འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་བཟང་པོས་ཆོས་བརྒྱུད་རིས་མེད་ཇི་ལྟར་གནང་བའི་རྣམ་པར་ཐར་པ་རིས་མེད་ཆོས་ལ་བསྐུལ་བའི་མེ་ལོང་ཞེས་བྱ་བ་བཞུགས་སོ། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-09-29 21:30:04     རྩོམ་པ་པོ།   ལྷ་རམས་ངག་གི་དབང་ཕྱུག    ཀློག་ཐེངས།  

 IMG_5311.JPG

 

                  ན་མོ་གུ་རུ་མུ་ཎི་ཨིཎྜ་ཡ། ཟླ་མེད་སྟོན་མཆོག་ཀུན་མཁྱེན་ཉི་མའི་གཉེན། །གཏད་རབས་བདུན་དང་རྒྱན་དྲུག་མཆོག་གཉིས་སོགས། །འཕགས་བོད་མཁས་གྲུབ་དམ་པའི་ཚོགས་རྣམས་ལ། །གུས་པས་འདུད་དོ་རྣམ་ཐར་འཆང་བར་ཤོག །རིས་མེད་མཁས་པའི་བཤད་སྒྲུབ་ཆུ་བོ་ཀུན། །བློ་གྲོས་རྒྱ་མཚོ་ཆེ་ལ་འབད་མེད་སྡུད། །མདོ་སྔགས་ལམ་བཟང་ནོར་བུས་གཏམས་མཛད་པ། །བློ་བཟང་གྲགས་པའི་དཔལ་གྱི་ཀླུ་དབང་རྒྱལ། །ཁྱེད་ཀྱི་ལྷག་བསམ་ཁྱོགས་ལ་མ་བླངས་པའི། །ལུས་ཅན་ཕན་བདེ་ཁུར་ནི་ཅང་མ་མཆིས། །བླ་ཆེན་སྤྱོད་པ་ཀུན་གྱི་མཐར་སོན་པ། །སྙིང་སྟོབས་རྨད་དུ་བྱུང་བའི་དགེ་ལེགས་སྩོལ། །

             ཅེས་ཚིགས་སུ་བཅད་པའི་ངག་གི་ལམ་ཡངས་པོར་ཕྱེས་ཏེ་རྣམ་པར་དཀར་བའི་ལས་སུ་བྱ་བ་ལ་ཞུགས་སོ། ། དེ་ཡང་རྗེ་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་བཟང་པོ་འདི་ནི་མདོ་སྨད་ཙོང་ཆུ་ཁར་ཡབ་ཀླུ་འབུམ་དགེ་དང་། ཡུམ་ཤིང་ཟ་ཨ་ཆོས་གཉིས་ལ་སྲས་དྲུག་འཁྲུངས་པ་ལས་བཞི་བ་ཡིན་ལ། ཁོང་ནི་རབ་བྱུང་དྲུག་པའི་མེ་མོ་བྱ་གསེར་འཕྱོང་ཞེས་པ་༼སྤྱི་ལོ་༡༣༥༧༽ ལོའི་ཟླ་བ་བཅུ་པའི་ཚེས་བཅུ་ལ་སྐུ་བལྟམས། དགུང་ལོ་གསུམ་བཞེས་པའི་ཚེ་ཀརྨ་པ་བཞི་པ་རོལ་པའི་རྡོ་རྗེའི་མདུན་ནས་ཡོངས་རྫོགས་དགེ་བསྙེན་དུ་བསྒྲུབས། སྐབས་དེར་བླ་མ་འདི་ཉིད་ཀྱིས་དབུས་གཙང་དུ་ཕེབས་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་འབྱུང་ཞེས་ལུང་སྟོན་མཛད། དེ་ནི་རྒྱལ་བ་ཀམ་ཚང་བཀའ་བརྒྱུད་པའི་ཆོས་བརྒྱུད་ཀྱི་སྡོམ་པའི་ཉམས་ལེན་དབུ་ཚུགས་ཏེ་མཚན་ཀུན་དགའ་སྙིང་པོ་གསོལ་ཏེ། འཕྲིན་ལས་ནམ་མཁའ་དང་མཉམ་པའི་རྟེན་འབྲེལ་བྱུང་།

            དེ་ནས་དགུང་ལོ་བདུན་པར་ཕེབས་པ་དང་ཆོས་རྗེ་དོན་གྲུབ་རིན་ཆེན་དང་བྲག་ཕུག་པ་གཞོན་ནུ་བྱང་ཆུབ་གྱི་མདུན་ནས་རབ་བྱུང་དང་དགེ་ཚུལ་སྒྲུབ། དེ་ནི་བཀའ་གདམས་གོང་མའི་བརྒྱུད་པ་ལས་དམ་ཆོས་འདུལ་བའི་ཉམས་ལེན་གྱི་དབུ་ཚུགས། སྐབས་དེར་ཆོས་རྗེ་དོན་རིན་པ་ལ་སྔར་དབུ་གཙང་ནས་མདོ་སྨད་དུ་བྱོན་ཁར་རང་གི་བླ་མ་མཆིམས་བློ་བཟང་གྲགས་པའི་ལུང་བསྟན་ལྟར་གྱི་མཚན་བློ་བཟང་གྲགས་པའི་དཔལ་གསོལ།  དེར་མ་ཟད་བླ་མ་དེས་རྡོ་རྗེ་འཇིགས་བྱེད་དང་བདེ་མཆོག་སོགས་ཀྱི་དབང་གིས་སྨིན་པར་མཛད། གསང་མཚན་དོན་ཡོད་རྡོ་རྗེ་ཞེས་གསོལ་ཏེ་བླ་མ་ཤིན་ཏུ་མཉེས་པས་གསང་སྔགས་ཟབ་མོའི་རྟེན་འབྲེལ་འགོ་ནས་འགྲིགས་སོ། །

          དེ་ནས་དགུང་ལོ་བཅུ་དྲུག་སྟེ་རབ་བྱུང་དྲུག་པའི་བགྲང་བྱ་ཞེ་དྲུག་ཡོངས་འཛིན་ཞེས་པ་ཆུ་ཕོ་བྱི་བའི་༼ སྤྱི་ལོ་༡༣༧༢ ༽ ལོར་མདོ་སྨད་ནས་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཞལ་བཀོད་ལྟར་དབུས་ལ་ཞལ་ཕྱོགས། དེ་ནས་དགུང་ལོ་བཅུ་བདུན་ཆུ་མོ་གླང་ལོའི་སྟོན་ལ་དབུས་སུ་བྱོན་ནས་འབྲི་གུང་སྤྱན་སྔ་ཆོས་ཀྱི་རྒྱལ་པོ་ལ་སེམས་བསྐྱེད་དང་ཕྱག་ཆེན་ལྔ་ལྡན་སོགས་ཀྱི་ཟབ་ཆོས་གསན། དེ་ནི་དོན་བརྒྱུད་འབྲི་གུང་བཀའ་བརྒྱུད་པའི་ཆོས་བརྒྱུད་ཉམས་ལེན་གྱི་དབུ་ཚུགས། ལོ་དེར་ཚལ་དུ་ལྷ་རྗེ་དཀོན་མཆོག་སྐྱབས་ལ་སྨན་གྱི་སྐོར་གསན་ཅིང་སྨན་དཔྱད་ཡན་ལག་བརྒྱད་པ་ཐུགས་ལ་བཟུང། ཕྱིས་ཚལ་བའི་རྟོགས་ལྡན་པ་ལས་འཇིགས་བྱེད་དང་བདེ་འཇིགས་དགྱེས་སོགས་གསན། དེ་དག་ནི་ཚལ་བ་བཀའ་བརྒྱུད་པའི་ཉམས་ལེན་གྱི་གཞི་ཚུགས། སྙེ་ཐང་བདེ་བ་ཅན་དུ་རིན་པོ་ཆེ་བཀྲ་ཤིས་སེང་གེ་དང་སློབ་དཔོན་ཡོན་ཏན་རྒྱ་མཚོ་ཨུ་རྒྱན་པ་སོགས་ལས་མངོན་རྟོགས་རྒྱན་རྩ་བ་དང་འགྲེལ་བ་དོན་གསལ་སོགས་གསན་སྦྱངས་མཛད། ཞག་བཅོ་བརྒྱད་ལ་གཞུང་ཚིག་མཐའ་དག་ཤིན་ཏུ་བྱང་བར་ཐུགས་སུ་ཆུད། བླ་མ་འཇམ་དབྱངས་རིན་ཆེན་ལ་བྱམས་ཆོས་གསན། དེ་ལྟར་ལོ་གཉིས་ཀྱི་ནང་དུ་བྱམས་ཆོས་ལ་མཁས་པའི་ཕ་རོལ་ཏུ་སོན།

