ཀ (3)རྗེ་རིན་པོ་ཆེའི་གསང་བའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས་ཆ་ཤས་ཉུང་ངུ་ཞིག་ཡོངས་སུ་བརྗོད་པའི་གཏམ་རིན་པོ་ཆེའི་སྙེམ་བཞུགས། །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2019-11-18 12:45:03     རྩོམ་པ་པོ།   དགེ་ལེགས་དཔལ་བཟང་།    ཀློག་ཐེངས།  

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དང་དབྱེར་མ་མཆིས་པ་དེའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་གཟུང་དུ་གསོལ།2རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནི། །འགྲོ་འདིའི་བསོད་ནམས་དཔལ་འབྱོར་ལས། །མགོན་ཁྱོད་གཟུགས་ཅན་བཞིན་གྱུར་པ། །སྐྱེ་དགུའི་ཉེར་འཚོ་རྒྱལ་གྱུར་ཅིག །ཀུན་ལ་ཐུན་མོང་བ་ཉིད་དུ། །བསྙད་པར་བགྱི་བའི་ཕུལ་བྱུང་གཏམ། །ཁྱོད་ཀྱི་མཛད་པ་ལས་བརྩམས་ནས། །བདག་གིས་འབད་དེ་གཞན་དུ་བསྒྲགས། །འོན་ཀྱང་སླར་ནི་གསང་བ་ལས། །ཤིན་ཏུ་གསང་བའི་རིན་ཆེན་གཏེར། །མཐུ་ཆེན་གྱིས་ཀྱང་བསམ་དཀའ་བ། །ངོ་མཚར་བླ་ན་མེད་པའི་གཏམ། །མགོན་ཁྱོད་ཞལ་གྱི་བུམ་བཟང་ལས། །དགྱེས་བཞིན་སྩལ་བའི་བདུད་རྩིའི་རྒྱུན། །བདག་བློ་དད་པའི་སྙིམ་པ་ཡིས། །གཅེས་པར་གཟུང་བ་དེ་ཉིད་ཀྱིས། །སྐལ་བཟང་དད་པ་བརྟན་པོ་ཅན། །ཐེག་པ་མཆོག་གི་བཤེས་གཉེན་ལ། །སྙིང་ནས་གུས་པའི་བརྟུལ་ཞུགས་ནི། །རབ་ཏུ་བླང་བ་འགའ་ཡི་ཆེད། །བདུད་རྩིའི་བགོ་སྐལ་འདི་སྦྱིན་གྱིས། །སྐལ་བཟང་དད་པའི་ལུས་མཛེས་མ། །འདུན་ལྡན་རི་དྭགས་མིག་ཅན་གྱིས། །རྣ་ལུང་མཛེས་བྱེད་རྒྱན་འདི་ལོངས། །དེ་ཡང་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་ཙོང་ཁ་པ་ཆེན་པོ་ཞེས་འཇིག་རྟེན་གསུམ་ན་རྣམ་པར་དཀར་བའི་སྙན་པའི་བ་དན་གཡོ་བ་དེའི་རྣམ་པར་ཐར་པ་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་ལས་ཐུན་མོང་དུ་ཡོངས་སུ་བསྒྲག་པར་བྱ་བ། ཕུལ་དུ་བྱུང་བའི་དམ་པའི་སྤྱོད་པ་ངོ་མཚར་བ་དག་ནི་བདག་གིས་ཕྱོགས་གཞན་དུ་བརྗོད་ཟིན་ལ། དེ་ལྟ་ནའང་ཐུན་མོང་མ་ཡིན་པའི་རྣམ་པར་ཐར་པ་སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་བླ་ན་མེད་པ་བློ་མཆོག་ཏུ་གྱུར་པ་དག་གིས་ཀྱང་བསམ་པར་བྱ་དཀའ་བ་བགྲང་བ་ལས་འདས་པ་ཞིག་མངའ་བ་ལས། སྐལ་བ་དང་ལྡན་པ་དག་ལ་ཅུང་ཟད་ཙམ་ཞིག་བསྒྲག་པར་རྗེས་སུ་གནང་བ། བདག་གིས་ཕྱོགས་ཙམ་ཞིག་བློ་ལ་ངེས་པ་གང་ཡིན་པ་དེ་འདིར་བརྗོད་པར་བྱའོ། །དེ་ལ་བླ་མ་དབུ་མ་པ་དང་མཇལ་བ་ཡན་ཆད་ཀྱི་རྣམ་པར་ཐར་པ་ནི་ཐུན་མོང་བར་བརྗོད་ཟིན་པ་ལྟར་རོ། །བླ་མ་དབུ་མ་པ་དེ་ཡང་སྐུ་ཚེ་དཔག་ཏུ་མེད་པའི་སྔ་རོལ་ནས་ཚོགས་གཉིས་རྒྱ་ཆེན་པོ་བསགས་ཤིང༌། ཁྱད་པར་དུ་སྐུ་ཚེ་ལན་གྲངས་མང་པོར་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་མཐུས། སྐུ་ཚེ་འདིར་བསྙེན་སྒྲུབ་སོགས་ལ་འབད་པ་ཆེར་མ་མཛད་པར་ཡང༌། བྱིས་པ་གཞོན་ནུའི་དུས་ཉིད་ནས་མདོ་ཁམས་སུ་ཕྱུགས་རྫི་མཛད་པའི་ཚེ། ལུས་ཀྱི་ཁོང་པའི་ནང་སྙིང་གི་ཐད་ཙམ་ནས། ཨ་ར་པ་ཙ་ནའི་སྔགས་ཀྱི་སྒྲ་འུར་འུར་བ་འོང་ཞིང༌། དེ་བྱུང་རེས་ཀྱིས་ལུས་ཀྱི་སྤུ་ཟིང་བྱེད་ཅིང༌། ཐུགས་བཟུང་མི་ཐུབ་པ་འདྲ་བ་འོང་བ་ཞིག་ཡོད་དེ། ལན་ཅིག་དེ་ལྟ་བྱུང་བས་རྐྱེན་བྱས་ནས་བརྒྱལ་བར་གྱུར་ཅིང་། བརྒྱལ་བ་སངས་པ་དང༌། མདུན་ན་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་ནག་པོ་ཞིག་འདུག་པ་དངོས་སུ་གཟིགས་པའི་སྣང་བ་བྱུང༌། དེ་རྗེས་རྗེས་གནང་དང་སྒྲུབ་པའི་ལུང་གསན་ནས། བསྙེན་སྒྲུབ་ལ་ཤིན་ཏུ་འགྲུས་པར་མཛད་པས་རྣམ་པར་ཐར་པ་ཐུན་མོང་བར་བསྙད་པ་ལྟར་སྐུ་དང་གསུང་གི་སྣང་བ་རྒྱུན་ཆགས་སུ་འོང་བ་ཞིག་ཡོད་པར་སྣང༌། རྗེ་རིན་པོ་ཆེ་འདིས་གཙང་རོང་དུ་ཁོང་དང་མཇལ་ནས།བླ་མ་དབུ་མ་པས་ལོཙྪ་བ་མཛད། རྗེ་འདིས་འདྲི་བ་པོ་མཛད་ནས། རྗེ་བཙུན་འཇམ་པའི་དབྱངས་ལ་ཆོས་ཀྱི་དྲི་བ་མང་དུ་མཛད། ཁྱད་པར་དུ་དབུ་མའི་ལྟ་བ་འདི་མ་བཙལ་ན་ལམ་གྱི་སྲོག་མི་རྙེད་བཙལ་ཀྱང་ཤིན་ཏུ་རྙེད་དཀའ་ཞིང༌། ཕྱིན་ཅི་ལོག་ཏུ་བཟུང་ན་གོལ་ས་དང་ཉེས་དམིགས་གཞན་ལས་ཀྱང་ཆེ་བར་འཕགས་པ་ཡབ་སྲས་ཀྱིས་གསུངས་འདུག་པས། འདི་ཉིད་འབའ་ཞིག་ཡིད་ལ་གཅགས་པའི་ཐུགས་ཀྱི་བཞེད་པ་རྟག་ཏུ་རྒྱུན་ཆགས་པའི། དེ་ཁོ་ན་ཉིད་ཚོལ་བ་ལ་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་དང་འདྲ་བར་ཡོད་པས། དེའི་ཚེ་ཡང་རྗེ་བཙུན་ལ་ལྟ་བའི་དྲི་བ་རང་ཤས་ཆེར་མཛད། དེ་དུས་དེད་ཀྱི་ལྟ་བ་འདི་ཐལ་རང་གང་ཡིན་ཞུས་པས། གང་ཡང་མིན་གསུངས། དེ་དུས་རྗེ་འདིའི་ཐུགས་ལ་ཡང་ཁས་ལེན་ཅི་ཡང་མེད་ཅིང༌། གང་དུའང་བཟུང་མི་ཉན་པར་ལྟ་བ་ད་ཐུགས་ལ་བདེ་བ་ཙམ་ཡོད་པར་འདུག་གོ །དེ་ནས་ལྟ་བའི་སྐོར་ལ་དྲི་བ་དང༌། བརྒལ་བརྟག་མང་དུ་མཛད་པས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་ནས། སྣང་ཕྱོགས་དང་སྟོང་ཕྱོགས་ལ་ཉེ་རིང་གཏན་ནས་བྱེད་མི་ཉན། ཁྱད་པར་སྣང་བ་ལ་གཙིགས་སུ་བྱེད་དགོས་ཞེས་ཡང་ཡང་གསུང༌། ཕྱིས་དགའ་བ་གདོང་དུ་བཞུགས་དུས་ཀྱང་དེ་འདྲ་བ་མང་དུ་བྱུང་སྟེ། མདོར་ན་ཐ་སྙད་ཚད་མས་གྲུབ་པ་བཞག་ས་མེད་པར་འཁྲུལ་ངོ་ཙམ་ལ་བསྙད་ནས་གཞན་ངོར་འཇོག་པ་མ་གཏོགས།རང་ལུགས་ལ་གང་ཡང་བཞག་ས་མེད་པར་ལས་འབྲས་ལ་སྐུར་འདེབས་ཀྱི་ཆད་ལྟ་ཆེན་པོ་ལ་དབུ་མའི་ལྟ་བ་མཆོག་ཏུ་འཛིན་པ་དེ་ཉིད་འགོག་པའི་ཆེད་དུ། རྗེ་བཙུན་གྱིས་ནན་ཏུར་ཆེ་བར་མཛད་དོ། །དེ་ལྟར་དྲི་བ་དང་བརྒལ་བརྟག་མང་དུ་མཛད་པའི་སྐབས་སུ་རྗེ་བཙུན་གྱིས་ཐལ་རང་གི་ཁྱད་པར། ལྷན་སྐྱེས་དང་ཀུན་བརྟགས་ཀྱི་བདག་འཛིན་གཉིས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དང༌། རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ལྟ་བ་རྟོགས་པའི་ཚད། ཐལ་འགྱུར་བའི་ལྟ་བ་འདིའི་ལུགས་ཀྱིས་ཀུན་རྫོབ་རྣམ་པར་འཇོག་པའི་ཚུལ་ལ་སོགས་པ་རྣམས་ཀྱི་དཔྱད་པ་ཞིབ་ཏུ་མཛད་པའི་ས་བོན་ཤིན་ཏུ་འདྲིལ་བ་རེ་དང༌། སྔགས་མཚན་ཉིད་ཀྱི་ལམ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་ཁྱད་པར་དཔལ་གསང་བ་འདུས་པའི་རིམ་པ་ལྔའི་ངོ་བོ་དང༌། གོ་རིམ་གྲངས་ངེས་ལ་སོགས་པ་རྣམས་ཀྱི་གནད་ཐུན་མོང་མིན་པ་ཤིན་ཏུ་འདྲིལ་བ་རེ་གསུངས། མི་གོ་བ་འདུག་ལགས་ཞུས་པས། འདི་རྣམས་མ་བརྗེད་པར་གྱིས་མ་ཟིན་བྲིས་སུ་བྲིས། བླ་མ་དང་ཡི་དམ་ཐ་མི་དད་དུ་བྱས་པ་ལ་གསོལ་བ་འདེབས་ཤིང་བསྙེན་སྒྲུབ་བྱེད་པ་དང༌། བསག་སྦྱང་གཉིས་ལ་ལེགས་པར་འབད་པ་དང༌། གཞུང་ལུགས་ཀྱི་དོན་ལ་རིགས་པས་རྣམ་པར་དཔྱོད་ཅིང་ཞིབ་ཏུ་སེམས་པ་རྣམས་སུམ་སྒྲིལ་དུ་ཉམས་སུ་ལོང་ལ་ཚིམ་མ་སླ་བར། རྒྱུན་བསྲིངས་ལ་ལེགས་པར་དཔྱོད་ཅིག་དང༌། སྐབས་སུ་བབས་པ་ན། ངས་ད་ལྟ་ས་བོན་བཏབ་པ་འདི་རྣམས་ཀྱིས་ཀྱང་རྐྱེན་བྱས་ནས་ལེགས་པར་གོ་བ་ཞིག་མྱུར་དུ་འོང་བར་འདུག་ཅེས་གསུང་ངོ༌། །འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས་རྩད་གཅོད་པའི་བླ་མ་བོད་ན་སུ་དྲག་ཞུས་པ་ལ། རེད་མདའ་པ་ལས་དྲག་པ་མེད།འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པ་ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ། དབུ་མ་པས་ལོཙྪ་བྱས་ནས་ངས་ཁྱོད་ལ་བཤད་ན་དེ་ག་དྲག་པ་འོང་ནའང༌། ཁོང་ཡང་མྱུར་དུ་མདོ་ཁམས་ལ་འགྲོ་དགོས་པར་སྣང༌། དེས་ན་ད་ལྟ་ནས་བཤད་པ་མ་བྱེད་པར་བྱ་བྲལ་གྱིས་ལ་དབེན་པ་སྟེན། གོང་དུ་བཤད་པ་ལྟར་སུམ་སྒྲིལ་དུ་ཉམས་སུ་ལེན་པ་དང༌།དམིགས་རྣམ་སྐྱོང་བ་སོགས་ལ་ལེགས་པར་འབོད་དང༌། རིང་པོར་མི་ཐོགས་པར་དེ་རྣམས་ཀྱི་དོན་རྙེད་པར་འགྱུར་རོ། །ཞེས་གསུང་ངོ༌། །གཞན་ཡང་ཆོས་ཀྱི་གནད་དང་གཞུང་གང་ལ་བརྟེན་ནས་ཚོལ་བ་སོགས་གསུངས་པ་ལ་ཚད་མེད། རྒྱ་གར་གྱི་པཎྜི་ཏ་མཁས་པ་རྣམས་ལའང་འགའ་ཞིག་གི་གཞུང་ལ་འཁྲུལ་མེད་རང་འབའ་ཞིག་ཏུ་བཟུང་མི་ཉན་པའི་དམིགས་བསལ་རེ་ཙམ་ཡང་བྱུང་བས། འོ་ན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་རང་འབའ་ཞིག་ཏུ་བཟུང་བས་ཨེ་ཆོག་ཞུས་པས། ཟླ་བ་གྲགས་པ་ནི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་ཞིང་ཞིག་གི་དེ་བཞིན་གཤེགས་པ་ཞིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་དང་སྙིང་སྟོབས་མཆོག་ཏུ་གྱུར་བ་ཞིག །ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས། བསྟན་པའི་སྙིང་པོ་གསལ་བར་བྱ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཟུང་བ་ཡིན་པས། འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་བ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་པ་ཕྲ་མོ་ཙམ་ཡང་མེད་པས། འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་བཟུང་དགོས་པ་ཡིན་ནོ། །ཞེས་གསུང་ངོ༌། །བླ་མ་དབུ་མ་པས་རྗེ་བཙུན་འཇམ་པའི་དབྱངས་ལ། རྗེ་རིན་པོ་ཆེ་འདིའི་སྐུ་སྐྱེ་སྔ་ཕྱི་སོགས་ཀྱི་ཞུ་བ་མཛད་པས། སྔོན་སངས་རྒྱས་འཇིག་རྟེན་ན་བཞུགས་པའི་དུས་སུ་བླ་མ་འདི། རྒྱ་གར་དུ་བྲམ་ཟེའི་ཁྱེའུ་ཞིག་ཏུ་འཁྲུངས།དེའི་ཚེ་དགེ་སློང་གི་ཆ་ལུགས་འཛིན་པའི་བྱང་ཆུབ་སེམས་དཔའ་མོས་པའི་བློ་གྲོས་ཞེས་བྱ་བ་དང་མཇལ་ནས། དེ་ཉིད་མཉེས་པར་བྱས་ཤིང་ཞབས་འབྲིང་དུ་འབྲངས།ཆོས་མང་དུ་གསན། དེས་ཁྲིདདེ་སྟོན་པ་ཤཱཀྱ་ཐུབ་པའི་ཞབས་དྲུང་དུ་མཇལ་ཞིང་སེམས་བསྐྱེད། དེའི་ཚེ་སྟོན་པ་ལ་ཤེལ་དཀར་པོ་དྲི་མ་མེད་པ་བརྒྱ་རྩའི་ཕྲེང་བ་ཞིག་དད་པ་ཕུལ་ནས། སྨོན་ལམ་བཏབ་པས་སྟོང་པ་ཉིད་ཀྱི་ལྟ་བ་ཕྱིན་ཅི་མ་ལོག་པར་རྟོགས་པའི་ས་བོན་བཞག་པ་ཡིན། ད་སྐུ་སྐྱེ་འདིའི་ཕྱི་མ་ལ་དགའ་ལྡན་དུ་རྒྱལ་བ་མ་ཕམ་པའི་ཆོས་ཀྱི་མདུན་སར་ཐེག་པ་ཆེན་པོའི་འབྱོར་པ་དཔག་ཏུ་མེད་པ་ལ་ལོངས་སྤྱོད་པར་འགྱུར་ཞིང༌། མཚན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་སྙིང་པོ་ཞེས་བྱ་བར་འགྱུར་རོ། །ཞེས་ཟེར་རོ། །དེའི་ལོ་རྒྱུས་སྐུ་མདུན་དུ་ཞུས་དུས། འདིའི་ཕྱི་མ་དགའ་ལྡན་དུ་འགྲོ་བ་འདི་ལ་རང་བླ་མ་དབུ་མ་པ། བླ་མ་ཕྱག་རྡོར་བ་སོགས་མང་པོ་ཞིག་ཁ་འཆམ་པར་འདུག །ཅེས་གསུང་ངོ༌། །གཞན་ཡང་ཉམས་སྣང་བ་ལ་སོགས་པ་མང་པོས་རྗེ་བླ་མ་འདིའི་སྐུ་སྐྱེ་སྔ་ཕྱི འི་སྐྱེས་རབས་སོགས་མང་པོ་ཞིག་གླེང་བ་ནི། བླ་མ་ཉིད་ཀྱི་ཞལ་སྔ་ནས་ཐུགས་ངེས་མི་མཛད་པར་འདུག་པས་མ་བྲིས་སོ། །དེ་དུས་རྗེ་རང་ཡང་ཅུང་ཟད་འཆད་ཉན་ལ་ཐུགས་བཞེད་ཚེ། བླ་མ་དབུ་མ་པ་ཡང་དེ་དང་མཐུན་པས་སྐུའི་ན་ཚོད་ཤིན་ཏུ་གཞོན་ཞིང༌། མཁྱེན་རབ་དང་ཕན་ཐོགས་ཤིན་ཏུ་ཆེ་བ་འདི་འདྲ་བ་ལ། ད་དུང་བཤད་ཉན་ངོས་མཛད་ན་བསྟན་པ་ལ་ཕན་ཐོགས་ཤིན་ཏུ་ཆེ་ཞིང༌།འཆད་ཉན་འཕེལ་པོ་འདི་འདྲ་བའི་འཕྲོ་ལ་བྱ་བྲལ་ལ་བྱོན་ན། ངེད་ལའང་སྐྱེ་བོ་རྣམས་ཀྱིས་ཁ་ཟེར་དུ་འོང་བས་ན། རེ་ཞིག་འཆད་ཉན་མཛད་པས་ཆོག་པ་ཞིག་འཚལ། ཞེས་ཞུས་པས་རྗེ་བཙུན་གྱི་ཞལ་ནས། བསྟན་པ་དང་སེམས་ཅན་ལ་གང་ཕན་ཁྱོད་ཀྱིས་མི་ཤེས། ཁ་ཟེར་བ་ལ་བཟོད་པ་སྒོམས། དབེན་པ་བསྟེན་ནས་ཐུགས་དམ་མ་བྱས་ན་སྐུ་ཚེ་རིང་པོ་མི་འོང༌། ཕན་ཐོགས་ཀྱང་ལྟར་སྣང་ཞིག་ལས་མི་འོང་བས་བྱ་བྲལ་ལ་ཕྱིན་པ་འཐད་ཅེས་གསུང་ངོ༌། །སྐྱི་ཤོད་དགའ་བ་གདོང་དུ་བླ་མ་དབུམ་པ་དང་དཔོན་སློབ་གཉིས་པོ་ལས་མེད་པའི་སྐུ་མཚམས་དམ་པོ་བཅད། གཉིས་པོའང་གཟིགས་ཁང་སོ་སོར་མཛད་ནས་གསོལ་ཇ་སོགས་ལ་འཚོག་པར་མཛད་ཅིང༌། གསོལ་ཇ་བཞེས་པའི་སྐབས་སུའང་བླ་མ་དབུ་མ་པས་ལོཙྪ་མཛད་ནས། རྗེ་བཙུན་ལ་ཆོས་མང་དུ་གསན་ཅིང་དྲི་བ་དཔག་ཏུ་མེད་པ་མཛད། དེ་དུས་ཐོག་མར་བླ་མ་དབུ་མ་པ་ལ་རྗེ་བཙུན་གྱིས་གནང་བའི་ཞི་གནས་ཀྱི་དམིགས་པ་གསན་ནས་སྒོམ་གྱིན་ཡོད་པ་ལ། དོ་ཞག་རང་འདི་ལས་ཀྱང་རྗེ་བཙུན་ཉིད་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་བྱས་ན་དེ་ངོས་དོན་ཆེ་བ་འདྲ་དགོངས་ནས། བླ་མ་དབུ་མ་པ་ལ་དེ་ལྟར་ཞུས་པས་དེ་བཞིན་མཛད་པས་ཁྱབ་ཅེས་གསུངས་ནས། ཉིན་མཚན་དུ་བླ་མ་དང་རྗེ་བཙུན་ཐ་མི་དད་དུ་བྱས་པ་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་མཛད་པས། ཞག་མང་པོ་མ་སོང་བ་ལ་ཉིན་གཅིག །དཀྱིལ་འཁོར་གྱི་ལྟེ་བའི་རྒྱ་ཁྱོན་འཚམ་པ་ཞིག་ཁ་དོག་རྒྱ་མཐིང་བཟང་པོས་ལེགས་པར་བྱུགས་པ་འདྲ་བ་ལ། ཤིན་ཏུ་དྭངས་པ། ལྟ་བས་ཆོག་མི་ཤེས་པ་ཞིག་གི་དབྱིབས་ཤིན་ཏུ་ཟླུམ་པོར་འདུག་པའི་མཐའ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ལྔ་པ་འཇའ་ཚོན་ལྟ་བུའི་དྲ་བས་འཁྲིགས་པའི་དབུས་ཀྱི་ལྟེ་བ་སྔོན་པོ་དེའི་རྒྱ་ཁྱོན་དང་འཚམ་པར་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་པའི་འཇམ་པའི་དབྱངས་ཨ་ར་པ་ཙ་ན་གུར་ཀུམ་གྱི་མདོག་ཅན། ལྟ་བས་ཆོག་མི་ཤེས་པ་ཞིག་གི་སྐུའི་སྣང་བ་དངོས་སུ་གཟིགས།དེ་བླ་མ་དབུ་མ་པ་ལ་མ་ཞུས་ཀྱང༌། བླ་མ་དབུ་མ་པ་ན་རེ། ཁྱེད་རང་ལའང་སྐུའི་སྣང་བ་ཡོད་པ་འདྲ་གསུངས་ནས་ཐིགས་བྱུང༌། དེ་འདྲ་བའི་སྐུའི་སྣང་བ་དེ་ནམ་འདོད་རེས་ཀྱིས་གསོལ་བ་བཏབ་པའི་དུས་ཕལ་ཆེ་བར་དངོས་སུ་ནར་མར་འབྱུང་བ་ཞིག་དེ་ནས་བརྩམས་ཏེ་ད་ལྟའི་བར་དུ་རྟག་པར་ཡོད། ཅེས་གསུང༌ངོ་། །དེ་ཡང་རྗེ་རིན་པོ་ཆེ་འདིས། རྗེ་བཙུན་འཇམ་པའི་དབྱངས་དཔའ་གཅིག་དང༌། བླ་མེད་ལ་སོགས་པ་རྣམས་དང༌། བཀའ་སྡོད་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་ནང་གསང་གསུམ་ལ་སོགས་པ་རྣམས་ཀྱི་རྗེས་གནང་དང་བྱིན་རླབས་ཏིང་ངེ་འཛིན་གྱི་དབང་བཞི་སོགས་ནི་བླ་མ་དབུ་མ་པས་ལོཙྪ་མཛད་ཅིང༌། རྗེ་བཙུན་འཇམ་པའི་དབྱངས་རང་ཉིད་ལ་གསན་ལ།དེ་ཡང་དཔའ་གཅིག་གི་རྗེས་གནང་མཛད་པའི་རིང་ལ་རྗེ་བཙུན་ཡང་དཔའ་བོ་གཅིག་པ་རང་གི་སྐུའི་རྣམ་པར་ཡོད་པ་ལ། ནང་སྒྲུབ་དང་གསང་སྒྲུབ་སོགས་ཀྱི་དབང་མཛད་པའི་ཚེ། དཔའ་བོ་གཅིག་པ་དེ། དེ་མ་ཐག་ཡབ་ཡུམ་ཞལ་སྦྱོར་གྱི་རྣམ་པར་འགྱུར་འགྲོ་བ་དང༌། ཆོས་སྐྱོང་གི་རྗེས་གནང་མཛད་པའི་སྐབས་སུ་དེ་མ་ཐག་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུའི་རྣམ་པར་གྱུར་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་བཀའ་བསྒོ་བར་མཛད་པ་ལ་སོགས་པ་དེ་འདྲ་བའི་རྣམ་འཕྲུལ་ངོ་མཚར་བ་སྟོན་པ་ཡོད་པར་འདུག །དེ་ནས་རྗེ་བཙུན་གྱིས་བླ་མ་དབུ་མ་པ་ལ་གནང་བའི་ལས་ཚོགས་དང་དམིགས་པ་སྐྱོང་བའི་རིམ་པ་སོགས་མང་པོ་ཞིག་གི་ལུང་ནི་བླ་མ་དབུ་མ་པ་ཉིད་ལ་གསན་ནོ། །ད་ནས་སྒྲུབ་པ་ལ་འབྱོན་པའི་ཐུགས་ཐག་བཅད། འཁོར་ཇི་ལྟ་བུ་འཁྲིད་རྗེ་བཙུན་ལ་ཞུས་པས། ཐུན་མོང་བར་བྲིས་པའི་བརྒྱད་པོ་དེ་འཁྲིད་པའི་གནང་བ་བྱུང༌། དེ་ནས་བླ་མ་དབུ་མ་པ་མདོ་ཁམས་ལ་འབྱོན་པའི་སྐྱེལ་མར་ལྷ་སར་བྱོན་དུས།ད་དཔོན་སློབ་རེ་ཞིག་མི་མཇལ། གནས་བྱིན་རླབས་ཅན་འདིར་རྗེ་བཙུན་ལ་གསོལ་བ་བཏབ། ཉམས་ལེན་གྱི་གནད་བསྡུས་པའི་གདམས་པ་ཞིག་ཞུས་པ་དྲག་ཅེས་བཀའ་བགྲོས་ནས། ལྷ་སའི་ཐོག་སྟེང་མ་རང་གི་ལྷོ་ཕྱོགས་ཀྱི་གསེར་ཕུབས་ཀྱི་བྱ་འདབ་འོག་དེར་མཆོད་པ་བཤམས། གསོལ་བ་དྲག་ཏུ་བཏབ་པས། རྗེ་བཙུན་གྱི་ཉམས་ལེན་གྱི་གནད་བསྡུས་པའི་ཚིགས་སུ་བཅད་པ་འགའ་ཞིག་གསུངས། རྗེ་བླ་མ་འདིས་དེ་ཀའི་དུས་སུ་གསུང་རིམ་བཞིན་ཡི་གེར་བཀོད་འདུག་གོ །དེ་ནས་ཐུན་མོང་བར་བཀོད་པ་ལྟར་སྒྲུབ་པ་ལ་བྱོན། འོལ་ཁའི་ཆོས་ལུང་དུ་ཕེབས། དགུན་དཔྱིད་རྣམས་དཔོན་སློབ་ཐམས་ཅད་ཀྱིས་གཙོ་བོར་བསག་སྦྱང་ལ་ཐུགས་དམ་གྱི་མཐིལ་དུ་མཛད་པའི་སྐབས་སུ། རྗེ་འདིས་ལྟུང་བཤགས་དང༌། བརྒྱ་ཕྱག་སྦྲགས་ནས་མཛད་རེས་ཀྱིས་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུའི་སྣང་བ་དངོས་སུ་གཟིགས་པ་ནར་མར་བྱུང༌།དེའི་ཚེ་རྗེ་བཙུན་བྱམས་པ་མགོན་པོ་སྐུ་གསེར་བཙོ་མའི་ཁ་དོག་ལྟ་བུ་ལ་རིན་པོ་ཆེའི་རྒྱན་དང་ཆོས་འཆད་ཀྱི་ཕྱག་རྒྱས་མེ་ཏོག་གི་སྡོང་བུ་བསྣམས་པ། རིན་པོ་ཆེའི་ཁྲི་ལ་སྐྱིལ་ཀྲུང་གིས་བཞུགས་པ་དེ་འདྲ་བའི་སྐུ་ཤིན་ཏུ་ཆེ་བ་དང༌། རྒྱལ་བ་སྨན་གྱི་བླ་བླ་གོས་སེར་བོ་མནབས་པ་དང༌། རྗེ་བཙུན་བྱམས་མགོན་བཟང་པོའི་འདུག་སྟངས་མཛད་པ་རབ་བྱུང་གི་ཆ་བྱད་ཅན་སྣམ་སྦྱར་གསོལ་བ་ཕྱག་གིས་ཀླུ་ཤིང་གི་སྡོང་བུ་རིལ་བས་མཚན་པ་འཛིན་པ་དེ་འདྲ་བ་དང༌། གཞན་ཡང་རྒྱལ་བ་ཚེ་དཔག་ཏུ་མེད་པ་དང་བཅས་པ་རྣམས་ཀྱི་སྐུའི་སྣང་བ་དངོས་སུ་གཟིགས་པ་མང་དུ་བྱུང༌། འདི་རྣམས་ཉམས་སྣང་ཡིན་པས་ངེས་པ་ཆེར་མེད་དགོངས་ནས་དེ་ཙམ་དུ་ཆེད་ཆེར་མ་མཛད་ནའང༌། བླ་མ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་བ་ལ་རྗེ་བཙུན་གྱི་སྐུ་དང་གསུང་གི་སྣང་བ་མངོན་སུམ་འབྱུང་བ་འཁྲུལ་མེད་གཅིག་ཡོད་པས། ཁོང་ལ་རྗེ་བཙུན་གྱི་གསུང་ནས། རྗེ་ལ་གཟིགས་སྣང་བྱུང་བ་དེ་རྣམས་ཉམས་སྣང་རང་དགའ་བ་མིན་པས་གསོལ་བ་དྲག་ཏུ་ཐོབ། ཕྱིས་རྟེན་འབྲེལ་ཁྱད་པར་ཅན་ཡོད་པ་ཡིན་གསུང་བ་བྱུང་འདུག་གསུང་ངོ༌། །རྟོགས་ལྡན་པའི་སྣང་བ་དེ་ལའང་རྗེའི་དྲུང་ནས་བརྟག་དཔྱད་མང་དུ་མཛད་ཅིང༌། ཆོས་ཀྱི་གནད་ཟབ་མོ་དྲིས་པ་རྣམས་ཕལ་ཆེར་འཆུག་མེད་དུ་འོང་བ་འདུག་པས་ཐུགས་ལེགས་པར་ཆེས་སོ། །དེའི་དཔྱིད་ཀ་དེ་རྗེ་བཙུན་གྱི་ཞལ་ནས།དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོར་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་བླང་དབེན་པ་སྟེན། །རང་གཞན་གཉིས་ཀ་འཚེངས་པའི་ལམ་རྙེད་སྙམ། ཞེས་གདམས་ཤིང་སྒྲུབ་པ་ལ་བསྐུལ་བར་མཛད་དོ། །དེ་ནས་རྫིང་ཇིའི་ཇོ་བོ་ལ་མཇལ་ནས་རྒྱ་སོག་ཕུར་བྱོན། ཐུགས་དམ་ཤིན་ཏུ་འཕེལ། དེ་དུས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་སྐུ་ཤིན་ཏུ་ཆེ་བ་གཟི་བརྗིད་ཕུན་སུམ་ཚོགས་པ་ཞིག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་འཁོར་གྱིས་བསྐོར་བ་དང༌། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་བ། སངས་རྒྱས་བསྐྱངས། ཀླུ་བྱང༌། ཟླ་བ་གྲགས་པ། ཐོགས་མེད་སྐུ་མཆེད། ཕྱོགས་གླང་ཆོས་གྲགས། ཡོན་ཏན་འོད་དང་ཤཱཀྱ་འོད། ལྷ་དབང་བློ། རྒྱན་མཁན་པོ། ཀ་མ་ལ་ཤཱི ་ལ། ཨ་བྷ་ཡ་ལ་སོགས་པའི་པཎྜི་ཏ་དུ་མ་དང༌།རྒྱལ་པོ་ཨིནྡྲ་བྷཱུ་ཏི། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ཆེན་པོ་ལཱུ་ཨི་པ། དྲིལ་བུ་པ།ནག་པོ་སྤྱོད་པ་ལ་སོགས་པའི་གྲུབ་ཆེན་དུ་མའི་སྐུའི་སྣང་བ་དངོས་སུ་གཟིགས།ཉམས་སྣང་ལ་གཏད་པ་མེད་ལས་ཆེ་དགོངས་པས་རྗེ་བཙུན་གྱིས་སྔར་བཞིན།ཉམས་སྣང་རང་དགའ་བ་མིན་པས་གསོལ་བ་དྲག་པོ་ཐོབ། འདི་རྣམས་ཀྱི་གཞུང་ལ་བརྟེན་ནས་རང་གཞན་ལ་ཕན་ཐོགས་རྒྱ་ཆེན་པོ་འོང་བའི་རྟེན་འབྲེལ་ཡིན། ཞེས་གསུང་ངོ༌། །དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུ་ཞལ་ཕྱག་ཡོངས་སུ་རྫོགས་པ་ཤིན་ཏུ་ཆེ་བ་གཟི་བརྗིད་བཟོད་པར་དཀའ་བ་ཞིག་ཞལ་གཟིགས། དེ་དུས་ནས་འཇིགས་བྱེད་ཀྱི་བདག་འཇུག་ཉིན་རེ་ཞིང་མཛད་པ་ནམ་ཡང་ཆག་མེད་དུ་མཛད་དོ། །ཡང་དེར་སྔར་དང་འདྲ་བའི་རྗེ་བཙུན་གྱི་སྐུའི་སྣང་བ་དངོས་སུ་གཟིགས་པའི་ཐུགས་ཀའི་ནང་ན་ཕར་རལ་གྲི འི་ཡུ་བཟུག་ཅིང༌། རྗེའི་ཐུགས་ཀར་རྩེ་མོ་ཟུག་པ་ལ། བདུད་རྩིའི་རྒྱུན་ཁ་དོག་དཀར་སེར་ཤིན་ཏུ་སྣུམ་པ་འོད་ཀྱི་ཆུ་རྒྱུན་འདྲ་བ་ཞིག་རྗེ་བཙུན་གྱི་ཐུགས་ཀ་ནས་རལ་གྲིའི་སྟེང་ལ་བརྒྱུད་དེ་ནར་ར་ར་བྱུང་ནས། རྗེ་འདིའི་ཐུགས་ཀར་ཞུགས་པས། སྐུའི་ནང་ཐམས་ཅད་བདེ་བ་ཆེན་པོ་དཔག་ཏུ་མེད་པས་གང་བ་བརྗོད་པར་མི་ནུས་པ་འདྲ་བ་ཞིག་འཁྲུངས། དེའི་དུས་ངོ་མཁྱེན་པ་དང་མི་མཁྱེན་པའི་འཁོར་དུ་མ་ཁ་གདངས་ནས་བཟེད་འདུག་པས། འགའ་ཞིག་གི་ཁར་མང་དུ་འགྲོ་ཞིང༌། འགའ་ཞིག་གི་ཁར་ཉུང་ཟད་རེ་དང༌། འགའ་ཞིག་གིས་ཁ་གདངས་ཀྱང་ཅུང་ཟད་ཚེ་དགངསཀྱང་མི་འགྲོ་བདེ་འདྲ་བའང་འདུག་གསུང་ངོ༌། །མདོར་ན་གནས་དེར་དེ་འདྲ་བའི་དག་པའི་སྣང་བ་དང་ཐུགས་རྒྱུད་ལ་མངོན་པར་རྟོགས་པའི་ཡོན་ཏན་དཔག་ཏུ་མེད་པ་ཞིག་འཁྲུངས་སོ། །དེ་ནས་རྗེ་བཙུན་གྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས། རྫིང་ཇིའི་གཙུག་ལག་ཁང་གི་ཞིག་གསོས་མཛད་པའི་ཚུལ་ཞིབ་པར་ཐུན་མོང་བ་ཉིད་དུ་བརྗོད་ཟིན་ལ། དེའི་ཚེ་རྗེ་བཙུན་གྱི་གསུང་གིས་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་ཞེས་བྱ་བ། རྗེ་བཙུན་བྱམས་མགོན་ལ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་བ་ལ་གཞི་གྱིས་ལ་རྩོམས་གསུང་བ་ལ་བརྟེན་ནས་རྗེ་བཙུན་བྱམས་མགོན་གྱི་བསྟོད་པ་རིན་པོ་ཆེ་གསལ་བའི་སྒྲོན་མེ་མཛད་ཅིང༌། དེ་བཞིན་དུ་བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་དང༌། རང་ཉིད་མ་འོངས་པ་ན་གང་དུ་སྤྲུལ་པའི་སྐུར་འཚང་རྒྱ་བའི་མཛད་པ་བསྟོན་པའི་ཞིང་ཡོངས་སུ་བཟུང་བའི་སྨོན་ལམ་ཡང་རྗེ་བཙུན་གྱི་གསུང་གིས་བསྐུལ་ནས། དོན་གྱི་ངོ་བོ་དང་གོ་རིམས་སོགས་རྗེ་བཙུན་གྱིས་གསུངས་པ་ངེད་ཀྱིས་ཚིག་སྦྱོར་གྱིས་བསྒྲིགས་པ་ཡིན་ནོ། །ཞེས་གསུང་ངོ༌། །དེའི་ཚེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞིང་བཀོད་བཞེང་བའི་སྐྱ་རིས་བཏབ་ཚར་བ་ལ། རབ་གནས་ཤིག་མཛད་པས་རྗེ་བཙུན་གྱི་སྐུ་དངོས་སུ་བྱོན་ནས་ཐིམ་སོང་བའི་གཟིགས་སྣང་བྱུང་ཞིང༌། དེ་ནུབ་ནས་མར་མེ་བཟུང༌། ཡང་སངས་རྒྱས་སུམ་ཅུ་རྩ་ལྔའི་སྐུ་འདྲི་བར་བརྩམས་པ་ལ། ལྷ་བཟོ་རྣམས་ཀྱིས་སྐུ་མདོག་ཕྱག་རྒྱ་སོགས་ཇི་ལྟར་འདྲི་བ་མ་ཤེས་ནས། རྗེའི་དྲུང་དུ་ཞུས་པས། དེའི་ཚེ་གསོལ་བ་བཏབ་པས་ཇི་ལྟར་འདྲི་བའི་གོ་རིམས་དང་མཐུན་པར་རྒྱལ་བ་སུམ་ཅུ་རྩ་ལྔའི་སྐུ་རིམ་བཞིན་གཟིགས་པའི་གཟིགས་སྣང་བཞིན་དུ་སྐུ་མདོག་སོགས་འདི་ལྟ་བྲིས་ཤིག །ཅེས་ཞལ་ཏ་གནང་ནས་འདྲིར་བཅུག །དེར་མ་ཟད་ཞིང་བཀོད་གཞན་རྣམས་ལའང་རབ་གནས་ཀྱི་དུས་སུ་ཡེ་ཤེས་པ་དགུག་གཞུག་མཛད་པ་ན་ལྷ་དེ་དང་དེའི་རྣམ་པ་རེ་ཐིམ་སོང་བའི་སྣང་བ་མ་བྱུང་བ་མེད། ཅེས་གསུང་ངོ༌། །དེའི་ཕྱིར་རྟེན་དེ་དག་ནི་རྒྱལ་བ་དངོས་དང་མཆོད་པའི་ཞིང་དུ་ཁྱད་པར་མེད་པར་ཤེས་པར་བྱོས་ཤིག །དེ་ནས་ལྷོ་བྲག་ལ་བྱོན་པའི་སྐབས་སུ་ཡང་རྗེ་བཙུན་ནམ་མཁའ་རྒྱལ་མཚན་པ་དང་མཇལ་ནས་དགུང་ལོ་བཞི་བཅུ་རྩ་ལྔ་པའི་སྟེང་དུ་སྐུ་ཚེའི་བར་ཆད་ཆེན་པོ་འོང་བའི་མཚན་མ་ཡོད་པ་དེ་བཅོམ་ལྡན་འདས་འཁོར་ལོ་ཆེན་པོའི་སྒོ་ནས་བཟློག་པའི་རྟེན་འབྲེལ་བསྒྲིགས། རྒྱ་གར་ཤིང་གི་རི་ལ་འབྱོན་པར་བཞེད་པའི་སྐབས་སུ་རྗེ་བཙུན་གྱི་གསུང་ནས། རྫིང་ཇིའི་ཇོ་བོ་ལ་དགེ་སྦྱོང་གི་རྟགས་ཚང་མའི་སྐྱེས་འབུལ་བ་དང་བཅས་པས་བསྟོད་ཅིང་གསོལ་བ་འདེབས་པའི་ཚིག་ཚངས་པའི་ཅོད་པན་ཞེས་བྱ་བ་དོན་གྱི་རིམ་པ་འདི་ལྟར་གྱིས་ལ་རྩོམས་ལ་ཕུལ་ཞིག་དང༌། ཕྱིས་འདུལ་བའི་བསླབ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྟེན་འབྲེལ་ཡོད་དོ། །ཞེས་གསུངས་པ་ལ་བརྟེན་ནས་དེ་ལྟར་མཛད། ཕྱིས་ཀྱང་རྗེ་བཙུན་གྱི་གསུང་གིས་ནན་གྱིས་བསྐུལ་ཅིང༌། བསྟན་པའི་རྩ་བ་ཡིན་པའི་ཐུགས་ངེས་ཤུགས་དྲག་པོ་འཁྲུངས་པ་དང༌། བསྟན་པ་ཉམས་པ་ཐུགས་ཀྱིས་བསྲན་པར་མ་བཟོད་པའི་སྟོབས་ཀྱིས། འདུལ་བའི་ལག་ལེན་ཕྱིར་བཅོས་ཡན་ཆད་ཡོངས་སུ་རྫོགས་པ་སྔ་མའི་སྲོལ་ཀ་ཙམ་ལ་མ་ལྟོས་པར་ལེགས་པར་བཙུགས་པ་ཡིན་གྱི། གཞན་ལས་ཁྱད་པར་ཐོན་པ་ཞིག་དོན་དུ་གཉེར་ནས་བྱས་པ་ག་ལ་ཡིན། ཞེས་གསུང་ངོ༌། །དེ་ནས་ཙ་རི་ནས་གཉལ་ལ་འབྱོན་པའི་ལམ་དུ་མོ་ལའི་ལ་རྩར་ཞག་བཞུགས་མཛད་པའི་ནུབ། རྗེ་བཙུན་བྱམས་མགོན་གྱི་སྐུ་ཤིན་ཏུ་ཆེ་བ། ལྷུན་པོ་ལྟར་མངོན་པར་བརྗིད་ཅིང་ཉི་མ་ལྟར་གཟི་བརྗིད་འབར་བ་ཞིག་གིས། རིགས་ཀྱི་བུ། ཁྱོད་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་འདྲ་བ་ཞིག་འོང་བར་ཤེས་པར་བྱོས་ཤིག །ཅེས་སེང་གེའི་སྒྲས་དབུགས་ཕྱུང་ཞིང་སྤྲོ་བ་བསྐྱེད་པར་མཛད་པའི་སྣང་བ་དངོས་སུ་བྱུང་གསུང་སྟེ། དེ་བས་ན་སྙིགས་མའི་དུས་འདིར་རྗེ་བཙུན་བླ་མ་འདི་ནི་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་ཁྱད་པར་མ་མཆིས་པའི་ཚིག་གིས་བསྔགས་པ་ནི་རང་བཞིན་བརྗོད་པ་སྟེ། ཤེས་ལྡན་དག་གིས་ཀྱང་སྟོན་པ་ཉིད་དང་མཚུངས་པར་ཅིའི་ཕྱི ར་བལྟ་བར་མི་བྱ། གཉལ་སྨད་སེང་གེ་རྫོང་ན་བཞུགས་པའི་དུས་སུ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག་ལ་སོགས་པའི་ལམ་གྱི་གནད་རྣམས་ལ་དཔྱད་པ་མང་དུ་མཛད་པས་མི་འཁྲུལ་བའི་ངེས་པ་འཁྲུངས་ཤིང་འཆུག་མེད་ཀྱི་གཟེར་ཐེབས་ནས་མི་འཇིགས་པ་བརྙེས། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་དཔའ་བོ་གཅིག་པ་ཞིག་གི་སྐུའི་གཟིགས་སྣང་ནར་མར་འོང་ཞིང༌། ནུབ་གཅིག་གི་མནལ་ལམ་དུ་ཁྱོད་ཀྱིས་དུས་ཀྱི་འཁོར་ལོ་འདི་ལ་རྒྱལ་པོ་ཟླ་བ་བཟང་པོ་བྱོན་པ་འདྲ་བ་ཞིག་འོང་བར་ཡོད་དོ། །ཞེས་གསུངས་ཏེ། སྔོན་ཆེད་བཤད་པས་ཕན་ཐོགས་འཇིགས་རུང་ཙམ་ནི་མ་བྱུང༌། རང་གི་རྒྱུད་ལ་གོ་བ་རྣམ་པར་དག་པ་སྐྱེས་པ་ལ་དགོངས་པ་ཡིན་འོང༌། ཞེས་གསུང་ངོ༌། །གཉལ་དུ་བཞུགས་དུས་མནལ་ལམ་དུ་དབྱངས་ཅན་མའི་གསུང་གིས། དགུང་ལོ་ལྔ་བཅུ་རྩ་བདུན་ཐུབ། དེ་བར་རང་གཞན་གྱི་དོན་དཔག་ཏུ་མེད་པ་འགྲུབ། གསུང་བ་ལ། རྗེ་བཙུན་མ་རྣམ་པར་རྒྱལ་མ་ལ་སོགས་པ་ལ་གསོལ་བ་བཏབ་ཅིང་བསྙེན་སྒྲུབ་མང་དུ་བྱས་པས་དེ་ལས་རིང་ཞིག་ཐུབ་པར་མི་འགྱུར་རམ། ཞེས་ཞུས་པས་དེ་ཐམས་ཅད་ཕལ་ཆེར་སྔོན་གྱི་སྨོན་ལམ་གྱི་ཤུགས་དང༌། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་ཐུགས་འདུན་ཆེས་པ་ལ་སོགས་པའི་དབང་གིས། བློ་གྲོས་གོང་ནས་གོང་དུ་འཕེལ་བའི་རྒྱུ་འབའ་ཞིག་ཏུ་སོང་བས་སྐུ་ཚེ་ལ་དེ་ཙམ་དུ་ཕན་པ་མ་བྱུང༌། ཞེས་གསུང་བ་ཞིག་བྱུང༌། རྟོགས་ལྡན་པ་ལ་རྗེ་བཙུན་གྱི་གསུང་ནས། ད་ཕན་ཆད་སྐུ་ཚེའི་བར་ཆད་ལ་སྒོས་སུ་དམིགས་པའི་བཟློག་ཐབས་དང༌། སྐུ་ཚེ་བསྲིང་བའི་ཕྱི་ནང་གི་རྟེན་འབྲེལ་ལེགས་པར་བསྒྲིགས་ན།དཀའ་སེ་བ་ཞིག་ལ་བཟློག་པར་བྱ་ནུས་སོ། །ཞེས་གསུང་བ་དང༌། ཡང་གཉལ་གྱི་སེང་གེ་རྫོང་ན་བཞུགས་དུས་རྗེ་བཙུན་ལ་སྔགས་མཚན་ཉིད་ཀྱི་ལམ་གྱི་ངོ་བོ་དང༌།གོ་རིམས་གྲངས་ངེས་སོགས་དང༌། ཁྱད་པར་ཞི་ལྷག་གི་ཉམས་ལེན་གྱི་གནད་རྣམས་ཞུས་པས། ད་ངེད་ལ་ཡང་ཡང་འདྲི་མི་དགོས། གཞུང་ཆེན་མོ་རྣམས་ལ་ཞིབ་པར་དཔྱོད་དང༌། ངེད་ཀྱིས་བསྟན་པ་རྣམས་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང༌། མི་མཐུན་པ་རེ་ཙམ་བྱུང་ན་མདོར་བསྡུས་གདམས་ངག་ཏུ་འདོད་པ་རྣམས་ལ་འབབས་ཀྱི། གཞུང་ཆེན་མོ་རྣམས་འདོར་དུ་མི་རུང་ངོ༌། །ཞེས་གསུང་ཞིང༌། མན་ངག་གིས་ལྡེ་མིག་བྱས་ནས་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་རྣམས་ལ་དཔྱད་པས་དཔྱད་པ་རྫོགས་པའི་ཚད་ནི། ལུང་རིགས་ཀྱི་ལམ་ནས་དྲངས་པའི་ངེས་པ་རྙེད་ནས། བློས་དོན་དེར་ཐག་བཅད་ཀྱང༌། གཏིང་ནས་མི་བདེ་བའི་རྣམ་པ་མེད་པ་ཞིག་འོང༌། དེ་དུས་དོན་དེ་ལ་དཔྱད་པ་རྫོགས་པ་ཡིན་ནོ། །ཞེས་གསུང་སྟེ། ཕྱིན་ཆད་ཚད་དེ་འཁྲུལ་མེད་རང་ཞིག་བྱུང་གསུང་ངོ༌། །གཉལ་ནས་དྲགས་པོ་ལྷ་སྡིངས་སུ་ཕེབས། ཐལ་རང་གི་ལྟ་བའི་གནད་རྣམས་ལ་དཔྱད་པ་ནར་མར་བྱ་བྲལ་ལ་འབྱོན་པའི་གོང་ཉིད་ནས་དེ་བར་དུ་མཛད་ནའང༌། མཐར་ཐུག་པའི་གནད་ལ་མི་བདེ་བ་གཏན་ནས་ལོག་པའི་ངེས་པ་འདྲེན་མ་ཐུབ། གནས་དེར་བླ་མ་དང་རྗེ་བཙུན་ཐ་མི་དད་དུ་བྱས་ཤིང་གསོལ་བ་དྲག་པོ་མང་དུ་བཏབ་པས་མཚན་མོ་ཞིག་མནལ་ལམ་དུ་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལྔ་རང་བཞིན་ཡོད་མེད་ཀྱི་གནད་རྣམས་ལ་འབེལ་བའི་གཏམ་གྱིས་བཀའ་བགྲོ་བ་མཛད་ཀྱིན་འདུག་པའི་ནང་ནས། སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཟེར་བའི་པཎྜིཏ་སྔོ་བསངས་སྐུ་བོང་ཆེ་བ་ཞིག་གིས་དབུ་མའི་རྒྱ་དཔེ་ཞིག་ཕྱག་ན་བཟུང་བ་ཚུར་བྱོན་ནས་བྱིན་གྱིས་བརླབས་པའི་མཚན་མ་ཞིག་བྱུང༌། དེའི་ཕྱི་དེ་ཉིན་རྩ་ཤེའི་འགྲེལ་པ་བུངྡྷ་པཱ་ལི་ཏ་ལ་གཟིགས་པས། འབད་པ་མེད་པར་ཐལ་འགྱུར་བའི་ལྟ་བའི་གནད་དང་དགག་བྱའི་མཚམས་འཛིན་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང༌། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག །དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ཕྱུང་བར་གྱུར་ཏེ། ཕྱིན་ཆད་རང་རེའི་རྗེས་འཇུག་རྣམས་ལའང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་འདི་ལའང་ལྟ་དགོས་ཞེས་ཡང་ཡང་གསུངས་པའི་རྒྱུ་མཚན་ནི། དེ་ལ་བལྟས་ན་ལྟ་བའི་གནད་ལ་ངེས་པ་ལྷག་པར་རྙེད་པའི་རྟེན་འབྲེལ་ཞིག་ཡོང་པས་དེ་ལྟར་བྱས་པ་ཡིན། ཞེས་གསུང་ངོ༌། །དེས་ན་རྩ་ཤེའི་རྒྱ་ཆེར་འགྲེལ་མཛད་པའི་སྐབས་སུ། གཞུང་དཀའ་བའི་གནས་ཕལ་ཆེ་བར་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་རེ་དྲངས་པའི་བཤད་པ་ཡང་ཆེད་ཀྱིས་མཛད་པའི་རྒྱུ་མཚན་ཡང་དེ་ཡིན་ལ། སྟོན་པ་ལ་ཤེས་ནས་མི་ཕྱེད་པའི་དད་པ་ཐོབ་པའི་ཤུགས་ཀྱིས་དྲངས་པའི་བསྔགས་པ་བརྗོད་པ་ཟབ་མོ་རྟེན་ཅིང་འབྲེལ་པར་འབྱུང་བ་གསུངས་པའི་སྒོ་ནས་བསྟོད་པ་ལེགས་པར་བཤད་པའི་སྙིང་པོ་ཞེས་བྱ་བ་མཛད་དོ། །དེ་ནས་འོལ་ཁའི་འགར་ཕུག་དང༌། བྲག་གདོང་དང༌། གཡེའི་ཏེའུ་རར་བྱོན། ཆོས་མང་དུ་གསུངས། སྨན་ལུང་གི་རྒྱ་སོག་ཕུར་ཆོ་འཕྲུལ་ཆེན་པོའི་དུས་མཆོད་ཀྱི་ཞག་བཅོ་ལྔའི་རིང་ལ་མཆོད་པ་རྒྱ་ཆེ་ཞིང་བཀོད་པ་ཕུན་སུམ་ཚོགས་པ་བཤམས་ཏེ་ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས་ནས། མཆོད་ཡུལ་ཐམས་ཅད་མཉེས་པར་བྱེད་པའི་མཆོད་པའི་ཆོ་ག་དང༌། འཕྲལ་དང་ཡུན་གྱི་ཕན་བདེ་རྒྱས་པའི་སྨོན་ལམ་དཔག་ཏུ་མེད་པ་མཛད་པའི་སྐབས་སུ། མཆོད་པའི་ཞིང་ཕྱོགས་བཅུའི་བཞིན་གཤེགས་པ་སྤྱན་འདྲེན་པའི་དམིགས་པ་དང༌། ཐུགས་ཀྱི་འདུན་པ་ཤུགས་དྲག་པོ་མཛད་པ་ན། ཤར་ཕྱོགས་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་སྐུ་མདོག་དཀར་པོ་རྣམ་སྣང་གི་རྣམ་པས་ཤར་ཕྱོགས་ཀྱི་ནམ་མཁའི་ཁྱོན་ཐམས་ཅད་གང་བར་འཁྲིགས་པ་དང༌། དེ་བཞིན་དུ་ལྷོ་ཕྱོགས་དང་ནུབ་དང་བྱང་དང་དབུས་སམ་སྟེང་གི་ནམ་མཁའི་མཐིལ་ཐམས་ཅད་རིམ་པ་བཞིན་དུ། རིན་འབྱུང་འོད་དཔག་མེད་དོན་གྲུབ་མི་བསྐྱོད་པའི་རྣམ་པ་ཅན་གྱི་དེ་བཞིན་གཤེགས་པས་ཁྱབ་ཅིང༌། བཀོད་པ་དེ་འདྲ་བའི་སྒོ་ནས་སྟེང་དག་ལོགས་ཀྱི་ནམ་མཁའི་ཁམས་ཐམས་ཅད་བར་མཚམས་མེད་པར་དེ་བཞིན་གཤེགས་པའི་སྐུས་གུར་ཕུབ་པ་ལྟར་གྱུར་ཏེ། མཆོད་པ་བདག་གིར་མཛད་པའི་གཟིགས་སྣང་དངོས་སུ་འཆར་བ་ཡང་ཡང་བྱུང༌། ཕྱིས་ལྷ་སར་ཆོ་འཕྲུལ་ཆེན་པོའི་མཆོད་པ་རྒྱ་ཆེན་པོ་བསམ་གྱིས་མ་ཁྱབ་པ། སྨོན་ལམ་ཆེན་མོར་གྲགས་པ་མཛད་པའི་དུས་སུའང་གཟིགས་སྣང་དེ་འདྲ་བ་ནར་མར་བྱུང་སྟེ། དེ་དུས་མཆོད་ཡུལ་དང་མཆོད་པ་ཐམས་ཅད་ལ་བདེ་སྟོང་གིས་རྒྱས་བཏབ་ཅིང་མཆོད་པ་ཕུལ་བས། དེ་ཐམས་ཅད་བདེ་སྟོང་གི་རྣམ་རོལ་ཏུ་འཆར་བ་བྱུང་གསུང་ངོ༌། །དེ་ནས་ཉང་པ་མདངས་མདོར་ཕེབས་པ་ནས་བཟུང་སྟེ། སྲས་ཀྱི་ཐུ་བོ་གཉིས་ཀྱིས་གཙོ་མཛད་དགེ་འདུན་ཕལ་ཆེ་བས་གྲུབ་པའི་གནས་མཆོག་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་བཏབ་ཅིང༌། རྗེ་རིན་པོ་ཆེས་མཆིན་དང་འོལ་ཁ་སོགས་སུ་ཕེབས་པའི་བར་གྱི་རྣམ་པར་ཐར་པ་གཞན་ཐམས་ཅད་ཐུན་མོང་གི་ཡི་གེར་བརྗོད་པ་ལྟར་ཡིན་ལ། འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་བྱམས་པ་གླིང་དུ་བཞུགས་དུས། རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསུང་གི་སྣང་བས་སློབ་དཔོན་ཀླུ་བྱང་གི་རྣམ་གཞག་རིམ་པ་ལ་རྣམ་བཤད་རྩོམས། ཕན་ཐོགས་ཆེན་པོ་འོང་ཞེས་བསྐུལ་བས་དེ་འཕྲལ་དུ་མཛད། རྡོ་རྗེ་འཆང་གི་ལམ་གྱི་རིམ་པ་ཆེན་པོ་མཛད་པ་ལ། སྔར་རྒྱ་སོག་ཕུར་བཞུགས་དུས་གྲུབ་ཆེན་རྣམས་དང༌། སློབ་དཔོན་ཨ་བྷ་ཡའི་གཞུང་ལ་བརྟེན་ནས་ཕན་པ་ཆེན་པོ་འགྲུབ་པར་འགྱུར་རོ། །ཞེས་གསུང་བ་དེ་མ་གཏོགས་རྩོམ་པ་རང་གི་སྐབས་སུ་དུས་མྱུར་ཆེས། གསོལ་བ་འདེབས་པ་སོགས་ཡུན་རིང་མ་གྲུབ་པས་རྒྱུ་མཚན་ཁྱད་པར་བ་གཞན་ཆེར་མེད། ཅེས་གསུང་ངོ༌། །དེ་ནས་དབེན་གནས་ཆེན་པོ་དགེ་ལྡན་གྱི་གཞི་འདིང་བའི་སྐབས་སུ། རྗེའི་ཞལ་སྔ་ནས་འོལ་ཁའི་བསམ་གཏན་གླིང་དུ་བཞུགས་པའི་རིང་ལ། སྐུ་མཚམས་དམ་པོ་བཅད་ནས་བླ་མ་དང་ཡི་དམ་ཐ་མི་དད་དུ་དམིགས་པ་ལ་གསོལ་བ་ཤུགས་དྲག་པོ་འདེབས་པ་མང་དུ་མཛད་ཅིང༌། དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་ངོ་སྤྲོད་ཆེན་མོ་རིམ་ལྔ་གསལ་བའི་སྒྲོན་མེ་རྩོམ་པའི་ཐུགས་འདུན་བཏང༌། ཟིན་བྲིས་འདེབས་པར་མཛད་པའི་སྐབས་སུ། མནལ་ལམ་གྱི་ལྟས་ངོ་མཚར་བ་བྱུང་བ་དག་བསྙེལ་བར་གྱུར་ན་མི་རུང་སྙམ་དུ་དགོངས་ནས། བརྡའི་ཚིག་གིས་རྣམ་པར་བཅིངས་པའི་ཚིགས་སུ་བཅད་པས་ཡི་གེར་མཛད་དེ། ཀུན་གྱི་མིག་ལམ་དུ་མི་འགྱུར་བའི་གནས་ཇི་ལྟ་བར་བཞག་པར་མཛད་དོ། །དེ་ནི་འདི་ཡིན་ཏེ། རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །བྱཱ་གྷྲའི་གོང་གི་ཙནྡྲ་ནི། །མིག་དང་ཟླ་བའི་གྲངས་གསུམ་ལ། །བགྲོ་བ་མཛད་པའི་ཆུ་འདྲེས་ཆུས། །ཀ་ལ་ཤ་བཀང་སྟེར་རྩིས་བྱེད། །ཕུལ་བྱུང་ནས་ནི་སུམ་བརྒྱ་བཅུ། །སོང་ཟེར་ཡབ་གཅིག་དཀྱིལ་འཁོར་གཙོ། །བགྲོ་བ་མཛད་པ་གཉིས་ཀྱང་སྣང༌། །གྲངས་བཞི་པ་ལ་རྣམ་པ་ཅན། །ཁྲི་ཡི་སྟེང་ན་རྩ་བ་ནི། །གཏད་ནས་འདི་བདག་གྱིས་ཞེས་ཚེ། །སྔགས་རྒྱས་ལན་གསུམ་བཏེག་སྔོན་གྱི། །དེ་འདིའི་ལྟས་གོ་ལྔ་པ་ལ། །ལྷོ་ཡི་ཐུགས་བཅུད་དམ་པ་ལ། །འཕྲིག་ཆུད་དེ་ནས་དྲུག་པ་ལ། །ངེས་རྙེད་དེ་ནས་བདུན་པ་ལ། །རྟོག་བསྲེས་ལས་ནི་ཤིན་ཏུ་ངེས། །ཤིད་ཟན་ཞེས་པའང་དེ་ནས་གོ །དེ་འདྲའི་ངོ་མཚར་རྨད་དུ་བྱུང༌། །བརྗེད་ཀྱིས་དོགས་ནས་ཡི་གེར་བཀོད། །དེ་དོན་སྒྲུབ་པ་མཐར་ཕྱིན་ཤོག །གླང་གི་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བདུན་ལ་འོལ་ཁའི་བསམ་གཏན་གླིང་དུ་བྲིས་པ་འདྲའི ༼ སྐུ་འབུམ་པར་མ་དང་བཀྲིས་ལྷུན་པར་མ་གཉིས་ཆར་བོད་ཀ་པ་འདི་དང་བོད་ཁ་པའི་ནང་དུ་བསྡུས་པའི་གསུང་ཐོར་བུའི་ནང་ཚན་དུའང་ཚིགས་སུ་བཅད་པ་འདི་དག་བཀོད་འདུག་པ་དེ་ཀུན་ལ་དེ་འདྲའི་ཞེས་བྱུང་འདུག་མོད་འདིའི་འོག་ཏུ་ཚིགས་སུ་བཅད་པ་འདི་དག་གི་དོན་བཤད་པ་ལ་བལྟས་ན་པར་མ་དེ་གཉིས་ཆར་དེ་འདྲའི་ཞེས་བཀོད་པ་མ་དག་ཅིང་དེ་འདིའི་ཞེས་པ་ཡིན་དགོས་པར་མཐོང་། ༽དགེ་ལེགས་སུ་གྱུར་ཅིག །ཅེས་བྱ་བའོ། །ད་ནི་དེ་དག་གི་དོན། རྗེ་རིན་པོ་ཆེ་ཉིད་ཀྱི་གསུང་ངག་ཇི་ལྟ་བ་བཞིན་དུ་བདག་གིས་དགྲོལ་བར་བྱའོ། །དེ་ཡང་བྱཱ་གྷྲ་ནི་སྟག་གི་སྐད་དོད་ཡིན་ལ། དེའི་གོང་ཞེས་པ་གླང་གི་ལོ་གོ་བར་བྱེད་པའོ། །ཙནྡྲ་ནི་ཟླ་བའི་མིང་ཡིན་ལ། མིག་ནི་གཉིས་དང་ཟླ་བ་གཅིག་ཡིན་ཏེ། གཅིག་གི་བརྡ་ཡིག་གི་འོག་ཏུ་གཉིས་ཡིག་བཞག་པ་ནི་བཅུ་གཉིས་ཡིན་པས་ཟླ་བ་བཅུ་གཉིས་པ་གོ་བར་བྱེད་པའོ། །གསུམ་ལ་ཞེས་པ་ནི་ཟླ་བ་དེའི་ཚེས་གསུམ་གྱི་མཚན་མོའོ། །དེའི་ཚེ་རྒྱལ་བ་ཀུན་གྱི་ཡབ་གཅིག་རྗེ་བཙུན་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་སྣང་ཞིང༌། དཀྱིལ་འཁོར་གྱི་གཙོ་བོས་རྒྱན་བཟང་པོ་སྣ་ཚོགས་པས་སྤྲས་པའི་རིན་པོ་ཆེའི་བུམ་པ་ཆུས་བཀང་བ་ཞིག་རྗེ་ཉིད་ལ་སྟེར་རྩིས་བྱེད་ཅིང༌། ཀ་ལ་ཤ་ནི་བུམ་པའི་སྐད་དོད་ཡིན་ནོ། །བུམ་པའི་ཆུ་འདི་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་སྙེ་ཐང་གི་སྐྱི་ཆུའི་འགྲམ་ན་བཞུགས་དུས། རྗེ་བཙུན་འཇམ་དབྱངས་དང་རྗེ་བཙུན་བྱམས་པ་གཉིས་སྐུ་གསུམ་དང་གཅིག་གང་ཡིན་ལ་ཆོས་ཀྱི་བགྲོ་བ་མཛད་པའི་ཆུ་འདྲེས་པའི་ཆུ་ཡིན། འདི་ཇོ་བོ་ཆེན་པོ་ནས་བཟུང་སྟེ། ད་ལྟའི་བར་ལ་ལོ་སུམ་བརྒྱ་དང་བཅུ་སོང༌། ད་བར་དུ་སྟེར་ས་མ་རྙེད། ད་ཁྱོད་ལ་སྟེར་བ་ཡིན་ནོ་ཞེས་ཟེར་ཞིང༌།དེའི་ཚེ་ཆོས་ཀྱི་བགྲོ་བ་མཛད་པ་པོ་རྗེ་བཙུན་བྱམས་པ་དང༌། འཇམ་དབྱངས་གཉིས་ཀྱང་སྣང་ངོ༌། །ཚེས་བཞིའི་ནུབ་མོ་རིན་པོ་ཆེ་སྣ་ཚོགས་པས་སྤྲས་པའི་ཁྲི་ཞིག་གི་སྟེང་ན་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་ཡིན་ཟེར་བའི་བླ་མའི་རྣམ་པ་ཅན་ཞིག་བཞུགས་འདུག་པ་དེས། དཔལ་གསང་བ་འདུས་པ་རྩ་རྒྱུད་ཀྱི་གླེགས་བམ་ཞིག་གནང་ནས་འདིའི་བདག་པོ་གྱིས་ཤིག་ཅེས་གསུང་བ་ལ། མཇུག་ནས་ཅུང་ཟད་མ་ཚང་བ་ཡིན་ནམ་སྙམ་དུ་དགོངས་ནས་གཟིགས་པས་ཐམས་ཅད་ཚང་འདུག །དེ་ནས་ཕྱག་གཉིས་ཀྱིས་གླེགས་བམ་དེ་བླངས། ཧཱུཾ་བཛྲ་ཨུཏྟིཥྛ་ཞེས་པའི་སྔགས་དང་ཕྱག་རྒྱས་ལན་གསུམ་དུ་དབུའི་སྟེང་དུ་བཏེག །ཁ་སང་ནུབ་སྔོན་མ་ལ་བུམ་པ་ཆུས་བཀང་པ་སྟེར་རྩིས་བྱེད་པའང་འདིའི་ལྟས་ཡིན་པར་འདུག་དགོངས་པ་བྱུང་ངོ༌། །ཚེས་ལྔ་པ་ལ་ལྷོ་བྲག་མར་པའི་ཐུགས་བཅུད་དམ་པ་བསྲེ་འཕོའི་སྐོར་ལ་འཕྲིག་ཚུད། ཚེས་དྲུག་པ་ལ་རྒྱུད་དང་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ལ་གནས་པའི་རྨད་དུ་བྱུང་བའི་མན་ངག་ཡིན་པར་ངེས་པ་རྙེད། ཆོས་བདུན་གྱི་ཉིན་སློབ་དཔོན་འཕགས་པ་ལྷའི་སྤྱོད་བསྡུས་གཟིགས་པས་གཉིད་དང་རྨི་ལམ་དུ་བསྲེ་བའི་སྐོར་གྱི་མན་ངག་གི་གཞི་ཐམས་ཅད་གཏིང་ཡོད་པ་གཟིགས་ནས་ཤིན་ཏུ་ངེས་པ་རྙེད། ནུབ་སྔོན་མའི་དུས་སུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་བྲིས་སྐུ་ཞིག་གི་འོག་ན་ཕར་ལ། བདེ་མཆོག་གི་ཚེས་བཅུའི་མཆོད་པ་བྱེད་པའི་བཀོད་པ་ཞིག་བྲིས། དེའི་འོག་ན་ཤིད་ཟན་གཏོང་བ་ཡིན་ཟེར་བའི་ཡི་གེ་ཟིག་བྲིས་འདུག །དེ་ལ་ནུབ་བདུན་པའི་དུས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་གི་ཆོས་སྐོར་རྣམས་དུས་ཕྱིས་གངས་རིའི་ཁྲོད་འདིར་ཤི་བ་ལྟར་གྱུར་པ་ལ། རྗེ་རིན་པོ་ཆེ་འདིས་ལེགས་པར་གསལ་བར་མཛད་པ་ནི། མི་ཤི་བའི་རྗེས་སུ་ཤིད་ཟན་གཏོང་བ་ལྟ་བུ་ཡིན་ཟེར་བའང་དེའི་ཚེ་གོ་ཞེས་གསུང་བའོ། །གདན་རྫོགས་ཀྱི་ཁྲིད་ཡིག་དང་གསལ་སྒྲོན་དུ། འདོད་པའི་མཚན་མ་བརྟན་པོ་རྙེད་ཅེས་གསུངས་པ་ནི། དོན་འདི་ཉིད་ལ་དགོངས་པའོ། །དེ་ནས་དབེན་གནས་ཆེན་པོ་དགེ་ལྡན་དུ་ཕེབས་ནས། ལེགས་པར་བཤད་པའི་དགའ་སྟོན་གྱིས་གདུལ་བྱ་རྣམས་ཚིམ་པར་མཛད་ཅིང༌། རྒྱུད་སྡེ་བཞི་དང་འབྲེལ་བའི་བཤད་པ་དང་རྩོམ་པ་དཔག་ཏུ་མེད་པ་མཛད་པ་དང༌། སྐུ་ཚེའི་བར་ཆད་བཟློག་པའི་མཚན་མ་བརྟན་པོ་མ་རྙེད་པས། སྐུ་མཚམས་ལ་བཞུགས་པ་སོགས་ནི་ཐུན་མོང་བར་གསལ་ལ། སྐུ་བསྙེལ་བའི་རྣམ་པ་མ་བསྟན་པའི་སྔ་རོལ་དགུང་ལོ་ང་དྲུག་པའི་དུས་སྐུ་མཚམས་ཤིན་ཏུ་དམ་པར་བཞུགས་པའི་སྐབས་སུ། ལན་ཅིག་ཐུགས་དམ་ལ་བཞུགས་པའི་ཚེ་སྟེང་གི་སྣ་རྩེའི་ཕྱོགས་ལ་ཨ་བ་ངྷཱུ་ཏཱིའི་མར་སྣའི་ཐད་ན་མར། ཨེ་ཝཾ་གྱི་གཟུགས་འོད་ཀྱི་ཐག་པ་ལྟ་བུ་སྐྱ་ནར་ར་ར་འོང་བ་ཞིག་མནལ་ལམ་དུ་བྱུང༌། དུས་དེ་ནས་ཐུན་མོང་མིན་པའི་ཞུ་བདེ་ཁྱད་པར་ཅན་དང་སྟོང་པ་ཉིད་སྦྱར་བའི་བདེ་སྟོང་གི་ཡེ་ཤེས་དགའ་བ་བཞི་དང་སྟོང་པ་བཞིའི་བདག་ཉིད་ཅན་འཁྲུངས་ནས། དེ་ཕྱིན་ཆད་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་ནར་མར་བསྐྱངས་པས། མཉམ་གཞག་ཏུ་བདེ་སྟོང་གི་ཡེ་ཤེས་རྒྱུད་སྡེ་ནས་གསུངས་ཤིང༌། གྲུབ་ཆེན་གྱི་གཞུང་ལས་འབྱུང་བ། ཕྱི་རོལ་པ་དང་ནང་པ་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་བའི་ཆར་གཏོགས་ཙམ་རེ་ལ།བདེ་སྟོང་གི་ཡེ་ཤེས་སུ་མིང་བཏགས་པ་དེ་ལྟ་བུ་མ་ཡིན་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང༌། རྗེས་ཐོབ་ཏུ་གང་ཤར་ལྷའི་འཁོར་ལོ་བདེ་སྟོང་གི་རོལ་པར་འཆར་བས་དུས་འདའ་བར་གྱུར་ཏོ། །ཚུལ་འདི་ནི་རྒྱུད་སྡེ་དང་གྲུབ་ཆེན་གྱི་མན་ངག་ལ་བློའི་འཕྲིག་ཚུད་པ་ཞིག་གིས་བསམས་ན་དཔག་པར་དཀའ་བའི་མངོན་པར་རྟོགས་པའི་ཡོན་ཏན། རྡོ་རྗེ་འཆང་ཆེན་པོ་ཚེ་འདི་ཉིད་ལ་སྟེར་བའི་ལམ་གྱི་རིམ་པ་ཐུགས་རྒྱུད་ལ་འཁྲུངས་པ་ཡིན་པར་ཤེས་པར་གྱིས་ཤིག །དེ་ནས་དགུང་ལོ་ང་བདུན་པའི་སྐབས་སུ་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་པ་ལ། ནང་དུ་སྐུ་མཚམས་ཀྱི་ཁོངས་སུ་སྒྲུབ་གྲོགས་འགའ་ཞིག་ཀྱང་ཤོག་གསུངས་ནས། དམ་ཚིག་དང་སྡོམ་པ་ལ་གནས་ཤིང་ལྷའི་རྣལ་འབྱོར་ལ་གོམས་པར་བྱས་པ། བསྙེན་སྒྲུབ་དང་བཟླས་པ་ཚད་དུ་ཕྱིན་པའི་རྩ་བའི་རྡོ་རྗེ་སློབ་མ་བདུན་གྱིས་ཉིན་མཚན་དུ་ཞབས་དྲུང་དུ་ཉེ་བར་བསྙེན་ནས་ལྷའི་རྣལ་འབྱོར་དང༌། ཕྱིར་བཟློག་དང་སྲུང་བའི་འཁོར་ལོ་སོགས་ལ་བརྩོན་པར་བྱས་ཤིང་རྗེ་རིན་པོ་ཆེ་རང་ཉིད་ཀྱིས་ནི་ཉིན་པར་གཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དང་འཁོར་ལོ་ཆེན་པོའི་ཐུགས་དམ་གཙོ་བོར་མཛད་ཅིང༌། མཚན་མོ་བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལྷུར་མཛད་པ་ལས། བར་ཆད་ཀྱི་མཚན་མ་མངོན་མཚན་ཆེ་བ་རང་ཞིག་གི་སྐབས་སུ། རྗེ་རིན་པོ་ཆེ་བཞུགས་གདན་ལ་བཟང་པོའི་འདུག་སྟངས་ཀྱི་རྣམ་པས་བཞུགས་ནས་ཐུགས་དམ་མཛད་པའི་ཞབས་དྲུང་ན་སྐུ་རིམ་པ་རྣམས་ཀྱང་འཁོད་ནས་སྒོམ་བཟླས་ལ་ཡིད་གཞུངས་པར་ཡོད་པའི་ཚེ།རྗེའི་ཞལ་སྔ་ནས། བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་ཤིན་ཏུ་བརྗིད་པ། གསེར་བཙོ་མའི་མདོག་ལྟར་མངོན་པར་གསལ་ཞིང༌། ཉི་མ་བྱེ་བའི་མདངས་དང་ལྡན་པའི་འོད་ཀྱི་ཁོར་ཡུག་ཅན། བདུད་འདུལ་ཆེན་པོའི་ཕྱག་རྒྱ་མཛད་པ་ཞིག་མདུན་གྱི་ནམ་མཁར་བྱོན་པ་དངོས་སུ་གཟིགས། དེའི་ཚེ་ཏིང་ངེ་འཛིན་བརྟན་པོས་ཐུབ་པའི་དབང་པོ་དེ་ཉིད་སླར་ཚུར་ལ་སྤྱན་དྲངས་ཏེ་བདག་ཉིད་ལ་བཅུག་པའི་དམིགས་པ་མཛད་པས།དངོས་སུ་བདག་ཉིད་ཀྱི་སྐུ་ལ་ཐིམ་པའི་གཟིགས་སྣང་དང་ང་རྒྱལ་བརྟན་པོས་བདུད་ཐམས་ཅད་ཟིལ་གྱིས་གནོན་པ་ལ་བག་ཚ་བ་མེད་པའི་གོ་འཕང་བརྙེས་པར་གྱུར་པའི་ཚེ། དེའི་རྗེས་ཐོགས་དེ་མ་ཐག་ཏུ། ཡེ་ཤེས་མགོན་པོ་ཕྱག་དྲུག་པས་སྣ་དྲངས།གཤིན་རྗེ་ཆོས་ཀྱི་རྒྱལ་པོས་གནོད་བྱེད་ཀྱི་མགྲིན་པ་ནས་ཞགས་པས་བཅིངས་ཏེ་ཁྲིད་བྱུང་བ་ལ། གནོད་སྦྱ་ཀྵེ་ཏྲ་པཱ་ལས་མཇུག་ནས་དེད་ཅིང་བསྡིགས་བཞིན་པ་དང་བཅས་པས་འོངས་ཏེ། མདུན་དུ་མགོ་གྲི་གུག་གིས་བཅད་ནས་རྗེ་རིན་པོ་ཆེའི་ཏིང་ངེ་འཛིན་གྱིས་སྤྲུལ་པའི་འབྲུབ་ཁུང་གི་ནང་དུ་བཅུག་སོང་བ་དང་མཉམ་དུ། ཕྱི་རོལ་ན་ནག་པོའི་ཕྱོགས་ཀྱི་གཟའ། ཀླུ། ཤ་ཟ། རྒྱལ་པོ་སྟེ་བདུད་ཀྱི་རིགས་ཀྱི་འབྱུང་པོ་མི་བསྲུན་པ་བཞི་པོ་དེ་སྡེ་དང་བཅས་པས། དམག་ཕམ་མོ་ཞེས་བྱ་བའི་ཆོ་ངེ་ཆེན་པོ་མི་བཟད་པ་ངུད་མོའི་སྒྲ་དང་བཅས་པ་བསྒྲགས་ནས་ཕྱོགས་བཅུར་བྱེར་བ། དེའི་ཚེ་ཞབས་དྲུང་ན་འཁོད་པའི་ཉམས་སྣང་བཟང་པོ་ཡོད་པ་འགའ་ཞིག་གིས་ཀྱང་མཐོང་བ་བྱུང་སྟེ། དེ་ནས་རིང་པོ་མ་ལོན་པར་སྐུ་ཁམས་ཀྱང་རིམ་གྱིས་གོང་ནས་གོང་དུ་བསྙུན་དང་བྲལ་བར་གྱུར་ཏོ། །གཞན་ཡང་དེའི་ཚེ་བར་ཆད་ཀྱི་མཚན་མ་ཅུང་ཟད་རྩུབ་པ་རེ་འོང་རེས་ཀྱིས། རྗེའི་ཞལ་སྔ་ནས་ལ་བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་དང༌།འཁོར་ལོ་ཆེན་པོའི་གཟིགས་སྣང་རེ་ངེས་ཅན་དུ་འོང་ཞིང༌། དེའི་སྟོབས་ཀྱིས་བར་ཆད་ཀྱི་མཚན་མ་དེ་ཡང་མྱུར་དུ་ཞི་འགྲོ་བ་ཞིག་འདུག །བཅོམ་ལྡན་འདས་རྣམ་པར་རྒྱལ་མ་དང༌། སྒྲོལ་མ་དང༌། གདུགས་དཀར་དང༌། འོད་ཟེར་ཅན་དང༌། རྒྱལ་བ་སྨན་གྱི་བླ་དང༌། དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་རྣམས་ཀྱི་སྐུའི་སྣང་བ་དངོས་སུ་གཟིགས་པ་ཕལ་ཆེར་གྱི་དུས་སུ་བྱུང་ཞིང༌། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། གུར་གྱི་མགོན་པོ། ཕྱག་བཞི་པ། རྣམ་ཐོས་སྲས་རྣམས་ཀྱི་གཟིགས་སྣང་ཡང་ནར་མར་བྱུང་ངོ༌། །ཞེས་གསུང་ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང༌། གནོད་སྦྱིན་ཀྵེ་ཏྲ་པཱ་ལ་གཉིས་ནི་བྲན་བཞིན་དུ་བཀའ་སྒྲུབ་པར་བྱེད་དོ། །སྐུ་ཁམས་བསྙེལ་བ་ཅུང་ཟད་དྭངས་པའི་སྐབས་ཤིག་ཏུ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་ནས། ད་ཕྱིན་ཆད་གཙོ་བོར་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཐུགས་ཉམས་སུ་བཞེས་པ་ལ་འགྲུས་པར་མཛད་ན།སྔགས་བླ་མེད་ཀྱི་སྒོ་ནས་རྟོགས་པ་ཁྱད་པར་ཅན་མྱུར་དུ་རྒྱུད་ལ་འཁྲུང་ཞིང༌། སློབ་མ་སྐལ་ལྡན་བདུན་ལ་ཡང༌། ལམ་གྱི་རྟོགས་པ་ཁྱད་པར་ཅན་རེ་སྐྱེ་བར་འགྱུར་རོ། །ཞེས་ལུང་བསྟན་པ་མཛད་པ་ལ། རྗེའི་ཞལ་ནས། ངེད་ཁམས་མ་སྙོམས་པའི་སྐབས་ཀྱི་ཉམས་ཀྱི་སྣང་བ་ལ་གཏད་པ་ཆེར་མེད་དམ། རྟོགས་ལྡན་པ་ལའང་འདྲི་དགོས་གསུང་ནས་བཀའ་གནང་བས། རྟོགས་ལྡན་པ་ན་རེ། བསྐྱར་མ་ཞུ་དགོས་པ་མེད། ཚེ་བློས་བཏང་སྣོད་དུ་རུང་བའི་འཁོར་རྣམས་ལ་མདོ་སྔགས་ཀྱི་ལམ་རྫོགས་པར་བསྟན་ནས་སྒོམ་དུ་བཅུག །རྗེའི་ཞལ་སྔ་ནས་རང་གིས་གཙོ་བོར་སྐུ་མཚམས་ཀྱི་ངང་ནས་སྒྲུབ་པ་ལྷུར་མཛད་ན། རྗེའི་ཞལ་སྔ་ནས་རང་གི་ཐུགས་རྒྱུད་ལ་ལམ་དེ་མྱུར་དུ་འཁྲུང་བའི་ནང་གི་རྒྱུ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ལ་སོགས་པ་སྔར་ཐུགས་རྒྱུད་ལ་འཁྲུངས་ཚར་ཞིང༌། ཕྱིའི་རྐྱེན་ཞིང་སྐྱེས་ཀྱི་ཕོ་ཉ་མོ་རྣམས་ཀྱིས་གྲོགས་མཛད་པ་ལ་སོགས་པ་ཁྱད་པར་ཅན་མྱུར་དུ་འོང༌།ལྷག་པའི་ལྷས་ཀྱང་བྱིན་གྱིས་རློབ་པས་རྒྱུ་ཚོགས་རྣམས་ཚང་ཞིང༌། ལམ་དེ་མྱུར་དུ་ཐུགས་རྒྱུད་ལ་འཁྲུང་ངོ་། །ཞེས་རྗེ་བཙུན་གྱིས་གསུང༌། ཞེས་ཟེར་རོ། །དེ་ནས་ནུབ་གཅིག་རྟོགས་ལྡན་པའི་མནལ་ལམ་དུ། རྗེ་རིན་པོ་ཆེ་བའི་མཆོད་རྟེན་ཡིན་ཟེར་བའི་ཕྱག་ཚད་ཡོངས་སུ་རྫོགས་པ། ནོར་བུ་རིན་པོ་ཆེའི་ཏོག་སྤྲིན་གྱི་གསེབ་ན་སླེབ་པ། ཁ་དོག་ཤིན་ཏུ་དཀར་ཞིང་མཁྲེགས་པ་དཀར་ཡོལ་གྱི་རྣམ་པ་ལྟ་བུ་བྱས་པ་ཞིག་ལ། མཁའ་འགྲོ་མ་མང་པོ་འདུས་པ། ལ་ལ་ནི་མིའི་བུ་མོ་ལྟ་བུ་དང༌། ལ་ལ་ནི་ལྷའི་བུ་མོ་ལྟ་བུ་རུས་པ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་འཕྱང་བ། ལག་ན་རིན་པོ་ཆེའི་བུམ་པ་བདུད་རྩི་དཀར་པོས་གང་བ་ཐོགས་པ་དཔག་ཏུ་མེད་པས་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་ཞིང་འདུག །མཆོད་རྟེན་དེའི་དྲུང་ན་དེའི་སེང་ཁྲི་དང་མཉམ་པའི་མཆོད་རྟེན་དྲུག་འདུག་པ་ལ། འགའ་ཞིག་ན་རེ་བདུད་རྩི་གསོལ་བ་དྲག་ཅེས་ཟེར་བ་ལ། ལ་ལན་རེ་འདི་རྣམས་ད་དུང་བཅོས་དགོས་པར་འདུག་པས་ད་ལྟ་མི་གསོལ། བཅོས་ཚར་ནས་གསོལ་བར་བྱེད། ཅེས་ཟེར། ཡང་མཆོད་རྟེན་གཅིག་གི་གོ་ས་ཞིག་འདུག་པ་དེར་ཨེ་གསོལ་ཟེར་བ་ལ། ད་ལྟ་མཆོད་རྟེན་མ་བྱུང་བས་མི་གསོལ་བྱུང་ནས་གསོལ་ཟེར་རོ། །དེ་ནས་མནལ་སད་པ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་སྔར་འདི་འདྲ་བའི་རྨི་ལམ་མི་འོང་བ་ལ་ད་ལན་བྱུང་བ་འདི་ཇི་ལྟ་བུ་ལགས། ཞེས་ཞུས་པས། སྔགས་མཚན་ཉིད་ཀྱི་གོ་བ་ཐམས་ཅད་ལེགས་པར་རྫོགས། རྫོགས་རིམ་གྱི་རྟོགས་པ་ཁྱད་པར་ཅན་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་པ་རྣམས་ཀྱི་ལྟས་ཡིན། ཞེས་གསུང་ངོ༌། །རྗེའི་ཞལ་སྔ་ནས་ལ། འདི་རྣམས་ཀྱི་གོ་བ་ཐམས་ཅད་ཡོངས་སུ་རྫོགས་པར་ཐུགས་རྒྱུད་ལ་འཁྲུངས་པ་ཇི་ཙམ་ནས་ལགས། ཞེས་ཞུས་པས། སྔགས་ཀྱི་གནད་ཐམས་ཅད་ལ་ཐེ་ཚོམ་གྱི་ལྷག་མ་མེད་པར་ཡོངས་སུ་རྫོགས་པ་ང་དྲུག་ནས་ཡིན། ཕ་རོལ་ཏུ་ཕྱིན་པའི་གནད་རྣམས་སྔ་མོ་ནས་རྫོགས་རྒྱུ་ཡིན་ནའང༌། ཕ་རོལ་ཏུ་ཕྱིན་པའི་ཡང་དག་མཐའ་མངོན་དུ་བྱེད་ཚུལ་དཔྱིས་ཕྱིན་པ་ཞིག་གོ་བ་སྔགས་ཀྱི་སྤྱོད་པའི་སྐབས་ཤིག་ལེགས་པར་གོ་བ་ལ་རག་ལས་འདུག །ཅེས་གསུང་ངོ༌། །དེ་ནས་བསྙུན་ལེགས་པར་དྭངས། གཙུག་ལག་ཁང་རྨད་དུ་བྱུང་བ་བཞེངས་ཤིང༌། ཆོས་ཀྱི་འཁོར་ལོ་ཟབ་ཅིང་རྒྱ་ཆེ་བ་རྒྱུན་མི་འཆད་པར་བསྐོར་བ་རྣམས་ཀྱི་རྣམ་པར་ཐར་པ་ནི་ཐུན་མོང་བར་གསལ་ལ། ཡང་དགུང་ལོ་དྲུག་ཅུ་རྩ་གཉིས་བཞེས་པའི་དགུན་སྨད་ཅིག་ཆོས་སྐྱོང་འདི་རྣམས་ལའང་གཏོར་མ་འབུལ་བའི་དུས་དབྱངས་ཀྱི་ང་རོ་དང་བཅས་ན་ཤིན་ཏུ་དགྱེས་པར་འདུག་པས་འདི་བཞིན་བྱེད་པ་ཡིན་གསུངས་ནས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྤྱན་འདྲེན་པ་དང༌།བསྟོད་ཅིང་བསྐུལ་བ་སོགས་ཀྱི་དབྱངས་བཞི་མཛད། དེ་དུས་ནུབ་གཅིག་སྐུ་དྲུང་ན་གནས་པ་བསྙེན་སྒྲུབ་སོགས་ལ་བརྩོན་པ་ཞིག་གི་རྨི་ལམ་དུ། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཤིན་ཏུ་བརྗིད་ཅིང༌། ཆེ་བ་ཞིག་ཕ་ཚད་ནས་བྱོན་ནས། བསྟོད་པའི་དབྱངས་འདི་ལྟར་གྱིས་ལ་འཐེན་ཞིག་གསུངས་ནས། ཁོང་རང་གིས་འཐེན་གྱིན་འདུག་པས། ས་དང་རི་བོ་ཐམས་ཅད་བེ་རེ་རེ་འོང་གིན་འདུག་པ་ཞིག་རྨིས་འདུག །གཞན་ཡང་དེ་འདྲ་བའི་རྨི་ལྟས་འགའ་རེ་ལ་བྱུང༌། དེ་ནས་དབྱངས་སྦྱོང་བ་རྣམས་ལའང་འདིའི་གཏོར་མ་མ་བཤམས་པར་དབྱངས་བྱ་མི་རུང་བར་འདུག་པས་མ་བྱེད་གསུངས། སྐབས་ཤིག་ཏུ་དེའི་རྒྱུ་མཚན་ཇི་ལྟ་བུ་མཆིས། ཞེས་ཞུས་པས། ལར་རང་གཤིན་རྗེ་ཆོས་རྒྱལ་འདི་ཁོང་རང་གི་སྐུའི་རྣམ་པ་ཇི་ལྟ་བས་ཀྱང་མང་དུ་འོང༌། ཁྱད་པར་སྐུ་དྲུང་ན་ཞབས་ཏོག་ལ་རྒྱུན་པར་ཡོད་པ་གང་ཡང་རུང་བ་རེའི་གཟུགས་བྱད་དུ་བྱས་ནས་གཟིམས་ཁང་གི་ནང་དུ་ཕར་འགྲོ་ཚུར་འགྲོ་དང༌། སྐུ་མདུན་སོགས་སུ་བྱ་བྱེད་མང་པོ་བྱེད།སྙན་དྲུང་དུ་ཤུབ་ཤུབ་ཀྱིས་ཞལ་ཏ་ཞུ་བའི་རྣམ་པ་བྱས་ནས། གཏམ་མང་པོ་ཞིག་སྨྲ་བ་ནར་མར་འོང༌། དེ་གཟིམས་ཁང་ན་ནར་མར་གནས་པ་མང་པོས་ཀྱང་མཐོང་བ་འོང་ཞིང༌། དེ་ཡང་གང་གི་གཟུགས་སུ་བསྒྱུར་བ་དེར་འཁྲུལ་ནས་གཞན་ཚོས་ངོ་མི་ཤེས་པ་ཞིག་འོང༌།ཁ་སང་ནས་དབྱངས་བྱེད་པའི་དུས་ཐམས་ཅད་དུའང་དེ་འདྲ་ཞིག་འོངས་ནས་ལབ་ལབ་རང་བྱེད། གཏོར་མ་སྟེར་དགོས་པ་འདུག །གཏོར་མ་བྱས་ན་བྱངས་ཀྱི་ང་རོ་བྱས་པའི་ཚེ་དགའ་བའི་རྣམ་འགྱུར་སྣ་ཚོགས་བྱེད་པ་འདུག །ཅེས་གསུང་ངོ༌། །འདི་དག་ནི་བདག་གིས། བདག་ཉིད་ཆེན་པོ་འདིའི་མངོན་པར་རྟོགས་པའི་ཡོན་ཏན་ཟད་མི་ཤེས་ཤིང་གཏིང་དཔག་པར་དཀའ་བའི་ཆུ་གཏེར་ཆེན་པོ་ལས། སྐྲ་རྩེའི་ཆུ་ཚོད་ཙམ་བླངས་ནས་བརྗོད་པར་ཟད་ལ། མཐའ་དག་པར་ནི་ལྟ་ཅི་ཞིག་སྨོས་ལ། ཆེ་ལོང་དག་ཀྱང་མ་ལུས་པ་བདག་ཅག་རྣམས་ཀྱི་བློ་ཡུལ་དུ་གྱུར་པ་ནི་རྔོ་མི་ཐོགས་ལ། བདག་ཉིད་ཆེན་པོ་འདི་ནི་ཇི་ཙམ་གྱི་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་ལ་དབང་འབྱོར་ཀྱང༌། ཁེངས་པ་དང་མངོན་པའི་ང་རྒྱལ་གྱི་དྲི་ཙམ་ཡང་མི་མངའ་བར་མ་ཟད་ཀྱི། མངོན་པར་རྟོགས་པའི་ཡོན་ཏན་ཆེན་པོའི་ཆེན་པོ་དག་ལྟ་ཞོག །ཕྲ་མོ་དག་ཀྱང་ཕྱི་རོལ་ཏུ་མི་མངོན་ཞིང་འཆབ་པར་མཛད་དེ། རྙེད་བཀུར་དང་སྙན་གྲགས་ལ་སོགས་པའི་ངོར་ལྟ་བས་བདག་ཉིད་གསལ་བར་སྒྲོགས་པ་ནི། བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་རྨི་ལམ་དུའང་རྒྱང་བསྲིངས་པར་མ་ཟད་ཀྱི། ཉིད་ལ་དད་པ་བསྒོམ་པ་ལྷུར་བྱེད་པ་ཆེན་པོ་དག་གིས་ནན་གྱིས་གསོལ་བ་དག་ལའང་བཀའ་སྩོལ་བ་ཤིན་ཏུ་དཀའང་དཀའ་ལྟར་སྟོན་ན། འཕྲོས་པའི་བཀའ་མཆིད་སྣ་ཚོགས་པ་དག་གི་ཞར་བྱུང་གིས་སྐབས་ཕྱེ་ནས་བར་མ་དོར་གསུང་བ་ཉིད་དུ་ལྟ་ག་ལ་འགྱུར་ཏེ། གཞན་ལ་ཕན་པར་འགྱུར་བ་ལ་སོགས་པའི་དགོས་པ་ཁྱད་པར་ཅན་ཉེ་བར་མ་གཟིགས་པར། བདག་ཉིད་ཕུན་སུམ་ཚོགས་པར་སྒྲོག་པ་ལྷུར་བྱེད་པ་ནི་དམ་པའི་ཚུལ་མ་ཡིན་པར་གཟིགས་པའི་ཕྱིར་རོ། །དེ་ལྟ་ན་ཡང་བདག་ཉིད། རྗེ་རིན་པོ་ཆེ་ལ་མི་ཕྱེད་པའི་དད་པ་ཤུགས་དྲག་པོས་ཡུན་རིང་དུ་གསོལ་བ་བཏབ་ཅིང༌། ཁྱད་པར་བདག་ཉིད་ཆེན་པོ་འདིའི་མངོན་པར་རྟོགས་པའི་ཡོན་ཏན་ཆ་ཤས་རེ་ཙམ་ཡང་ཁོང་དུ་ཆུད་པར་གྱུར་ཏེ་དེ་ཉིད་རྒྱུ་མཚན་དུ་བྱས་པའི་སྒོ་ནས་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་ལ་དད་པ་བསྒོམ་པ་ལྷུར་བྱེད་པ་དང༌། བདག་ཀྱང་ཚེ་རབས་ཀུན་ཏུ་དམ་པ་དེའི་ལེགས་པར་བཤད་པའི་བདུད་རྩིས་འཚོ་བར་སྨོན་པ་རྒྱུན་གྱི་རྣལ་འབྱོར་དུ་བྱེད་པར་གྱུར་ན་ཅི་མ་རུང་སྙམ་པ་ཡིད་ལ་གཅགས་བཞིན་པས། གསེར་གྱི་མེ་ཏོག་དང་བཅས་པའི་མཎྜལ་སྔོན་དུ་བཏང་སྟེ་གསོལ་བ་བཏབ་པ་ལས། རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་བརྩེ་བ་ཆེན་པོས་ཉེ་བར་གཟིགས་ཏེ།དགྱེས་བཞིན་དུ་བཀའ་སྩལ་པ་ཅུང་ཟད་ཅིག་མཆིས་པ་དག །རྗེ་ཉིད་ལ་མི་ཕྱེད་པའི་དད་པ་དང་ལྡན་པའི་བཤེས་གཉེན་སྡེ་སྣོད་དང་རྒྱུད་སྡེ་འཛིན་པ། ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱིས་ཕྱུག་པ་ཤིན་ཏུ་མང་པོ་ཞིག་གིས་ཐུགས་ཀྱི་འདུན་པ་ཤུགས་དྲག་པོས་ཞལ་ཏ་ནན་ཆེར་གནང་ཞིང་བསྐུལ་བའི་བཀའི་ཁུར་ལྕི་བས་ནོན་པར་གྱུར་ཏེ། སླར་ཡང་རྗེ་བླ་མ་ཉིད་ལ་གསོལ་བ་བཏབ་ཅིང༌། ཡི་གེར་འགོད་པའི་གནང་བ་སྤྱི་བོར་མནོས་ནས། རྗེ་བཙུན་བླ་མ་དེའི་མངོན་པར་རྟོགས་པའི་ཡོན་ཏན་རྨད་དུ་བྱུང་བ་འདི་དག་སྐལ་བ་དང་ལྡན་པ་དག་ལ་ཕན་གདགས་པའི་སླད་དུ་མཆོག་ཏུ་གསང་བའི་གཏམ་གྱི་དགའ་སྟོན་ཡི་གེར་བཀོད་པ་ལ། ནོངས་པ་མཆིས་པ་གང་ལགས་པ་དེ་དག་ཐམས་ཅད། རྗེ་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་སྤྱན་སྔར་འཆགས་ཀྱིས། བརྩེ་བ་ཆེན་པོས་བཟོད་པར་བཞེས་ཏེ་བདག་ལ་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་ཉིད་ཆེནཔོ་འདི་ལ་གཅིག་ཏུ་དད་ཅིང་སྐལ་བ་དང་ལྡན་པ་དག་གིས་ཀྱང་ཡི་གེ་འདི་ཉིད་ཚོགས་པར་དབྱུང་བའི་གཏམ་དུ་བྱ་བ་མ་ཡིན་ཏེ། མཆོག་ཏུ་གསང་བའི་གཏམ་གྱི་རོལ་པས། དད་པ་ལྷག་པར་བསྐྱེད་པ་ལྷུར་བླང་བར་བྱའོ། །དེ་ལྟར་བདག་གིས་རྒྱལ་བ་སྲས་བཅས་ཀུན། །གཅིག་ཏུ་བསྡུས་པའི་རྗེ་བཙུན་ཐུགས་རྗེའི་གཏེར། །མཉམ་མེད་འགྲོ་བའི་མིག་གཅི་གཙོང་ཁ་པ། །དེ་ཡི་རླབས་ཆེན་ཡོན་ཏན་རྒྱ་མཚོ་ལས། །རྨད་བྱུང་མངོན་པར་རྟོགས་པའི་ཡིད་བཞིན་ནོར། །ས་སྟེང་སྐྱེ་བོ་ཀུན་ལ་གསལ་མིན་པ། །གང་གི་ཆ་ཤས་ཙམ་ཞིག་རབ་བླངས་ནས། །སྐལ་ལྡན་དད་པའི་རྒྱལ་མཚན་རྩེ་བཀོད་དོ། །གང་ཡང་བདག་བློའི་ཉེས་པས་འདིར། །སྦས་དོན་གསལ་བར་བགྱིས་ལ་སོགས། །ནོངས་པ་གང་ལགས་གནོང་བ་ཡིས། །བླ་མ་མཆོག་ལ་བདག་འཆགས་སོ། །དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག །གང་གི་མཚན་ཡང་བསྐལ་པར་རྙེད་དཀའ་བ། །ཐེག་མཆོག་དགེ་བའི་བཤེས་ཁྱོད་ཞབས་ཀྱི་རྡུལ། །འབྲལ་མེད་གཙུག་ཕུད་རྒྱན་དུ་བསྟེན་པར་ཤོག །དེར་ནི་སྒོ་གསུམ་བྱ་བ་ཀུན་གྱིས་ཀྱང༌། །ཁྱོད་མཉེས་བགྱིད་པ་འབའ་ཞིག་ལྷུར་བླངས་ནས། །དེ་ཡི་མཐུ་ལས་ཐུགས་ཀྱི་བཅུང་ཕྱུང་བ། །ཁྱོད་གསུང་བདུད་རྩིའི་རོ་ཡིས་འཚོ་བར་ཤོག །ཐེག་ཆེན་ལམ་གྱི་གཞུང་ཤིང་བྱང་ཆུབ་སེམས། །ཡང་དག་ལྟ་བའི་གནད་དང་རིམ་གཉིས་ལ། །འཁྲུལ་མེད་ངེས་པ་རྙེད་ནས་བརྩོན་པ་ཡིས། །ཁྱོད་གསུང་སྒྲུབ་པ་སྙིང་པོར་བྱེད་པར་ཤོག །ཅེས་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་གཅིག་ཏུ་བསྡུས་པ། ལྔ་བརྒྱ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ། སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་ལ་རྒྱལ་བ་ཉིད་དང་མཚུངས་པ། སྐྱེ་དགུ་མ་ལུས་པའི་གཉེན་གཅིག་པུ། རྣལ་འབྱོར་གྱི་དབང་ཕྱུག་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་ཞེས་ས་གསུམ་ན་ཡོངས་སུ་གསལ་བ་དེའི་ཞལ་སྔ་ནས་ཀྱི་རྣམ་པར་ཐར་པ་མཆོག་ཏུ་གསང་བ་རྒྱ་མཚོ་ལྟ་བུ་ལས། ཆ་ཤས་ཉུང་ངུ་ཞིག་ཡོངས་སུ་བརྗོད་པའི་གཏམ། རིན་པོ་ཆེའི་སྙེ་མ་ཞེས་བྱ་བ་འདི་ནི། དཔལ་ལྡན་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེའི་ཞབས་ཀྱི་པདྨོ་ལ་གུས་པས་གཏུགས་པའི་བཀའ་དྲིན་གྱིས་ཉེ་བར་འཚོ་བའི་མང་དུ་ཐོས་པའི་བཙུན་པ་དགེ་ལེགས་དཔལ་བཟང་པོས། གྲུབ་པའི་གནས་མཆོག་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་ཆེན་པོ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་སྦྱར་བ་ཕྱོགས་དུས་ཐམས་ཅད་དུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།མངྒ་ལཾ།

   རྩོམ་སྒྲིག་པ། མང་ར་བ།
              གསལ་འདེབས། 
    རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                       དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།