རྗེའི་གསུང་བཏུས་ལེགས་བཤད་གསེར་གྱི་ཐང་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-12-11 22:04:00     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  


229257955929478265.jpg


 རང་གིས་ཇི་ཙམ་ཞིག་གོ་བ་དེ་བཞིན་དུ་ཉམས་སུ་ལེན་པས་གོ་བ་ནོར་ན་སྒྲུབ་པ་ནོར་ལ་སྒྲུབ་པ་མ་ནོར་བ་ཡང་གོ་བ་མ་ནོར་བ་ལ་རག་ལས་པའི་ཕྱི ར་རོ། །

 སློབ་མ་ལ་རྒྱུད་ལ་ཡོན་ཏན་སྣ་གཅིག་སྐྱེ་བ་དང་སྐྱོན་སྣ་གཅིག་འགྲིབ་པ་ཡན་ཆད་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ནི་དམ་པའི་བཤེས་ཡིན་པས་ཐོག་མར་དེ་བསྟེན་པའི་ཚུལ་གལ་ཆེའོ།།

བླ་མ་ལ་ཡོན་ཏན་ཤས་ཆེ་བ་ཡིན་ཡང་དེའི་སྐྱོན་ཅུང་ཟད་ཡོད་པའི་ངོས་ནས་བརྟགས་ན་རང་ལ་དངོས་གྲུབ་ཀྱི་གེགས་སུ་འགྱུར་ལ། སྐྱོན་ཤས་ཆེ་བའང་སྐྱོན་ཀྱི་ངོས་ནས་མ་བརྟགས་པར་ཡོན་ཏན་གྱི་ངོས་ནས་དད་པ་སྦྱངས་ན་རང་ལ་དངོས་གྲུབ་འབྱུང་བའི་རྒྱུར་འགྱུར་རོ། །

མི་དགེ་བའི་བཤེས་གཉེན་དང་སྡུག་གྲོགས་ཀྱང་བསྟེན་ན་ཡོན་ཏན་རྣམས་ཁད་ཀྱིས་འགྲིབ་ཅིང་ཉེས་པ་ཐམས་ཅད་འཕེལ་ནས་མི་འདོད་པ་མཐའ་དག་སྐྱེད་པས་རྣམ་པ་ཐམས་ཅད་དུ་སྤང་བར་བྱ།

དཀར་ནག་གི་ལས་ཕྲ་མོ་ཡང་གྲིབ་མ་བཞིན་རྗེས་སུ་འབྲངས་ནས་བདེ་སྡུག་ཆེན་པོ་བསྐྱེད་པ་ལ་ངེས་པ་བརྟན་པར་བྱས་ནས་དགེ་བའི་ལས་ཕྲ་མོ་ནས་ཀྱང་བསྒྲུབ་པ་དང༌། སྡིག་ལྟུང་ཕྲ་མོ་ནས་ཀྱང་སྤོང་བ་ལ་འབད་པར་བྱ།

ཆོས་ཀྱི་རྗེ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པས་གདུལ་བྱ་ཕན་བདེ་ལ་སྦྱོར་བའི་རིམ་པ་ནི་འདི་ཡིན་ཏེ། དང་བོར་ནི་མངོན་པར་མཐོ་བའི་རིམ་པ་དང་། ཕྱིས་ནི་ངེས་པར་ལེགས་པའི་བདེ་བ་ལ་འགོད་པའོ། །འདི་ཙམ་གྱིས་ནི་སྐྱེས་བུའི་གནས་སྐབས་དང་། མཐར་ཐུག་གི་འདོད་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་ཕྱིར་དོན་དུ་གཉེར་བར་བྱ་བ་ནི་འདི་དག་ཏུ་ཡོངས་སུ་ཚང་བར་ལྟ་བར་བྱ་སྟེ། ལྷག་པ་དང་མ་ཚང་བ་མེད་པའོ། །

སྤྱིར་ཐར་པ་འདོད་པ་རྣམས་ལ་འཕྲལ་དང་ཡུན་གྱི་ཕན་བདེ་ཐམས་ཅད་འགྲུབ་པའི་ཐབས་ནི་རྒྱལ་བའི་གསུང་རབ་ཉིད་ཡིན་ཏེ། བླང་དོར་གྱི་གནས་ཐམས་ཅད་སྟོན་པ་ལ་འཁྲུལ་པ་མ་ལུས་པ་དང་བྲལ་བ་ནི་སངས་རྒྱས་ཉག་གཅིག་ཡིན་པའི་ཕྱིར་རོ། །

མན་ངག་རྣམ་པར་དག་པ་ཡིན་ན་གཞུང་ཆེན་མོ་རྣམས་ལ་ངེས་པ་སྟེར་བ་ཞིག་དགོས་ཀྱི། མན་ངག་ལ་ཅི་ཙམ་སྦྱངས་ཀྱང་བཀའ་དང་དགོངས་འགྲེལ་ཆེན་མོ་རྣམས་ཀྱི་དོན་ལ་ངེས་པ་སྟེར་མི་ནུས་པའམ་དེ་དག་དང་མི་མཐུན་པའི་ལམ་སྟོན་ན་ནི་དོར་བར་བྱ་བ་ཁོ་ནའོ། །

ཐར་འདོད་རྣམས་ལ་མི་སླུ་བའི་གདམས་པ་མཆོག་ནི་གཞུང་ཆེན་མོ་རྣམས་ཡིན་མོད། དེ་ཡང་རང་ཉིད་བློ་ཞན་པ་ལ་སོགས་པའི་རྒྱུ་མཚན་གྱིས་གདམས་པའི་མཆོག་ཏུ་གཞུང་དེ་ཙམ་ལ་བརྟེན་ནས་ངེས་མི་ནུས་པས། དམ་པའི་མན་ངག་ལ་བརྟེན་ནས་དེ་དག་ལ་ངེས་པ་བཙལ་བར་བྱའོ་སྙམ་དུ་མན་ངག་འཚོལ་དགོས་པ་ཡིན་གྱི། གཞུང་རྣམས་ནི་ཕྱི་རྒྱ་གཅོད་པ་ཙམ་ཡིན་པས་སྙིང་པོ་མེད་ལ། མན་ངག་རྣམས་ནི་ནང་གི་དོན་སྟོན་པས་མཆོག་གོ་སྙམ་དུ་མི་གཟུང་ངོ་། །

མདོ་བསྟན་བཅོས་ཀྱི་ལུང་སྐབས་སུ་བབ་པ་རྣམས་ཀྱི་དོན་བླ་མའི་མན་ངག་གིས་སེམས་ལ་བསྐོར་ནས་སྔ་མ་སྔ་མའི་གསུང་སྒྲོས་ཀྱིས་བརྒྱན་ཏེ། མཐའ་དག་པར་འཆད་ཅིང་ཆོས་འཆད་ཤེས་པ་ཞིག་གིས་ཉན་ཤེས་པ་ཞིག་ལ་བཤད་པ་ན་ཆོས་གྲྭའི་བློའི་འཁུལ་འདྲ་བ་ལྐོག་ཏུ་བསམས་པ་ལ་འོང་དཀའ་གསུང་བ་ནི་ཤིན་ཏུ་ལེགས་ཤིང་མད་པས། ད་རེས་དམིགས་པའི་སྐབས་ཡིན་ཟེར་ནས་འབུས་ཙམ་རེ་བྱར་མི་རུང་སྟེ། དེ་ནི་ཐོས་བསམ་གྱི་དུས་དང་ཉམས་ལེན་གྱི་དུས་ཞེས་ཆོས་མང་དུ་བཤད་པ་དང་ཉམས་ལེན་གྱི་སྐབས་གཉིས་འགལ་བར་འཛིན་པའི་ལོག་རྟོག་ཡིན་པའི་ཕྱིར་རོ། །

གཏན་གྱི་བདེ་བ་ཞིག་བསྒྲུབ་པའི་ཕྱིར་དུ་ཆོས་རྣམ་དག་བསྒྲུབ་པ་ཞིག་མ་བྱུང་ན་མ་ཤི་ཚུན་ཆོད་ཀྱི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བ༌ཙམ་ལ་བརྩོན་པ་ནི་དུད་འགྲོ་ལ༌ཡང་ཡོད་པས་བདེ་འགྲོར་སྐྱེས་ཀྱང་དུད་འགྲོ་དང་འདྲ།

གཞན་གྱིས་རང་ལ་བསྟོད་པ་དང་རང་གི་གྲགས་པ་རྒྱས་པ་ལ། ཚེ་རིང་བ་དང་ནད་མེད་པ་སོགས་ཚེ་འདི་དང་། བསོད་ནམས་འཐོབ་པ་སོགས་སྐྱེ་བ་གཞན་གྱི་དོན་གཉིས་པོ་གང་ཡང་མེད་པས། དེ་དག་ཉམས་པ་ལ་མི་དགའ་བ་ནི། གནས་ཁང་གི་དགོས་པ་གང་ཡང་མི་འགྲུབ་པའི་བྱེ་མའི་ཁང་བུ་རྡིབ་པ་ན་བྱིས་པ་ཆུང་ངུ་རྣམས་ངུ་བ་དང་བདག་ཅག་གཉིས་ཁྱད་མེད་དོ་སྙམ་དུ་རང་ལ་སྨད་ནས་ཆགས་པར་མི་བྱ།