             དེ་ནས་དགུང་ལོ་བཅུ་དགུའི་མཇུག་ནས་དཔལ་ལྡན་གསང་ཕུ་སོགས་དབུས་གཙང་གི་གདན་ས་ཆེན་པོ་རྣམས་སུ་མཁས་པའི་དབང་པོ་བརྒྱ་ཕྲག་མང་པོ་འདུས་པའི་དབུས་ན་གྲྭ་སྐོར་ལན་དུ་མར་བྱོན། སྐབས་དེར་མཁས་བཙུན་བཟང་པོའི་སྙན་གྲགས་ས་སྟེང་དུ་ཁྱབ། དེ་དག་ནི་ཆུ་འགོ་གངས་ལ་ཐུག་པའི་དཔེ་ལྟར་བཀའ་གདགས་པའི་བཤད་གྲྭ་ཆེན་པོ་གསང་ཕུ་བ་ནས་བརྒྱུད་པའི་གཞུང་ཆེན་གྱི་བཤད་སྒྲུབ་ཉམས་སུ་བསྟར། ཉང་སྟོད་རྩེ་ཆེན་དུ་མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དཔལ་བའི་སྤྱན་སྔར་ཕར་ཕྱིན་མདོ་རྒྱན་སྦྱར་བ་སོགས་འགྲེལ་བ་ཉེར་གཅིག་ལ་སོ་སོའི་བཞེད་པ་དགག་སྒྲུབ་དང་བཅས་པའི་གཟབ་བཤད་ཚར་གཅིག་གསན། དེ་ནི་རྒྱལ་བ་ཇོ་ནང་པའི་མདོ་ཕྱོགས་ཀྱི་ཆོས་བརྒྱུད་འཛིན་པའི་དྲུང་ནས་བཤད་པ་དང་ཉམས་ལེན་དབུ་ཚུགས། སྐབས་དེར་རྗེ་རེད་མདའ་བ་ལ་མཛོད་གསན་ཏེ་གཞུང་ཚིག་བློར་སྦྱངས་ཙམ་མ་ཡིན་པར་བསྟན་བཅོས་ཀྱི་ལུས་ཡོངས་སུ་རྫོགས་པའི་དོན་གྱི་ཁོག་ལེགས་པར་རྟོགས་ཆེད་དཀའ་བའི་གནས་རྣམས་ལ་དྲི་གཏུགས་ཡང་ཡང་མཛད་པས་རྗེ་རེད་མདའ་བ་ཐུགས་འཕྲོག་པར་མཛད། དེ་ནས་གནས་གཞན་དུ་བླ་མ་དེའི་དྲུང་དུ་ཀུན་བཏུས་སོགས་ཟླ་བ་བཅུ་གཅིག་གི་བར་དུ་ངོམས་པ་མེད་པར་ཞུས། སླར་ཡང་ངམ་རིང་དུ་དབྱར་དཔྱིད་གཉིས་ཀྱི་བར་དུ་རྣམ་འགྲེལ་རང་འགྲེལ་དང་བཅས་པ་གསན་པས་ཚིག་དོན་མཐར་དག་ཐུགས་སུ་ཆུད། ཕྱིས་བོ་དོང་ཨེའི་ཆོས་གྲྭར་རེད་མདའ་བ་ལ་རྩ་འཇུག་བཞི་གསུམ་བཅས་ཞིབ་ཏུ་གསན། དབུ་ཚད་ཀྱི་རིགས་པའི་སྒོ་དང་པོ་རྗེ་འདི་ཉིད་ལས་རྙེད་པས་འགྲན་ཟླ་མེད་པའི་བླ་མ་གཙོ་བོར་གྱུར། འདི་དག་ནི་གསང་ཕུ་ནས་བྱུང་བའི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་ལས་བཤད་སྒྲུབ་ཉམས་ལེན་གྱི་གཏིང་ཚུགས།

            དགུང་ལོ་ཉེར་དྲུག་༼སྤྱི་ལོ་1382༽པའི་དཔྱིད་ལ་ཡར་ཀླུང་རྣམ་རྒྱལ་དུ་ཚོགས་ཆེན་པོའི་མཁན་པོ་ཚུལ་ཁྲིམས་རིན་ཆེན་གྱིས་མཁན་པོ་དང་། ཚོགས་པ་བྱི་རྫིང་བའི་མཁན་པོ་གནས་བསྟན་བརྟན་འདུལ་བ་འཛིན་པ་ཤེས་རབ་མགོན་པོས་ལས་སློབ། དབུ་མཛད་བསོད་ནམས་རྡོ་རྗེས་གསང་སྟོན་མཛད་ནས། བར་འདུལ་བའི་ཚོགས་སྡེ་བཞིའི་ཡ་གྱལ་ཚོགས་ཆེན་པོ་དང་བྱེས་རྫིང་བའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས།  སྐྱོ་མོ་ལུང་དུ་བཀའ་བཞི་བ་བློ་གསལ་དྲུང་ནས་འདུལ་བའི་བཤད་བརྒྱུད་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གསན། ཉིན་རེ་བཞིན་འདུལ་བ་རྒྱ་ཆེར་འགྲེལ་གྱི་ཤོག་ལྡེབ་བཅུ་བདུན་རེ་ཐུགས་ཟིན་གནང་། བཅས་མཚམས་ཕྲ་མོའི་ཚུན་ཡང་ཕྱག་ལེན་ལ་ཐེབས་པར་མཛད།  འདི་དག་ནི་བཀའ་གདམས་དང་བར་འདུལ་པཎ་ཆེན་བརྒྱུད་པ་ལས་བསྟན་པའི་གཞི་མ་འདུལ་བའི་ཉམས་ལེན་གྱི་གཏིང་ཚུགས་ཤིང་། སྨད་འདུལ་བའི་བཤད་རྒྱུན་ཡང་ཐུགས་ལ་བྱང་བར་མཛད་པ་ཡིན་ནོ། ། སྐྱིད་ཤོད་དགའ་གདོང་དུ་༼ སྤྱི་ལོ་1392 ༽ བླ་མ་དབུ་མ་པ་ལ་འཇམ་དབྱངས་ཞི་དྲག་སྐོར་དང་། བླ་མ་དབུ་མ་པས་ལོ་ཙཱ་བ་མཛད་ནས་རྗེ་བཙུན་འཇམ་དཔའི་དབྱངས་ལ་མདོ་སྔགས་ཀྱི་དཀའ་གནད་མཐའ་ཡས་ཞུས།  དེ་ནི་དམ་པ་གོང་མ་རྣམས་ལ་བྱིན་རླབས་ཉེར་བརྒྱུད་བྱུང་བ་ལྟར་རྗེ་འདི་ཉིད་ལའང་ཐུན་མོང་མིན་པའི་ཉམས་ལེན་གྱི་དབུ་ཚུགས།

