཀྱི་མཁས་པ་རྣམས་ཀྱིས་བརྩམས་པའི་བསྟན་བཅོས་རྣམས་ཤིང་དཔར་དུ་བརྐོ་རྒྱུར་ཐུགས་སྣང་ཆེན་པོ་མཛད་ཅིང་། ཁོང་གི་སློབ་མ་རྣམས་ལ་ཡང་དོན་དེ་ནན་ཏན་གྱིས་གདམས་པས། དེ་ནས་བཟུང་བོད་ཁམས་སུ་རྒྱལ་བའི་་བཀའ་དང་དེའི་དགོངས་སོགས་ཤིང་དཔར་དུ་འདེབས་པའི་ཚ་རླབས་ཤིག་འཕྱུར་ཏེ། དེས་ནི་ཕྱིས་འབྱུང་བོད་ཀྱི་སྐད་དང་ཡི་གེ་གཅིག་གྱུར་ཡོང་རྒྱུར་གཞན་གྱིས་བསྒྲུན་དུ་མེད་པའི་ནུས་པ་ཆེན་པོ་ཐོན་ཡོད། ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱིས། "རྒྱལ་བ་ཙོང་ཁ་བས་ཤིང་གི་སྒང་ལ་དཔར་བརྐོས་ནས་དཔེ་ཆ་དཔར་བརྒྱབ་པའི་སྲོལ་ཞིག་བཙུགས་པ་རེད། རྒྱལ་བ་ཙོང་ཁ་བའི་རྗེས་ལ་སྐད་ཡིག་གཉིས་ལ་འགྱུར་བ་རྩ་བ་ནས་སོང་ཡོད་པ་མ་རེད།" ཅེས་དང་། "རྗེ་ཙོང་ཁ་བ་ལྟ་བུ་ཞིག་ང་ཚོ་བོད་ལ་བྱོན་མེད་ན་ང་ཚོ་བོད་པ་ཡོད་པ་མ་རེད། ག་ས་ག་ལ་འཐོར་སོང་བ་རེད།" ཅེས་གསུངས་པ་ནི་དོན་ལ་གནས་པའི་གཏམ་ཤ་སྟག་གོ །

མདོར་ན་རྗེ་ཙོང་ཁ་བས་བོད་ཀྱི་ཆོས་དང་རིག་གཞུང་། བསམ་བློ་ཀུན་སྤྱོད། སྐད་དང་ཡི་གེ་སོགས་ཀྱི་ཆེད་དུ་ཁོང་གི་སྐུ་ཚེ་གང་བོ་དང་ཐ་ན་ཆེས་རླབས་ཆེན་གྱི་མ་བུའི་བརྩེ་དུང་ཡང་བློས་བཏང་འདུག་པས། ཁོང་ལ་རྗེས་དྲན་བྱེད་པ་ནི་ཆེས་འོས་ཤིང་འཚམས་པ་ཞིག་དང་། ཆེས་དོན་སྙིང་ལྡན་པའི་བགྱི་བ་ཞིག་ཅི་ལ་མ་ཡིན།

སྤྱི་ལོ༢༠༡༦༡༠༢༥ཉིན།

                                                                                                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
       གསལ་འདེབས།། 
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།