བསྟོད་པ་ལ་སོགས་པ་ནི་སེམས་དོན་མ་ཡིན་པ་ལ་གཡེང་བ་དང་སྐྱོ་ཤས་འཇིག་པ་དང་ཡོན་ཏན་ཅན་ལ་ཕྲག་དོག་བསྐྱེད་པ་དང་དགེ་བའི་བྱ་བ་རྣམས་ཉམས་པར་བྱེད་དོ་སྙམ་དུ་བསམས་ནས་དེ་དག་ལ་ཡིད་འབྱུང་བ་བསྐྱེད་པར་བྱ།

གཞུང་ལུགས་ཆེ་ལ་ལོ་མང་སྦྱངས་པ་ཡི། །གྲོགས་དག་རང་གི་ནོར་བུ་རིན་པོ་ཆེ། །དོར་ནས་གཞན་གྱི་མཆིང་བུ་མ་ལེན་པར། །རང་ལ་རིན་ཆེན་ཡོད་པ་མཁྱེན་པར་མཛོད། །

ས་འདི་མཁས་གྲུབ་བརྒྱ་སྟོང་གི །རིན་ཆེན་འཁུར་ཆེན་འཛིན་པའི་ཚེ། །འབད་པའི་མཁས་པ་དེ་དག་གི །སྤྱན་སྔར་སོ་སོའི་ལེགས་བཤད་ལེན། །དུས་ཀྱི་དབང་གིས་དེ་ཉམས་ཚེ། །དེ་དག་སོ་སོའི་ཐུགས་ཀྱི་བཅུད། །ཡི་གེར་བྲིས་པའི་གཞུང་བཟང་རྣམས། །བླ་མའི་མན་ངག་ལ་བརྟེན་ནས། །ལེགས་པར་བརྟགས་ནས་ལེན་པ་འདི། །དེ་ཡི་དོན་དུ་མཁས་པས་ཤེས། །དེས་ནི་ཡང་དག་ལྟར་སྣང་གི །ལམ་གྱི་དབྱེ་བ་ཇི་བཞིན་ཕྱེད། །

ཀྱེ་མའོ་སྐྱེ་དགུའི་དོན་གཉིས་འགྲུབ་པ་ནི། །རྣམ་དག་གཞུང་ལུགས་དག་ལ་མ་བརྟེན་མིན། །དེ་ལ་བརྟེན་པའང་སྒྲ་ཙམ་ལྷུར་ལེན་པས། །འདས་པར་བྱས་ན་དེ་ལས་བསླུས་པ་གང་། །

ཆུས་འཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གཞུང་ལུགས་གདམས་པར་ཤར་བ་མེད་པས་ནོངས། །དེ་ཕྱིར་གང་བསླབས་གདམས་པར་ཤར་བ་གཅེས། །

བྱང་ཆུབ་ཡན་ལག་ཡོངས་སུ་ཉམས་པའི་རྒྱུ། །རྙེད་དང་བཀུར་སྟི་འདུ་འཛི་གཉིད་དང་རྨུགས། །སྨྲ་དང་ལས་དང་སྤྲོས་ལ་དགའ་བ་ཡི། །ཉེས་དམིགས་ལེགས་པར་བརྟགས་ལ་སུན་དབྱུང་བྱ། །

ཕན་བདེའི་རྩ་བ་གཅོད་པའི་མི་བཟད་ལས། །ཆོས་སྨྲ་ཆོས་ལ་འཁྲུགས་ནས་སུན་འབྱིན་པ། །སྲོག་གི་ཕྱིར་ཡང་ནམ་ཡང་མི་བྱེད་པར། །ཡི་དམ་བརྟན་པོ་ལྷག་པར་བསྟེན་པར་བྱ། །

མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ།

རང་རྒྱུད་ཀྱི་ལྷན་སྐྱེས་ཀྱི་བདག་འཛིན་གྱིས་ཇི་ལྟར་བཟུང་ལེགས་པར་བལྟས་ལ་གཞུང་རྣམས་དེ་འགོག་པའི་ཐབས་སུ་ཤེས་པར་བྱས་ནས་ཉན་པ་དང་འཆད་པ་དང་ལྟ་བ་དང་སེམས་པ་དང་སྒོམ་པ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་སུན་དབྱུང་བ་ལ་མཁས་པར་བྱའི་གཤགས་འབྱེད་པ་ཙམ་གྱི་མཁས་པ་ལ་དགའ་བར་མི་བྱའོ། །

འདབ་གཤོག་ཅུང་ཟད་སྐྱེས་པའི་བྱ་འཕུར་ལ་བརྩོན་པ་བཞིན་བསྟོད་པ་ཡིན་གྱི་སྨད་པ་ནི་མ་ཡིན་ནོ།།