              དགུང་ལོ་སོ་ལྔའི་སྨད་ནས་སོ་དྲུག་གི་དབྱར་གྱི་བར་༼1391/1392 ༽ དུ་ཞྭ་ལུ་རི་སྦུག་ཏུ་བུ་སྟོན་གྱི་སློབ་མ་མཁས་གྲུབ་ཁྱུང་པོ་ལྷས་པ་ལ་བསམ་སྦྱོར་གཉིས་ཀྱིས་གུས་པས་བསྟེན། སྐབས་དེར་བོད་ན་ཡོད་པའི་དབང་གི་ཆུ་བོའི་རྒྱུན་མ་ནུབ་པ་རྣམ་པར་དག་པ་ཕལ་ཆེ་ཞུས། བླ་མའི་ཞལ་ནས་ད་ནི་ཆོས་བདག་པོ་ལ་འཕྲོད་པ་ཡིན་པས་འགྱོད་པ་མེད་གསུངས་ཏེ་དབང་རེའི་མཚམས་སུ་ང་ལ་བླ་མ་འདི་ཞེས་བྱ་བས་དགྱེས་བཞིན་དུ་གནང་བ་ཡིན་ཞེས་ངེས་ཅན་དུ་གསུངས།  དེ་དག་ནི་ཁྲོ་ཕུ་བཀའ་བརྒྱུད་དང་ཤངས་པའི་ཆོས་ཀྱི་དབང་དང་གདམས་ཉམས་ལེན་དང་། ས་བཀའ་སྤྱི་སོགས་ནས་བརྒྱུད་པའི་གསང་སྔགས་ཕ་མའི་རྒྱུད་སྡེ་རྒྱ་མཚོའི་ཉམས་ལེན་གྱི་གཏིང་ཚུགས། ཁྱད་པར་དུ་ཀླུ་སྒྲུབ་ཡབ་སྲས་ནས་སྒྲ་བསྒྱུར་གྱི་རྒྱལ་པོ་སྐྱེས་མཆོག་མར་པ་ལོ་ཙཱ་ལ་བརྒྱུད་པའི་དཔལ་གསང་བ་འདུས་པའི་བཤད་སྒྲུབ་ཟབ་མོའི་གཞི་ལེགས་པར་ཚུགས་པར་མ་ཟད། དཔལ་ལྡན་ས་ཆེན་ནས་བརྒྱུད་པའི་བདེ་མཆོག་ཡབ་ཡུམ་བཤད་སྒྲུབ་ཉམས་ལེན་གྱི་གཞི་ཚུགས། ཉང་སྟོད་བདེ་ཆེད་དུ་དབྱར་སྟོན་གཉིས་ལ་བླ་ཆེན་ཆོས་ཀྱི་དཔལ་བ་ལ་དབང་ཆེན་ཞེ་གཉིས་དང་། དེ་དག་གི་བཤད་ཁྲིད་གར་ཐིག་དབྱངས་གསུམ་ཕྱག་ལེན་དང་བཅས་ཐུགས་ཀྱི་དཔལ་བེའུར་གཏམས། ཡོ་ག་མགོན་བཟང་ཞེས་བུ་སྟོན་གྱི་སློབ་མའི་དྲུང་ནས་དཔལ་མཆོག་རྩེ་མོ་སོགས་ཀྱི་དཀྱིལ་འཁོར་ཆེན་པོ་རྣམས་ཀྱི་གར་ཐིག་དབྱངས་དང་ཕྱག་རྒྱ་འཆིང་བ་སོགས་ཤིན་ཏུ་ལེགས་པར་སྦྱངས་ཏེ་རྒྱུད་སྡེ་འོག་མའི་ཉམས་ལེན་གྱི་གཏིང་ཚུགས། སླར་ཡང་ཆོས་ཀྱི་དཔལ་བ་ལ་དུས་འཁོར་དབང་ཁྲིད་སོགས་གསན་ནས་སྟོན་དགུན་དཔྱིད་གསུམ་ཙམ་བཞུགས་ཏེ་སྦྱངས་པ་དང་། གཞན་ཡང་རྟོགས་ལྡན་ཡེ་ཤེས་རྒྱལ་མཚན་དཔལ་ལ་འགྲེལ་ཆེན་དྲི་མེད་འོད་དང་སྐར་རྩིས་ལག་ལེན། ཇོ་མོ་ནང་དུ་རྗེ་དོལ་བོ་པའི་དངོས་སློབ་དང་རྒྱལ་ཚབ་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་བའི་མདུན་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་གསན། དེ་དག་ནི་དཔལ་དུས་ཀྱི་འཁོར་ལོ་ལ་ཐུན་མོང་མིན་པའི་སྒེར་ཆོས་ཅན་རྒྱལ་བ་ཇོ་ནང་པ་དང་ཞ་ལུ་བ་སྟེ། ཇོ་ཞ་ནས་བརྒྱུད་པའི་བཤད་སྒྲུབ་ཡ་མ་བྲལ་བའི་གཞི་འདིང་། གཞན་ཡང་ས་སྐྱའི་བླ་མ་རྡོ་རྗེ་རིན་ཆེན་ལ་རྩ་རྒྱུད་རྟག་གཉིས་དང་བུ་སྟོན་གྱིས་མཛད་པའི་རྩ་རྒྱུད་རྣམ་བཤད་གསན་པ་དང་། གཞན་ཡང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པའི་དྲུང་ནས་བདེ་མཆོག་ལུས་དཀྱིལ་གྱི་དབང་དང་མན་ངག་གསན་ཏེ་དཔལ་ས་སྐྱ་པའི་སྒེར་ཆོས་དགྱེས་པ་རྡོ་རྗེ་དང་བདེ་མཆོག་ཡབ་ཡུམ་གྱི་བཤད་སྒྲུབ་ཉམས་ལེན་གཞི་ཚུགས། གཙང་ཕྱོགས་སུ་རྟོགས་ལྡན་ཆེན་པོ་འབའ་ར་བ་རྒྱལ་མཚན་དཔལ་བཟང་ལས་བརྒྱུད་པ་བླ་མ་དབུ་པ་ལས་ཕྱག་རྒྱ་ཆེན་པོ་སོགས་ཟབ་གསང་མང་དུ་གསན། དད་འཇུག་ན་མི་གསལ་ཡང་རྗེ་འབའ་ར་བ་ལས་འབྲུག་ཆོས་གསན་པ་རྣམ་ཐར་གཞན་ལས་བྱུང་། དེ་ནི་རྒྱལ་བ་ཡང་དགོན་པ་དང་རྒོད་ཚང་བ་སོགས་སྟོད་འབྲུག་སྨད་འབྲུག་གི་སྙིང་པོ་དོན་བརྒྱུད་འབྲུག་པ་བཀའ་བརྒྱུད་པའི་ཉམས་ལེན་གྱི་གཞི་ཚུགས། གཞན་ཡང་སྐབས་དེ་ཤད་དུ་འབའ་འཇག་གཉིས་ཞེས་ཡོངས་གྲགས་པའི་སྐྱེས་ཆེན་གྱི་ཡ་གྱལ་འཇག་ཆེན་བྱམས་པ་དཔལ་ལས་ཤངས་ཆོས་གསན་ཟབ་མོ་གསལ། དེ་ནི་ནི་གུ་ཆོས་དྲུག་དང་ཤངས་པའི་རྒྱུད་སྡེ་ལྷ་ལྔ་གྲགས་པའི་བྱིན་རླབས་ཀྱི་བརྒྱུད་པའི་ཉམས་ལེན་དུ་ཚུད་པ་ཡིན་ནོ། ། ཕག་གྲུ་སྤྱན་སྔ་གྲགས་པ་བྱང་ཆུབ་ལ་སྙན་བརྒྱུད་ཚད་མ་བཞི་ལྡན་གྱི་ཁྲིད་ཡོངས་རྫོགས་དང་། གཞན་ཡང་ཕག་མོ་གྲུ་པ་དང་འཇིག་རྟེན་མགོན་པོའི་གསུང་འབུམ་དང་བརྒྱུད་པ་སོགས་གསན། དེ་དག་ནི་དྭགས་པོ་བཀའ་བརྒྱུད་ཀྱི་ཆོས་སྐོར་ལ་བཤད་སྒྲུབ་ཟུང་འབྲེལ་གྱི་གཞི་ཚུགས། ལོ་ཆེན་ནམ་མཁའ་བཟང་པོ་ལ་སྒྲ་ཀ་ལྭ་པ་དང་ཙནྡྲ་པ། སྙན་ངག་མེ་ལོང་མའི་བཤད་རྒྱུགས་ཕུལ། ས་བཟང་མ་ཏི་པཎ་ཆེན་ལ་སྙན་ངག ། སྡེབ་སྦྱོར། བཟོའི་བསྟན་བཅོས་ལས་བྱུང་བའི་གསེར་འགྱུར། སྤོས་སྦྱོར། ལྷའི་ཕྱག་ཚད། དབྱངས་རོལ་མོ། གར་སོགས་ལ་ལུང་ཙམ་མ་ཡིན་པར་ཕྱག་ལེན་ཐེབས་ངེས་སུ་སྦྱངས་བརྩོན་མཛད།  དེ་དག་ནི་བོད་ཀྱི་བརྡ་སྤྲོད་དང་མི་རིགས་ཀྱི་གཞི་རྩ་ལ་རིན་པོ་ཆེ་སུམ་འཛོམས་མཛད།

              དགུང་ལོ་སོ་བརྒྱད་པར་༼1394༽ལྷོ་བྲག་བྲ་བོ་དགོན་དུ་ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་བཀའ་གདམས་ལམ་རིམ་དང་མན་ངག་གི་བརྒྱུད་པ་གཉིས་ལྡན་གྱི་བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་དང་རྫོགས་ཆེན་དང་འབྲེལ་བའི་ཞུ་ལན་སྨན་མཆོག་བདུད་རྩི་ཟླ་བ་བདུན་གྱི་རིང་དུ་ཞུས། དེ་དག་ནི་བཀའ་གདམས་གོང་མའི་ཉམས་ལེན་ཐུན་མོང་མིན་པའི་མན་ངག་དང་ལམ་རིམ་གྱི་བཤད་སྒྲུབ་ཟུང་འབྲེལ་དང་། སྔར་འགྱུར་གསང་སྔགས་ཟབ་མོ་རྫོགས་པ་ཆེན་པོའི་སྙན་བརྒྱུད་ལྷོ་བྲག་གྲུབ་ཆེན་དྲུང་ནས་ཞུས་ཏེ་མན་ངག་འདི་ལ་ཐུགས་རྩིས་མཛད་པའི་སྐོར་ད་ལྟ་ཡང་གསུང་འབུམ་ན་ཡོད་ལ། ཁྱད་པར་དུ་རྗེ་ཡབ་སྲས་དགོངས་མཐིལ་གཅིག་ཡིན་པས་ན། མཁས་གྲུབ་ཆོས་རྗེའི་གསུང་ཐོར་བུ་ནའང་རྙིང་མའི་ལྟ་གྲུབ་དང་རྫོགས་ཆེན་སྐོར་གནད་རྩ་ཆེན་པོར་ངོས་འཛིན་གནང་སྟེ། དེ་ཉིད་ལས།  གསང་སྔགས་རྙིང་མ་བ་འདི་ལ་སྔ་རབས་ཀྱི་མཁས་པ་རྣམས་ཀྱིས་ཀྱང་བཀག་འདུག་ཅིང་། ད་ལྟ་ཡང་སྐུར་བ་འདེབས་པ་མང་དུ་འདུག་པ་འདི་ཅི་འདྲ་ཞིག་ཡིན་ཟེར་བ་ལ། གསང་སྔགས་ཀྱི་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་བ་ལ་རྙིང་མ་དང་། ཕྱི་དར་གྱི་དུས་སུ་འགྱུར་བ་ལ་གསར་མ་ཞེས་འབྱུང་བ་ཡིན། རྙིང་མ་ལ་སྐུར་བ་འདེབས་པོ་མང་བའི་རྒྱུ་མཚན་ནི་སྔོན་གླང་དར་མས་བསྟན་པ་བསྣུབས་ནས་བར་སེང་བྱུང་དུས། གསང་སྔགས་པ་རྣམས་སྦྱོར་སྒྲོལ་ལ་སོགས་པའི་སྤྱོད་པ་ཕྱིན་ཅི་ལོག་བྱེད་པ་བྱུང་བ་དང་། དེང་སང་ཡང་ཁྱིམ་པ་ལྕང་ལོ་ཅན་གྱི་སྤྱོད་པ་མང་བས་གང་ཟག་གི་སྤྱོད་པར་དཔག་ནས་ཆོས་ལ་དམོད་པ་འདི་བྱུང་བ་འདྲ། དེ་མིན་སྔགས་རྙིང་མ་འདི་དང་པོ་ཆོས་རྒྱལ་དམ་པ་རྣམས་ཀྱིས་བེ་རོ་ཙ་ན་དང་། རྨ་སྙེགས་གཉིས། དགེ་སློང་ལྔ་ལ་སོགས་པ་ཚད་མའི་སྐྱེས་བུར་གྱུར་པའི་ལོ་ཙཱ་བ་རྣམས་ལ་གསེར་བྲེ་ལ་བཤར་ནས་ཡོན་དུ་བསྐུར་ཏེ་རྒྱ་གར་དུ་བརྫངས་ནས། རྫོགས་པ་ཆེན་པོ་ལ་སོགས་པའི་གསང་སྔགས་བླ་ན་མེད་པའི་ཆོས་རྣམས་པཎྜིཏ་གྲུབ་པ་རྙེད་པ་རྩོད་མེད་དུ་གྲགས་པ་རྣམས་ལས་ཞུས་ཤིང་བསྒྱུར། གཞན་ཡང་པད་མ་འབྱུང་གནས་དང་། བི་མ་ལ་མི་ཏྲ། སངས་རྒྱས་གསང་བ་ལ་སོགས་པའི་ཆོས་ཟབ་སྐྱོན་དང་བྲལ་བ་ཡིན་ཏེ། འདིའི་ཚུལ་ཉམས་སུ་བླངས་ནས་གྲོལ་བ་དང་གྲུབ་པ་རྙེད་པ་དཔག་ཏུ་མེད་པ་བྱུང་བ་ཚད་མས་གྲུབ་བོ། ། བསམ་ཡས་ན་ཡང་ད་དུང་སྔོན་འགྱུར་གྱི་རྒྱ་དཔེ་མང་པོ་ཡོད་པར་འདུག་ཅིང་། བོད་ཀྱི་ལོ་ཙཱ་བས་ཀྱང་རྒྱ་གར་དུ་བྱོན་པས་ཡུལ་དབུས་གྱུར་ཚལ་ནས་གསང་སྔགས་གསང་བ་སྙིང་པོ་གསར་རྙིང་གི་ལུང་མདོ་ལྔ་ལ་སོགས་པའི་རྒྱ་དཔེ་འདུག་ཟེར། དེས་ན་འདི་ལྟ་བུའི་ཐེག་ཆེན་བླ་ན་མེད་པའི་ཆོས་ཟབ་མོ་ལ་སྐུར་བ་འདེབས་པ་རྣམས་དམྱལ་བའི་རྒྱུ་ཁོ་ན་ལ་བབས་སོ། ། ཞེས་ནན་ཏན་དུ་གདམས་སོ། །

            དགུང་ལོ་སོ་དགུ་པ་༼ 1395༽ལ་བྲ་གོར་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་བཀའ་གདམས་གཞུང་པ་བའི་བཤད་སྒྲུབ་ཉམས་ལེན་ཀུན་ཞུས་ལ། ཁྱད་པར་དུ་ཀུན་མཁྱེན་མཚོ་སྣ་བའི་དངོས་སློབ་ཀྱི་བྱིན་རླབས་དྲོད་མ་ཡལ་བས་མཚོ་ཊཱིཀ་ཞིབ་རྒྱས་གསན། དེ་ནི་བཀའ་གདམས་གཞུང་པ་བའི་བཤད་སྒྲུབ་ཉམས་ལེན་གཏིང་ཚུགས་པ་ཡིན་ནོ། །

            མདོར་ན་རྗེ་བླ་མ་འདི་ཉིད་ཀྱིས་རིས་སུ་མ་ཆད་པའི་དམ་པ་གོང་མ་རྣམས་ལས་ཐོས་བསམ་བྱས་པ་ཙམ་ལ་མི་འཇོག་པར། དགུང་ལོ་སོ་དྲུག་པའི་སྨད་དུ་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་འཁོར་དག་པ་རྣམ་བརྒྱད་ཁྲིད་ནས་བྱ་བྲལ་ལ་བྱོན། དཔོན་སློབ་རྣམས་འོལ་ཁ་ཆོས་ལུང་དུ་དཀའ་སྤྱད་ཀྱིས་རིས་སུ་མ་ཆད་པའི་དམ་པ་གོང་མ་དེ་རྣམས་ཀྱི་གདམས་ངག་ཞུས་ཟིན་པ་རྣམས་སྒྲུབ་པ་ཉམས་ལེན་ནན་ཏན་དུ་མཛད་པས་ཕྱག་ཞབས་ཀྱི་སོར་མོ་རྣམས་ཀྱང་ཟད་དེ་སེར་གར་གྱུར། རྡོ་ལེབ་ཀྱིས་མཎྜལ་མཛད་དེ་འཇམ་པོ་གྱུར་པ་ནི་དེང་སང་ཡང་མཇལ་རྒྱུ་ཡོད། འོལ་དེ་གུང་རྒྱལ་དང་ལྷོ་བྲག་གཉལ། གཞན་ཡང་དབེན་གནས་ལྷ་སྡིངས་སོགས་ངེས་མེད་ཀྱི་གནས་རྣམས་སུ་མི་ལོ་ཉི་ཤུ་ཙམ་སྒྲུབ་པ་ཉམས་ལེན་མཛད་པས་ན། ཉམས་རྟོགས་དཔག་མེད་འཁྲུངས་ཏེ་ཐུབ་པའི་དབང་པོ་ལ་ཤེས་ནས་དད་པ་བརྙས་ཏེ་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་གྲགས་ཅན་དེ་ཡང་མཛད་དོ། །