མི་བརྟན་ཚེ་འདིའི་བདེ་ཙམ་སྒྲུབ་པའི་ཐབས།།ཟང་ཟིང་རྫས་ལའང་ཆོག་ཤེས་མེད་གྱུར་ན།།གཏན་བདེ་སྒྲུབ་བྱེད་ནོར་མཆོག་ཐོས་པའི་ནོར།།དེ་ལ་ཆོག་པར་འཛིན་རྣམས་བདུད་ཀྱིས་ཐེབས།།

དེང་བྱ་སང་བྱའི་ལེ་ལོས་གཡེངས་གྱུར་ན།།དོན་མ་འགྲུབ་པར་སྟོབས་ཆེན་འཆི་བདག་གིས།།འཇིག་རྟེན་ཕ་རོལ་གནས་སུ་ཁྲིད་གྱུར་ན།།དེ་ཚེ་མྱ་ངན་གྱུར་ཀྱང་ཅི་བྱར་ཡོད།།

སྲིད་པའི་ཕུན་ཚོགས་གཡོ་བ་གློག་གི་གར།།ལང་ཚོ་མི་སྡོད་རྒྱུག་པའི་རི་གཟར་ཆུ།།དེ་ལྟར་རྟོགས་ནས་བློ་གྲོས་ཆེན་པོ་འགས།།བདག་གིས་རིག་གནས་གང་ལ་སྦྱངས་སྙམ་ན།།རིགས་ལམ་ཕྲ་མོ་ཕྱེད་པའི་རྣམ་དཔྱོད་དང་།།གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་དང་།།ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ།།ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་།།འདི་ནི་ཤིན་ཏུ་དཀོན་ཞིང་འདོད་པ་འཇོ།།རྨད་དུ་བྱུང་བའི་དགའ་བ་རྒྱས་བྱེད་པས།།རིན་པོ་ཆེ་ཞེས་མཁས་པ་རྣམས་ལ་གྲགས།།མཁས་པའི་ཡིད་འཕྲོག་རིན་ཆེན་གཞན་ཡོད་མིན།།

བློས་མི་འཆི་བའི་ཕྱོགས་འཛིན་པ་ནི་རྒུད་པ་ཀུན་གྱི་སྒོ་དང་། དེའི་གཉེན་པོ་འཆི་བ་དྲན་པ་ནི་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྒོའོ།།

མདོར་ན་སྐྱེས་བུའི་དོན་བསྒྲུབ་པའི་དུས་ནི་དལ་བའི་རྟེན་ཁྱད་པར་ཅན་ཐོབ་པའི་དུས་འདི་ཁོ་ན་ཡིན་ནོ།།

ཁྱད་པར་དུ་དལ་འབྱོར་ཚང་བ་ཐོབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་ཕར་ཕྱིན་དྲུག་གིས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བ་སོགས་དགེ་རྩ་མང་པོ་ཞིག་དགོས།

བཤེས་གཉེན་བསྟེན་པ་དང་དལ་འབྱོར་དང་མི་རྟག་པའི་སྐོར་རྣམས་གསུང་རབ་དགོངས་འགྲེལ་དང་བཅས་པ་ག་ན་འདུག་ཀྱང་སྐབས་དེ་དང་དེའི་ཉམས་ལེན་དུ་ཤེས་པར་བྱས་ནས་བསྐྱངས་ན་རྒྱལ་བའི་དགོངས་པ་རྣམས་བདེ་བླག་ཏུ་རྙེད་པར་འགྱུར་ཏེ་སྐབས་གཞན་དུ་ཡང་དེ་ལྟར་ཤེས་པར་བྱའོ།།

གཞན་ལ་ལམ་མ་ནོར་བར་བསྟན་ནས་རྗེས་སུ་འཛིན་པ་མ་གཏོགས་པ་སྡིག་པ་ཆུས་འཁྲུ་བ་སོགས་བྱར་མེད་དོ།།

བླ་མ་བསྟེན་ཚུལ་མ་ཤེས་པར་བསྟེན་ན་ནི་ཁེ་མི་ཐོབ་པར་མ་ཟད་གྱོང་འབྱུང་བས། བཤེས་གཉེན་བསྟེན་པའི་ཆོས་སྐོར་འདི་རྣམས་ནི་གང་ལས་ཀྱང་གལ་ཆེ་བ་གཏན་གྱི་འདུན་མའི་རྩ་བར་སྣང་།

སྒོམ་བྱེད་པ་ལ་ཐོས་བསམ་གལ་ཆེ་བར་གསུང་རབ་དགོངས་འགྲེལ་བཅས་པ་ནས་གསུངས་པ་ཡིན།

རང་རེ་རྣམས་འཁོར་བ་འདིར་གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁོར་བའི་འཁོར་ཚུལ་ལ་མྱོང་བ་ལྷང་བ་མ་སྐྱེས་ན་ནི་འཁོར་བ་ལ་ཞེན་ལོག་དང་སྐྱོ་ཤས་ངེས་འབྱུང་རྣམས་རྣལ་མ་འོང་ས་མེད་ཅིང་། དེ་ལྟར་འཁོར་བར་འཁྱམས་ཚུལ་ལ་མྱོང་བ་ལྷང་བ་སྐྱེ་བ་ནི། རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ཚུལ་སྒོམ་པ་ལ་རག་ལས།