             གཞན་ཡང་ཡར་རླུང་རྒྱལ་དུ་བསྙེན་པར་རྫོགས་ནས་བཟུང་འདུལ་བ་ནས་གང་བྱུང་བཤད་ཆོས་ཙམ་དུ་མ་གཏོང་བར་ཕྱག་ལེན་དངོས་ཐོག་ཏུ་བསྟར་བ་དང་། བྲ་གོ་མཁན་ཆེན་ཆོས་སྐྱབས་བཟང་པོ་ལས་མཚོ་སྣ་བ་སོགས་བཀའ་གདམས་གཞུང་པ་ནས་བརྒྱུད་པའི་གཞུང་སྤྱི་དང་། ཁྱད་པར་དུ་མཚོ་ཊཱིཀ་ཡོངས་སུ་རྫོགས་པ་གསན་ཏེ་བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་ཕྱག་ལེན་འདུལ་བ་བཞིན་བཙུགས་པས་རིས་མེད་ཀྱི་སྐྱེས་བུ་དམ་པ་ཐུན་མོང་ནས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་ནི་རང་རང་གི་གསུང་རྩོམ་ན་གསལ་བས་རིས་མེད་ཀྱི་བསྟན་པའི་མིག་རྒྱན་མཛད་དོ། ། དེར་མ་ཟད་རིས་སུ་མ་ཆད་པའི་དམ་པ་གོང་མ་རྣམས་ཀྱི་གཞུང་དང་མན་ངག་ལ་བརྟེན་ནས་རྩོམ་པའི་སྒོ་ནས་བསྟན་པ་ལ་བྱ་བ་མཛད་དོ། ། དེ་ཡང་རྗེ་ཉིད་དགུང་ལོ་ཉེར་བདུན་ནས་སུམ་ཅུའི་བར་དུ་གཙོ་བོ་ལྷ་སའི་ཚལ་གུང་ཐང་གི་གཙུག་ལག་ཁང་དུ་བཞུགས། སྐབས་དེ་རྣམས་སུ་བོད་དུ་འགྱུར་རོ་ཅོག་གི་བཀའ་དང་བསྟན་བཅོས་ལ་ཞིབ་གཟིགས་གནང་ལ། དགུང་ལོ་ཉེར་དགུ་ལ་ལེགས་བཤད་གསེར་ཕྲེང་ཕལ་ཆེ་བ་རྩོམ། སུམ་ཅུ་ལ་གཙོ་བོ་ཚལ་དང་དགུན་བདེ་བ་ཅན་ན་བཞུགས་ཏེ་དཔེ་ཁྲིད་རྒྱ་ཆེར་གནང་།

            སོ་གཅིག་པར་རབ་བྱུང་བདུན་པའི་བགྲང་བྱ་དང་པོ་སྟེ་མེ་མོ་ཡོས་༼སྤྱི་ལོ་༡༣༨༧༽ ལ་ལེགས་བཤད་གསེར་གྱི་ཕྲེང་བ་མཇུག་གྲུབ་པར་མཛད་དོ། ། དེ་ལྟར་ཡང་ལེགས་བཤད་གསེར་གྱི་ཕྲེང་བའི་སྦྱར་བྱང་དུ་རྗེ་རང་ཉིད་ཀྱིས། ཚལ་ཡང་དགོན་དུ་ཕལ་ཆེར་གྲུབ་པར་བྱས་ཤིང་། མཁས་གྲུབ་བར་མ་ཆད་དུ་བྱོན་པའི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་གི་སྣྲོན་གྱི་ཟླ་བ་༼རབ་བྱུང་བདུན་པའི་བགྲང་བྱ་དང་པོའི་ཟླ་བ་ལྔ་པ་༽ལ་མཇུག་ཡོངས་སུ་རྫོགས་པར་སྦྱར། ཞེས་སོགས་ལོ་ཟླ་དངོས་སུ་གསུངས་སོ། ། དེར་མ་ཟད་རྗེའི་དངོས་སློབ་ཆོས་བརྒྱུད་བཀའ་བརྒྱུད་ལ་གཏོགས་པ་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་དུམ་བུ་དྲུག་པ་རྔོག་ལོ་ཙཱ་བ་བརྒྱུད་པ་དང་བཅས་པའི་ཐད་ལས་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་ཀྱང་རྗེ་བཙུན་རེད་མདའ་བ་ལས་གསན་ཏེ། དུས་ཕྱིས་བྱ་བྲལ་ལ་མ་བྱོན་པའི་གོང་དུ་ལེགས་བཤད་གསེར་ཕྲེང་ཞེས་བྱ་བའི་ཊཱིཀ་ཆེན་མོ་དེ་མཛད། ཅེས་གསུངས་ཤིང་། མཁས་གྲུབ་ཐམས་ཅད་མཁྱེན་པའི་རྗེའི་རྣམ་ཐར་དད་པའི་འཇུག་ངོགས་ལས་ཀྱང་། ཚལ་དུ་བཞུགས་ནས་བཀའ་དང་བསྟན་བཅོས་བོད་དུ་འགྱུར་རོ་འཚལ་ལ་གཟིགས་རྟོགས་ཞིབ་པར་མཛད། གསུང་རབ་མཐའ་དག་གི་དོན་ལ་རྣམ་པར་དཔྱོད་པའི་སྒོ་དུ་མ་ཐུགས་ལ་འཁྲུངས།  མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་དང་བཅས་པའི་རྣམ་བཤད་ཆེན་པོ་དེ་ཉིད་ཀྱི་རྩོམ་པའང་མཛད། ཅེས་དང་། སླར་ཚལ་དུ་བྱོན་ནས་ཕར་ཕྱིན་གྱི་རྣམ་བཤད་ཀྱི་འཕྲོ་མཛད་ཅིང་མཇུག་བདེ་བ་ཅན་དུ་རྫོགས་པ་མཛད་དོ། ། ཞེས་གསུངས་པ་དང་གནད་གཅིག་ལ། རྗེའི་དངོས་སློབ་སྒྲུབ་བརྒྱུད་ཀྱི་བཀའ་བབས་རྟོགས་ལྡན་འཇམ་དཔལ་རྒྱ་མཚོས་མཛད་པའི་རྗེའི་རྣམ་ཐར་ལས་ཀྱང་གསལ་ལོ། །  དེས་ན་གསེར་ཕྲེང་འདི་ནི་ཆོས་བརྒྱུད་ཕྱོགས་རེ་བ་དང་མཁས་པ་ཕྱོགས་རེ་བའི་བཞེད་པ་ཙམ་མིན་པར། རྒྱ་འགྲེལ་དུ་གྲགས་པ་ཉེར་གཅིག་དང་ལོ་ཆེན་དང་འབྲེ་ཨར་སོགས་སྔོན་བྱོན་འཕགས་བོད་མཁས་གྲུབ་རྣམས་ཀྱི་རྨད་དུ་བྱུང་བའི་བཞེད་པ་གང་ཡོད་རྩལ་བཏོན་གནང་བ་ནི། རྣམ་ཐར་ལོ་རྒྱུས་ཙམ་ལ་རེ་མི་དགོས་པར་གཞུང་ལུགས་དངོས་མ་མངོན་སུམ་གྱི་སྤྱོད་ཡུལ་འདིས་རིས་མེད་ཀྱི་རྟགས་མཚན་གསལ་བཏོན་གནང་ངོ་། ། གཞན་ཡང་སླས་ཕུ་དགོན་གསར་དང་མལ་གྲོ་ལྷ་ལུང་སོགས་ན་བྱོན་ཏེ་དད་ལྡན་བློ་གསལ་དུ་མ་ལ་ཚད་མ་རྣམ་འགྲེལ་གཞུང་ལུགས་ཀྱི་རིགས་ལམ་ཉམས་ལེན་དང་སྦྱར་ནས་ལམ་གྱི་རིམ་པ་མ་ནོར་བའི་བཤད་སྲོལ་གསར་དུ་གཏོད་པས་ན། སྲས་རྣམས་ཀྱིས་རྗེ་ཉིད་ཀྱི་མན་ངག་ལ་བརྟེན་ནས་ཚད་མའི་གཞུང་ལུགས་སྡེ་བདུན་མདོ་དང་བཅས་པའི་འགྲེལ་པ་མང་དུ་མཛད། གཞན་ཡང་བོད་སྔ་ཕྱིའི་ལྟ་གྲུབ་གང་འཕེལ་འགྲོ་ཆེད་དང་ཟླ་གྲགས་ཀྱི་བཤད་སྲོལ་ཕུལ་དུ་བྱུང་བ་སྟེ། འབྲོམ་ནས་བརྒྱུད་པའི་བཀའ་གདམས་གཞུང་པ་བ་དང་། གཞན་ཡང་བོད་ཀྱི་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་པ་ཚབ་ལོ་ཙཱ་བ་དང་། དེའི་བུ་ཆེན་ཚིག་དོན་གཉིས་ཀ་ལ་མཁས་པའི་རྨ་བྱ་ཁུ་ཚན་གྱི་བཤད་སྲོལ་ཆེས་ཆེར་ཉམས་པ་ལ་བརྟེན་ནས་དེ་ཉིད་གསོ་བའི་ཕྱིར་དུ་ལྟ་བའི་ལེགས་བཤད་ཆེན་མོ་པོ་ཏི་ལྔ་མཛད།

             དེ་ཡང་རྗེ་ཉིད་དགོང་ལོ་ཞེ་ལྔ་ལ་བྱང་ཆུབ་ལམ་རིམ་སྤྱོད་པ་སྤྱི་ཡི་བར་ལས་མ་མཛད་ཀྱང་། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་བསྐུལ་བ་ལ་བརྟེན་ནས་ལྷག་མཐོང་ཆེན་མོ་མཛད། དགོང་ལོ་ལྔ་བཅུའི་དབྱར་ནས་ང་གཉིས་ཀྱི་དགག་དབྱེའི་བར་དུ་དྲང་ངེས་ལེགས་བཤད་སྙིང་པོ་དང་རྩ་ཤེའི་ཊཱིཀ་ཆེན་མཛད། དགོང་ལོ་རེ་གཅིག་ཡན་མན་དུ་ལྷག་མཐོང་ཆུང་བ་མཛད། རེ་གཉིས་ལ་སློབ་མ་རྣམས་ཀྱིས་བསྐུལ་བ་དང་འཇམ་དབྱངས་ཀྱིས་ཞལ་གཟིགས་ཀྱིས་ཟླ་གྲགས་ཀྱི་ཐུགས་བཅུད་དབུ་མ་ལ་འཇུག་པའི་ཊིཀ་ཆེན་འདི་ཉིད་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་བརྩམས་པས་ན། དེ་ནས་བཟུང་སྟེ་བོད་སྔ་ཕྱིའི་དབུ་མའི་བཤད་སྲོལ་རྣམས་དབྱར་གྱི་ཆུ་བོ་བཞིན་དུ་འཕེལ་བར་མཛད་དོ། ། གཞན་ཡང་དགེ་ཚུལ་སློང་གི་ཉམས་ལེན་གཞི་རྩ་དམར་རྗེན་དུ་བཏོན་པ་གནམ་རྩེའི་ལྡིང་མ་དང་། བསྟན་པའི་གཞི་མ་དམ་ཆོས་འདུལ་བ་ཁ་བཤད་ཙམ་ལ་མ་སོང་བར་ཕྱག་ལེན་འདུལ་བ་བཞིན་གནང་བ་ནི་འདུལ་འཛིན་པས་རྗེའི་ཕྱག་ལེན་ཇི་ལྟར་བཀོད་པའི་གཞི་གསུམ་ཆོ་ག་ཆེན་མོ་ན་དན་རྟགས་བཅས་ཡོད་པ་དང་། གཞན་ཡང་བྱང་སེམས་ཀྱི་ཉམས་ལེན་ལ་ནམ་མཁའི་སྙིང་པོ་དང་ཉེ་བ་འཁོར་གྱིས་ཞུས་པའི་མདོ། གཞན་ཡང་གསང་ཆེན་ཐབས་ལ་མཁས་པའི་མདོ་དང་བྱང་ས་སྟེ། དེ་དག་གི་གནད་རྩ་ངོས་གཙང་བ་བྱང་ཆུབ་གཞུང་ལམ་དང་། གསང་སྔགས་ཀྱི་ཉམས་ལེན་གཞི་རྩ་ལ་རྩ་ལྟུང་རྣམ་བཤད་དང་བླ་མ་ལྔ་བཅུ་པའི་རྣམ་བཤད་སློབ་མའི་རེ་བ་ཀུན་སྐོང་དང་། གཞན་ཡང་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྦས་དོན་ཀུན་གསལ་དང་། གསང་བ་འདུས་པའི་རྩ་བཤད་མན་ངག་དང་བཅས་པའི་ཉམས་ལེན་མྱོང་བས་བཏོན་པའི་ལེགས་བཤད་སོགས་པོ་ཏི་བཅོ་བརྒྱད་ལྷག་ལྷག་མཛད་ནས་ཕྱི་རབས་རིས་མེད་ཆོས་བརྒྱུད་ཀྱི་ཉམས་ལེན་དང་བཤད་པའི་སྒོ་མོ་ནམ་མཁའ་ལྟར་འབྱེད་པར་མཛད་དོ། ། དེའི་ཕྱིར་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཞལ་ནས། མདོར་ན་གངས་ཅན་གྱི་ལྗོངས་འདིར་རྒྱལ་བའི་ལུང་གི་བསྟན་པ་ལ་འདི་ཁོ་ན་བཀའ་དྲིན་ཆེ་བ་ཡིན་ནོ། ། ཞེས་སོགས་ཐུགས་འཕྲོག་པའི་བསྔགས་བརྗོད་མཛད་དོ། །

             དོན་བསྡུས་ཏེ་བཤད་ན་རྗེ་འདི་ཉིད་ཀྱིས་འདུལ་མངོན་གྱི་བཤད་སྒྲུབ་བཀའ་གདམས་ཕྱི་གཙང་ནང་གཙང་གི་བརྒྱུད་པ་གཙོ་བོ་མཛད། ཕར་ཚད་ཀྱི་བཤད་སྒྲུབ་རྔོག་ལོ་དང་ཕྱ་པ་སོགས་གསང་ཕུ་ནས་བརྒྱུད་པ་ལ་གཙོ་བོ་མཛད། ལམ་རིམ་དང་ནང་གི་བློ་སྦྱོང་ལ་བཀའ་གདམས་དགོན་པ་བ་དང་མན་ངག་པ་ནས་བརྒྱུད་པ་ལ་གཙོ་བོ་མཛད། དབུ་མའི་བཤད་སྒྲུབ་ལ་ཟླ་གྲགས་དང་འབྲོམ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་བླ་མ་པོ་ཏོ་བ་དང་ཤ་ར་བ། གཞན་ཡང་བོད་ཀྱི་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་པ་ཚབ་བུ་ཆེན་ཚིག་དོན་གཉིས་ཀ་ལ་མཁས་པའི་རྨ་བྱ་ཡབ་སྲས་ནས་བརྒྱུད་པར་གཙོ་བོ་མཛད། བདེ་མཆོག་དང་དགྱེས་རྡོའི་བཤད་སྒྲུབ་དཔལ་ས་སྐྱ་ནས་བརྒྱུད་པ་ལ་གཙོ་བོ་མཛད། གསང་འདུས་ཀྱི་བཤད་སྒྲུབ་གྲུབ་ཆེན་མར་པ་བཀའ་བརྒྱུད་ནས་བརྒྱུད་པ་ལ་གཙོ་བོ་མཛད། འཇིགས་བྱེད་མགོན་པོ་དང་བཅས་པའི་བཤད་སྒྲུབ་ལ་ར་ལོ་དང་ཤངས་པ་གཞན་ཡང་འཇམ་དབྱངས་ཀྱི་ཉེ་བརྒྱུད་ལ་གཙོ་བོ་མཛད། དུས་ཀྱི་འཁོར་ལོའི་བཤད་སྒྲུབ་ལ་བུ་ཇོའི་ལུགས་བཟང་གཙོ་བོ་མཛད་པས་ན། དེ་ནས་བཟུང་སྟེ་གངས་ཅན་གྱི་ལྗོངས་སུ་དུས་འཁོར་འདི་ཉིད་རྩོད་མེད་ཡོངས་གྲགས་སུ་གྱུར་ཏོ། ། ད་དུང་སྣར་ཐང་གི་ལོ་ཙཱ་བ་སོགས་རིས་མེད་ཀྱི་བླ་མ་མང་པོའི་དྲུང་ནས་ཆོས་ཀ་ཞུས་པ་དང་དེ་དག་སྒྲུབ་པ་ཉམས་བཞེས་གནང་ལུགས་མང་དུ་མཆིས་ཀྱང་འདིར་ཡིག་ཚོགས་ལ་དོགས་ཏེ་མ་བྲིས་སོ། ། གཞན་ཡང་མཛད་ཆེན་བཞི་སོགས་ཆོས་བརྒྱུད་རིས་མེད་དང་སེར་སྐྱ་རིས་མེད། མི་རིགས་རིས་མེད་དང་ཕོ་མོ་རིས་མེད་དེ། རིས་མེད་རྣམ་པ་བཞི་ཡི་སྒོ་ནས་ངོ་མཚར་ཅན་མཐུན་སྣང་དུ་བྱུང་བའི་ངང་དབུ་ཚུགས་ཏེ། རིས་མེད་པའི་སྐྱེ་འགྲོ་ཀུན་ལ་དཀར་པོ་དགེ་བའི་འཕྲིན་ལས་འོད་ཟེར་དཀར་པོས་ད་ལྟར་བར་དུ་ཁྱབ་པར་མཛད་དོ། །

              ད་ལན་རྗེ་ཙོང་ཁ་པའི་རྣམ་ཐར་ལ་སྦྱར་ནས་སྐབས་དོན་རིས་མེད་སྐོར་འདི་འབྲི་ན་དགོས་པ་ཁྱད་པར་ཅན་གཉིས་མཐོང་བ་ཡིན། གཅིག་ནི་རྗེ་ཙོང་ཁ་པའི་རྗེས་འཇུག་རི་བོ་དགེ་ལྡན་པའི་ཕྱོགས་ནས་ཀྱང་། སྔོན་བྱོན་སྟོན་པའི་རྣམ་ཐར། །རྗེས་འཇུག་གདུལ་བྱས་ཉམས་ལེན། ། ཞེས་གསུངས་པའི་དཔེ་ལྟར། རང་གི་བླ་མས་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་རྣམས་ལས་གདམས་ངག་ཇི་ལྟར་ཞུ་ལུགས་ཀྱི་བསླབ་བྱ་མཇལ་བར་མ་ཟད། ཆོས་བརྒྱུད་གཞན་གྱི་དམ་པ་གོང་མ་མང་པོ་རང་གི་བླ་བརྒྱུད་དུ་མཇལ་ཞིང་། ཆོས་བརྒྱུད་གཞན་གྱི་རྗེས་འཇུག་རྣམས་ཀྱིས་ཀྱང་རྣམ་ཐར་འདི་ཉིད་མཇལ་ན་རྗེ་ཙོང་ཁ་པའི་ཆོས་ལུགས་ནི་རང་བཟོ་ཙམ་མིན་པར་མ་ཟད། རིས་མེད་ཀྱི་སྐྱེས་བུ་དམ་པ་གོང་མ་རྣམས་ལས་བརྒྱུད་པ་ལ་ཁ་བཤད་དང་ཁོལ་བཏོན་རེ་ཙམ་མིན་པར་ནན་ཏན་ཉམས་བཞེས་མཛད་འདུག་སྙམ་སྟེ་དག་སྣང་སྐྱེ་བའི་རྐྱེན་ཟབ་མོར་འགྱུར་བའི་དགོས་པ་མཐོང་ངོ་། ། གོང་དུ་བྲིས་པ་དེ་དག་གི་ཁུངས་ཀྱང་ཁོ་བོས་རང་བཟོ་ཙམ་མིན་པ་ནི། རྗེ་རང་ཉིད་ཀྱི་གསུང་རྩོམ་དངོས་མ་དང་། གཞན་ཡང་ཁོལ་བཏོན་ཕྱོགས་རེ་ཙམ་མིན་པར་རིས་སུ་མ་ཆད་པའི་གཞུང་ལུགས་ཕྱག་ལེན་དང་བཅས་ཟབ་རྒྱས་ཇི་མཛད་སྐོར་གསུང་འབུམ་གསན་ཡིག་དང་བཅས་པའི་རྣམ་ཐར་ལས་ཆེས་ཆེར་གསལ་བ་ལྟར་ཡིན་ནོ། །

           འདི་དག་ནི་ཕལ་ཆེ་བ་བློ་ཐོག་ནས་བྲིས་པས་དོན་ལ་ནོར་བ་མེད་སྙམ་ཡང་ལུང་ཚིག་རྣམས་སྒྲ་ཟུར་ལྟར་བྱུང་མེད་ན་བཟོད་གསོལ་ཞུ། དེ་ལྟར་རྗེ་ཉིད་ཀྱིས་རིས་མེད་བཤད་སྒྲུབ་ཀྱི་ཕྱག་བསྟར་འདི་དག་མཛད་པ་ལ་བརྟེན་ནས། ཕྱིས་ཀྱང་རྒྱལ་བ་པཎ་ཆེན་སྐུ་ཕྲེང་རིམ་བྱོན་ན་སྔོན་ནས་ད་ལྟའི་བར་དུ་རིས་མེད་གནང་མཁན་མང་བར་མ་ཟད། གཞན་ཡང་འཇམ་དབྱངས་ཆོས་རྗེ་དང་གཉའ་སྟོན་ཡབ་སྲས་སོགས་རིས་མེད་ཡོངས་གྲགས་སུ་གནང་མཁན་ཧ་ཅང་འབྲི་རྒྱུ་མང་ཡང་རིས་མེད་ཆོས་བརྒྱུད་ཀྱི་དེབ་འདིའི་ཡིག་ཚོགས་ལ་དོགས་ཏེ་རེ་ཞིག་དེ་ཙམ་མོ། །