ངན་སོང་གི་སྡུག་བསྔལ་སྒོམ་པ། སྐྱབས་འགྲོ། ལས་འབྲས། སྡིག་བཤགས་འདི་རྣམས་ལ་ཡང་དིང་སང་གི་ཉམས་ལེན་པ་རྣམས་སླ་ཆོས་སུ་བྱེད་པ་སྣང་མོད་ཀྱང་། ཁོ་བོ་བློ་དང་རྩོལ་བ་ཞན། ཉམས་དང་རྟོགས་པ་དམའ་བའི་གང་ཟག་གི་བློ་ངོར་ནི་འདི་རྣམས་ཡང་གལ་ཆེ་བར་སྣང་།

ཆོས་དང་བསྟུན་ཙ་ན་རོ་ཁུར་བ་ལྟར་རྒྱབ་བསྣོལ་དུ་སོང་བ་ལ་ཆོས་པ་དང་མཁས་བཙུན་གྱི་ཡང་རྩེར་རེ་ན་བྱིས་པའི་ཐ་ཆད་ཡིན།

འཁོར་བ་ལ་རྣམ་གྲངས་དུ་མར་ཉེས་དམིགས་སུ་བརྟགས་ཏེ་བསྒོམས་པས་འཁོར་བའི་ཕུན་ཚོགས་ལ་སྲེད་པ་སུན་འབྱིན་པའི་གཉེན་པོ་ཡང་མ་རྙེད། བདག་མེད་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་ཡང་མ་དཔྱད། བྱང་ཆུབ་ཀྱི་སེམས་གཉིས་ལ་གོམས་པར་བྱེད་པ་དང་བྲལ་བའི་དགེ་སྦྱོར་རྣམས་ནི། ཞིང་གི་མཐུ་ལ་བརྟེན་པ་འགའ་རེ་མ་གཏོགས་པ་ཀུན་འབྱུང་རང་དགའ་བར་འགྲོ་བས་འཁོར་བའི་འཁོར་ལོ་བསྐོར་བ་ཡིན་ནོ།།

འདི་ན་སྐྱེས་བུ་རྣམས་ཀྱི་བདེ་བ་དང་བརྗིད་བག་དང་སྐྱེས་བུའི་རྩལ་ནི་གཞན་གྱི་དོན་ཁུར་དུ་འཁྱེར་བ་ལ་བྱ་བར་རིགས་ཏེ། རང་གི་དོན་ཙམ་ལ་དམིགས་པ་ནི་དུད་འགྲོ་རྣམས་དང་ཡང་ཐུན་མོང་བ་ཡིན་པའི་ཕྱིར་རོ། །

རྣམ་སྨིན་ཚབས་ཆེ་བ་འབྱིན་པ་དང་དགེ་རྩ་འཇོམས་པ་གཉིས་ཀ་ཚོགས་པའི་ཉེས་སྤྱོད་ནི་ཞེ་སྡང་ལས་གཞན་པའང་མང་སྟེ། རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ལོག་ལྟ་དང་དམ་པའི་ཆོས་སྤོང་བ་དང་བྱང་སེམས་དང་བླ་མ་ལ་སོགས་པ་ལ་ཆེས་ཆེར་ཁྱད་དུ་གསོད་ཅིང་ང་རྒྱལ་བསྐྱེད་པ་སོགས།

བསྟན་བཅོས་སམ་གཙུག་ལག་གི་དགོངས་པར་མ་སོན་པ་རྣམས་གཟུ་བོའི་བློས་བཀག་པ་ན་བཤེས་གཉེན་ངན་པའི་ངན་རྟོག་གིས་བློ་གྲོས་བསླད་པ་དང་། ཆོས་ལ་མི་རྟོན་པར་གང་ཟག་ལ་རྟོན་པ་དག་ཕྲག་དོག་གིས་རྣ་བ་མི་གཏོད་མོད། འོན་ཀྱང་བློ་དང་ལྡན་པ་དག་གིས་ཕྱོགས་འཛིན་དོར་ཏེ་ཚུལ་བཞིན་བརྟགས་ན་རིགས་པ་དང་མི་རིགས་པ་དག་གི་རྣམ་པར་དབྱེ་བ་ཁོང་དུ་ཆུད་པར་འགྱུར་རོ། །

ངེས་ཤེས་བརྟན་ན་དགེ་མི་དགེའི་བསམ་པ་ཐམས་ཅད་རྟོག་པ་ཡིན་པས་སྤང་བྱ་ཡིན་ཞེས་སྡིག་གྲོགས་ཀྱིས་ཟེར་བ་ན། ཆོས་ནས་དེ་ལྟར་མ་གསུངས་དགེ་བའི་བཤེས་གཉེན་ཡང་དེ་ལྟར་མི་བཞེད་སྙམ་ནས་ཁོའི་ཁ་ལ་མི་ཉན་པ་ཞིག་འོང༌། དེ་མེད་ན་དད་པ་ནི་བག་རེ་ཡོད་ཤེས་རབ་མེད་པ་དེ་ལ་ངུ་བའི་ཁ་ལ་བལྟས་ན་ངུ་བྲོ། རྒོད་པའི་ཁ་ལ་བལྟས་ན་རྒོད་བྲོ། ཆུ་སྣ་བཞིན་དུ་ཅི་ཟེར་ལ་བདེན་སྙམ་ནས་གར་ཁྲིད་སར་འགྲོ།

དབུ་མ་བའི་རིགས་པ་ཐམས་ཅད་ནི་འཁོར་བའི་རྩ་བ་མ་རིག་པའི་འཛིན་སྟངས་སུན་དབྱུང་བའི་ཡན་ལག་ཡིན་པས། རང་རྒྱུད་ཀྱི་ལྷན་སྐྱེས་ཀྱི་མ་རིག་པས་ཇི་ལྟར་བཟུང་ངོས་ཟིན་པར་བྱས་ལ་དེ་ཉིད་འགོག་པ་ལ་བརྩོན་པར་བྱ་ཡི། གྲུབ་མཐའ་སྨྲ་བ་དང་གཤགས་འགྱེད་པ་ཙམ་གྱི་མཁས་པ་ལ་དགའ་བར་མི་བྱའོ། །

བསྟན་པ་གནས་དང་མཁས་པའི་མགོན་བཅས་དང་། །ལང་ཚོ་མ་ཡོལ་རྣམ་དཔྱོད་རྒྱས་པ་དང་། །རྣམ་གཡེང་དོར་ནས་སྒྲུབ་ལ་འདུན་པ་ནི། །བློ་མཆོག་ལྡན་པ་རྣམས་ཀྱི་ལེགས་སྨོན་གནས། །ཚུལ་འདིར་ཤིན་ཏུ་རྙེད་དཀའ་འཇིག་སླ་བ། །རིག་ནས་ཉིན་མཚན་ཀུན་ཏུ་དལ་བའི་རྟེན། །དོན་ལྡན་བྱེད་པ་མཁས་པའི་མཁས་པ་སྟེ། །ལྷག་མའི་སྐྱེ་བོ་བྱེད་ལས་བྱིས་པར་གསུངས། །

དྲི་བཅས་སེམས་ཀྱི་རང་བཞིན་གཞི། །ཐབས་ཤེས་ཟུང་དུ་འབྲེལ་བ་ལམ། །ཆོས་དང་གཟུགས་ཀྱི་སྐུ་གཉིས་འབྲས། །གཞི་ལམ་འབྲས་བུ་བསྡུས་པའོ། །རྟག་ཆད་མཐའ་གཉིས་སྤངས་པ་ལྟ་བ་སྟེ། །དེ་ཡི་དོན་ལ་རྩེ་གཅིག་འཇོག་པ་སྒོམ། །སྡོམ་གསུམ་ཀུན་སྤྱོད་གཙང་བ་སྤྱོད་པ་རུ། །ཤེས་པར་གྱིས་ལ་ད་ལྟར་ཉམས་སུ་ལོངས། །

སྲིད་པའི་ཕུན་ཚོགས་ཀུན་གྱིས་མི་སླུ་མེད། །ཁྱད་པར་དེང་སང་འཚོ་བའི་ཡུན་ཐུང་བའི། །ཚེ་འདིའི་འབྱོར་རྒུད་རྨི་ལམ་ཐུན་གཅིག་ཙམ། །དེ་ཕྱིར་དེ་ལ་དགའ་བར་འཛིན་པ་ནི། །ཀྱེ་མ་ངན་འགྲོའི་ཁ་ཡང་འབྱེད་པར་ཟད། །

བདེ་བའི་མནོག་ཆུང་སྡུག་བསྔལ་དུ་མའི་གཞི། །སྤྱད་པས་མི་ངོམས་ཉེས་སྤྱོད་ཆེན་པོའི་སྒོ། །འདི་དང་ཕྱི་མའི་དོན་ཆེན་འཇིག་བྱེད་པ། །རྒུད་པའི་འབྱུང་གནས་འདི་ལ་དགར་ཅི་ཡོད། །