           ད་ནི་འཕྲོས་དོན་ཁ་རྩར་དགོས་ཐུག་ཅིག་གླེང་བར་བྱ་སྟེ། རིས་སུ་མ་ཆད་པའི་ཁྲོད་ན་ཆོས་བརྒྱུད་རིས་མེད་ཁ་བཤད་ཙམ་མིན་པར་གནང་མཁན་མང་དུ་བྱུང་ཡང་། སྔ་ཕྱིའི་བོན་རྙིང་དང་ས་འབྲི། ཀར་འབྲུག་དང་ཇོ་དགེ་སོགས། མདོར་ན་ཆོས་བརྒྱུད་ཀུན་གྱི་ཁྲོད་ན་ཆབ་སྲིད་ཀྱི་རྙོག་ཟིང་དབང་གིས་དངོས་ཡོད་རིས་མེད་ལོ་རྒྱུས་ཤེས་མཁན་དང་བཤད་མཁན་ཉིན་མོའི་སྐར་མ་ལྟར་སོང་བས་ན། རིས་མེད་ཀྱི་བསྟན་པ་ལ་གད་ཆག་ཆེན་པོ་བྱུང་བ་ནི་གཟུར་གནས་ཡིན་ན་སེམས་པ་གཏིང་ནས་སྐྱོ་དགོས་པའི་གནས་སུ་མཐོང་ངོ་། ། དེར་མ་ཟད་ཞེན་པའི་དབང་གིས་རང་ཕྱོགས་ཁོ་ནའི་ཁྱད་ཆོས་བཟང་རབས་ལ་ནན་ཏན་བྱས་ནས། གཞན་ཕྱོགས་པའི་ལྟ་བ་ཆ་མ་ཚང་རབས་དང་། རང་ཕྱོགས་ནི་འཁྲུལ་བྲལ་ཡིན་རབས་དང་། གཞན་ཕྱོགས་ནི་རང་བཟོ་ཡིན་རབས་བཤད་པ་སོགས་ཆོས་སྤོང་གི་ལས་ལ་ཞུགས་ཏེ་རིས་མེད་མཐུན་ལམ་ལ་གནོད་ཚབ་ཆེ་བའི་སྐྱོ་གནས་མང་དུ་བྱུང་ངོ་། ། དོན་དངོས་ལ་ཆོས་བརྒྱུད་རིས་མེད་ཀྱི་གཞུང་ལུགས་དང་ཉམས་ལེན་ལ་ཞིབ་མཇལ་བྱས་ན། བརྒྱ་ཆ་དགུ་བཅུ་ནི་གཅིག་པ་གཅིག་རྐྱང་བཤུས་པ་ལྟར་ལས་མེད་པ་ཁོ་བོས་མི་ལོ་སུམ་ཅུ་ལྷག་དཔྱད་ཟིན་པས་ཐག་ཆོད་པ་བྱུང་། ད་དུང་བརྒྱ་ཆ་ལྔ་ཙམ་ནི་གཅིག་མཚུངས་སུ་བསྒྲིག་ནུས་པ་མཐོང་བས་དེའི་སྐོར་གྱི་དེབ་གཅིག་རྩལ་འདོན་བྱ་འདོད་ཡོད་ལ། དེའི་ལྷག་མ་བརྒྱ་ཆ་ལྔ་ཙམ་ནི་ཕྱོགས་གཅིག་ཏུ་བསྒྲིག་མི་རུང་སྟེ། མཁས་གྲུབ་གོང་མ་སོ་སོའི་རྩ་རླུང་དང་གདུལ་བྱའི་མོས་ཁམས་མི་འདྲ་བས་ན། ཐམས་ཅད་གཅིག་པར་བཙོན་གྱིས་བསྒྲིག་ན་དགོས་པ་ལས་དགག་བྱ་ཆེ་བས་སོ། ། དེས་ན་གནད་འདི་ཐུགས་ལ་བཞག་ནས་སོག་པོ་དང་རྒྱ་ནག་གོང་མ་འགའ་རེས་བོད་དུ་ཆོས་བརྒྱུད་གཅིག་ལས་མེད་པར་བཟོ་འདོད་བཏོན་ཀྱང་། རིས་སུ་མ་ཆད་པའི་པའི་ཁྲོད་ནས་གོང་མ་ལ་དེ་ལྟར་མི་བྱ་བའི་དགག་དགོས་ལ་ནན་ཏན་མཛད་མཁན་བྱུང་སྟེ། དཔེར་ན་འགྲོ་མགོན་ཆོས་འཕགས་དང་ཀརྨ་པ་ལྔ་བ། གཞན་ཡང་རྒྱལ་བ་པཎ་ཆེན་དང་ལྕོང་སྐྱ་སོགས་འགྲོ་བའི་ཁམས་མོས་ལ་བསྟུན་དགོས་གསུང་མཁན་མང་དུ་བྱུང་ངོ་། ། དེ་དག་ནི་དུས་རབས་འདིར་ཉེན་ཁ་ཆེ་བའི་འཇུག་ལྡོག་ཇི་དགོས་ཀྱི་བསླབ་བྱ་དངོས་མ་དེ་ཡིན་ལ། མདོར་ན། དང་པོར་རང་གིས་མ་བཞག་ན། །ཐ་མར་གཞན་གྱིས་མི་བཞག ། ཅེས་པའི་དཔེ་ལྟར། དེང་སང་ལའང་ཞེན་པས་བཅིངས་པའི་མི་ཤེས་པ་འགའ་ཞིག་གིས་ཚད་མི་ཤེས་པའི་གཏམ་བཤད་དང་ཡིག་བྲིས་འཕེལ་བས་ན། དེ་དག་འཇོམས་པའི་ཆེད་དུ་གུས་པ་ནས་ཀྱང་བདེན་དོན་གྱི་ཡིག་རིགས་འགའ་ཞིག་བཏོན་དགོས་པ་བྱུང་། འོན་ཀྱང་དེ་དག་ནི་ཆོས་བརྒྱུད་མཐུན་ལམ་ལ་སྟོར་གཤིག་གཏོང་མཁན་མི་ཤེས་ཤེས་མདོག་ཅན་ལ་བརྡ་སྟོན་པ་ཙམ་ལས། དོན་དངོས་ནི་བོན་ནས་བཟུང་སྟེ་དགེ་ལྡན་པའི་བར་གྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་མཁས་གྲུབ་གོང་མ་བརྒྱུད་པ་དང་བཅས་པའི་ལུགས་རྣམས་ལ་ཤེས་ནས་དད་པ་ནི་རྣམ་པར་ཐག་པའི་མདོ་དང་སྦྱར་ནས་བྲིས་པ་དེས་ཤེས་ལ། དེ་དག་ཀྱང་ཁ་ཞེན་གཉིས་མེད་ཡིན་པ་ནི་སངས་རྒྱས་དང་བྱང་སེམས་བདག་ཉིད་ཆེན་པོ་རྣམས་དཔང་དུ་ཡོད་དོ། ། དོན་བསྡུས་ན་སྒྲུབ་ཕྱོགས་ནས་ཆོས་བརྒྱུད་རང་རང་གི་སྐབས་བབ་ལ་བཤད་སྒྲུབ་ནན་ཏན་གཞིར་བྱས། ཆོས་བརྒྱུད་གཞན་གྱི་ལེགས་ཆ་ལའང་སློབ་སྦྱོང་དང་ཉམས་མྱོང་གསོག ། གཞན་གྱི་བཞེད་པ་ཐུན་མོང་མིན་པའི་ཁུངས་ལུང་ལའང་རྒྱུས་ལེན་བྱེད། གལ་ཏེ་མི་མཐུན་པའི་སྐབས་མཐོང་ནའང་སྒྲུབ་བྱེད་ཀྱི་ཁུངས་ལུང་སྤེལ་རེས་བྱེད་པ་ལས་ཞེན་པའི་དབང་གིས་རང་ཕྱོགས་བསྟོད་བསྔགས་ཚད་ལས་བརྒལ་བར་མི་བྱ། གཞན་ཕྱོགས་ཀྱི་མཛད་འཕྲིན་དང་ལེགས་བཤད་ལ་ཡི་རང་བསྟོད་བསྔགས་ལ་བརྩོན་པ་དང་མཐུན་འགྱུར་བྱེད་པ་ལས་ཕྲག་དོག་གིས་ཚིག་ངན་མི་ཤོར་བ་ལ་ནན་ཏན་བྱ། འདི་དག་ནི་ཆོས་བརྒྱུད་མཐུན་ལམ་འབྱུང་རྐྱེན་ཁ་རྩར་དགོས་ཐུག་ཡིན་ནོ། །

             འདི་ལས་འོང་བའི་རྣམ་དཀར་ལེགས་བྱས་མཐུས། །རིས་མེད་ཆོས་བརྒྱུད་མ་ལུས་འདུམ་པ་དང་། །ཕན་ཚུན་དག་སྣང་ནོར་བུའི་འོད་འཕྲོ་སྟེ། །རྩོད་མེད་མཁའ་ཁྱབ་འགྲོ་བའི་དཔལ་གནས་ཤོག ། ཅེས་པ་འདི་ནི་རིས་མེད་ཆོས་བརྒྱུད་ཚོགས་པས་དགེ་ལྡན་ཕྱོགས་ནས་ཆོས་བརྒྱུད་རིས་མེད་གནང་མཁན་ཇི་ལྟར་བྱུང་ལུགས་ཀྱི་ལོ་རྒྱུས་མདོར་ཙམ་དགོས་པའི་བསྐུལ་མར་བྱུང་བ་ལྟར། དགེ་ལྡན་གྱི་ཕྱོགས་ནས་ཀྱང་རྩོམ་པ་པོ་རྣམས་ཀྱིས་གུས་པ་ལ་རྩོམ་བསྐུལ་གྱི་རྐྱེན་པས། རང་ངོས་ནས་ཀྱང་རིས་མེད་མཐུན་ལམ་ནི་བསྟན་པའི་གཞི་རྩར་མཐོང་ཞིང་། ཁྱད་པར་དུ་ལོ་རྒྱུས་དངོས་བྱུང་གི་ཁུངས་ལྟར་ཆོས་བརྒྱུད་སོ་སོའི་ངོས་ནས་ཀྱང་བཏོན་ཐུབ་ན། དེ་ནི་ཕན་ཚུན་དག་སྣང་དང་དད་གུས་འཕེལ་བའི་རྐྱེན་གྱི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཡིན་སྙམ་ནས། བོད་རབ་གནས་ཤིང་མོ་ལུག་ལོའི་ཕུག་ལུགས་ས་ཟླའི་ཡར་ཚེས་བརྒྱད་མེ་གཉིས་འཕྲད་པའི་དགེ་བར་ལྷ་རམས་ངག་གི་དབང་ཕྱུག་རིན་ཆེན་དངོས་གྲུབ་པས་རིས་མེད་ལ་དག་སྣང་མེ་ལྟར་འབར་བའི་ངང་འཕགས་ཡུལ་ནུབ་བྱང་ཛ་ལན་དྷ་རའི་ཉེ་འགྲམ་དུ་སྦྱར་བའོ། །

 

                                              རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས། 
                  རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                    དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།