མཁས་པས་གདུག་པའི་སྦྲུལ་དང་འགྲོགས་བླ་ཡི། །འདོད་པའི་སྦྲུལ་ལ་ཡིད་རྟོན་དེ་ལྟ་མིན། །བློ་ཡི་མཐུ་ཆུང་རྣམས་ཀྱིས་བསྒྲགས་པ་ཡི། །དཔལ་ཞེས་བྱ་བ་དེ་ནི་ཕལ་ཆེར་ལ། །མིང་དོན་མི་མཐུན་གྱུར་བ་ཁོ་ན་སྟེ། །དེ་ཕྱིར་བློ་དང་ལྡན་པས་བག་ཡོད་བྱ། །

གཉེན་པོའི་གོམ་ཚུགས་འཁྱོར་བའི་འགྲོས་ཅན་རྣམས། །ལོག་པའི་གྲོགས་ཀྱིས་གདོན་མི་ཟ་བར་འཁྲིད། །དེ་ཕྱིར་བློ་མཐུ་ལྡན་པའི་དམ་པ་ལ། །བརྟེན་པར་བྱེད་པ་གདམས་པའི་དོན་པོ་ཡིན། །

འདི་ན་ཚུལ་བཞིན་རིག་ནས་འདོམས་པ་དཀོན། །གདམས་པའི་རྗེས་སུ་བྱེད་པ་དེ་བས་དཀོན། །དེ་ཕྱིར་བརྩེ་བ་ཡོད་ཀྱང་དམ་པ་རྣམས། །ལེགས་བཤད་ཡང་ཡང་འདོམས་པར་མི་མཛད་དོ། །

ཕན་པར་སྨྲས་པའི་རྗེས་སུ་སློབ་པ་ལ། །ས་གསུམ་བླ་མའི་དགོངས་པའི་བཅུད་ཕྱུང་བ། །ཡིད་དང་རྣ་བ་ཚིམ་བྱེད་ལེགས་བཤད་གཏམ། །ཡང་ཡང་འདོམས་པ་རྙེད་པར་དཀའ་བའང་མིན། །

ཟབ་མོ་དབུ་མའི་གཞུང་ལ་སྦྱངས་བའི་གྲོགས། །ཁྱེད་ཀྱི་བློ་ངོར་རང་བཞིན་མེད་པ་ལ། །རྒྱུ་འབྲས་རྟེན་འབྲེལ་འཇོག་པ་དཀའ་མོད་ཀྱང༌། །དེ་འདྲ་དབུ་མའི་ལུགས་ནི་ཡིན་ནོ་ཞེས། །དེ་སྐད་སྨྲ་བའི་ཚུལ་ལ་བརྟེན་ན་མཛེས། །དེ་ལྟ་མིན་པར་གཞན་ལ་བཀོད་པའི་སྐྱོན། །རང་གིས་ཇི་བཞིན་སྤོང་བར་མ་ནུས་ནས། །ལུགས་མེད་པ་ལ་རེ་ན་ད་དུང་སློབས། །

             ནང་དུ་ཅུང་ཟད་བསམས་པའི་འཕྲིགས་ཚུད་པ་ཞིག་ལ་ཕྱིའི་དངོས་བོ་ཐམས་ཅད་ཀྱིས་མི་རྟག་པ་མི་སྟོན་པ་མེད་གསུངས་པ་ལྟར་ཡིན་པས་དུ་མ་ལ་སྦྱར་ནས་བསམ།

        འོན་ཀྱང་གཞུང་ཆེ་བ་རྣམས་ཀྱི་སྟེང་ནས་ཉམས་སུ་ལེན་ཤེས་པ་ཉིན་མོའི་སྐར་མ་ལྟར་སྣང་བས་རང་གི་བློ་སྐྱོན་གྱི་དྲི་མ་གཞུང་དེ་དག་ལ་བཀལ་ནས་དེ་རྣམས་ཕྱིའི་གོ་རྒྱ་གཅོད་པ་ཙམ་ཡིན་གྱི་སྙིང་པོའི་དོན་སྟོན་པའི་གདམས་ངག་ཟུར་དུ་ཡོད་པར་བཟུང་ནས་དེ་དག་བཤད་པའི་ཏིང་ངེ་འཛིན་བསྒྲུབ་པའི་རིམ་པ་ལ་ཉམས་སུ་ལེན་པའི་ཚེ་ན་ཇི་ལྟར་ཡིན་གྱི་ཐེ་ཚོམ་ཡང་མི་སྐྱེ་བར་སྣང་ངོ་། །

        རིགས་པའི་ཚིག་མང་དུ་སྨྲས་ཀྱང་བག་མེད་པར་འཇུག་ན་དོན་ཆུང་ལ། ཆོས་ཉུང་ངུ་ལས་མི་ཤེས་ཀྱང་། གང་ཤེས་པ་འདོར་ལེན་གྱིས་སྒྲུབ་པ་དོན་ཆེའོ། །

རྒྱལ་བ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་ནི་མི་གསུང་ལ་ནད་དང་མཐུན་པའི་སྨན་གསོག་པ་ལྟར་གདུལ་བྱ་དང་འཚམ་པར་ཆོས་སྟོན་ཏེ།

        སེམས་ཅན་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཁོ་ན་ཡིན་ལ་བདེ་བ་སྒྲུབ་པ་དང་སྡུག་བསྔལ་སེལ་བའང་དམ་པའི་ཆོས་ཁོ་ན་ལ་རག་ལས་པའི་ཕྱིར་རོ། །

        བཤེས་གཉེན་དང་དལ་འབྱོར་ལ་སོགས་པའི་ཕྱི་ནང་གི་རྐྱེན་ཚོགས་པ་ཤིན་ཏུ་རྙེད་དཀའ་བར་བལྟས་་ལ། ཚུལ་ཁྲིམས་ཡོངས་སུ་དག་པས་གཞི་བཟུང་ནས་མང་དུ་ཐོས་པའི་དོན་བྱང་སེམས་ཀྱི་སྤྱོད་པ་སྤྱི་དང་ཁྱད་པར་དུ་ཟབ་མོའི་དོན་ལ་དབེན་པའི་གནས་སུ་འདྲིས་པར་བྱའི་ཚིག་ཏུ་སྨྲ་བ་ཙམ་ལ་ཆེས་ཆེར་མི་བྱེད་པ་ནི་གསུང་རབ་ཀྱི་གདམས་པ་རྣམས་ཀྱི་དོན་པོ་ཡིན་ནོ། །

        འདི་ཕྱིའི་བདེ་ལེགས་ཐམས་ཅད་འབྱུང་བའི་ཞིང་ས་དམ་པ་དུས་བཞི་ཐམས་ཅད་དུ་རྒྱུན་ཆད་མེད་པར་བདེ་ལེགས་ཀྱི་ས་བོན་བཏབ་པས་ཆོག་པ་འདི་ལ་ཡང་དད་པའི་གཤོལ་གྱིས་བསོད་ནམས་ཀྱི་ཞིང་རྨེད་པར་གྱུར་ཅིག་ཅེས། མདོ་ལས་གསུངས་པ་ལྟར་བྱ་རྒྱུ་མ་བྱུང་ན་ཆེས་ཤིན་ཏུ་ཕོངས་པ་ཡིན་ནོ། །

         ཞིང་གི་མཆོག་ལ་ཐ་མལ་བའི་ཞིང་གི་མཐོང་ཙམ་ཡང་མེད་པ་འདི། འོ་སྐོལ་སྟངས་བཟང་བར་མི་འདུག་པས་དཀོན་མཆོག་མཆོད་པ་ལ་དུས་ཐམས་ཅད་དུ་བརྩོན་པར་བྱའོ། །

         རང་རྒྱུད་ཀྱི་ལྷན་སྐྱེས་ཀྱི་བདག་འཛིན་གྱིས་ཇི་ལྟར་བཟུང་ལེགས་པར་བལྟས་ལ་གཞུང་རྣམས་དེ་འགོག་པའི་ཐབས་སུ་ཤེས་པར་བྱས་ནས་ཉན་པ་དང་འཆད་པ་དང་ལྟ་བ་དང་སེམས་པ་དང་སྒོམ་པ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཏུ་འཛིན་པ་སུན་དབྱུང་བ་ལ་མཁས་པར་བྱའི་གཤགས་འགྱེད་པ་ཙམ་གྱི་མཁས་པ་ལ་དགའ་བར་མི་བྱའོ།། 

         སྲིད་པའི་སྐྱོན་མཐའ་དག་པར་མཐོང་ནས་ཤིན་ཏུ་ཡིད་འབྱུང་ཡང་། སྙིང་རྗེ་ཆེན་པོས་ཡིད་དྲངས་པས་སྲིད་པ་མི་སྤོང་བ་ནི་ངོ་མཚར་བ་ཡིན་གྱི། སྲིད་པའི་ཕུན་ཚོགས་ལ་གཞལ་མེད་ཁང་ལྟར་མཐོང་བའི་སྲེད་པ་ཅུང་ཟད་ཀྱང་ཁ་མ་བྲི་བར་གཞན་དོན་ལ་སྙད་བཏགས་ནས། ཁོ་བོ་ཅག་འཁོར་བ་མི་སྤོང་བྱས་ཀྱང་མཁས་པ་མགུ་བར་ག་ལ་འགྱུར།

        ཡོ་བྱད་མང་བོ་འཛིན་པ་དང་ཆོག་མི་ཤེས་པར་ཚོལ་བ་ནི་རབ་ཏུ་བྱུང་བའི་བྱ་བ་མ་ཡིན་ཏེ། གཞན་དུ་ན་ཁྱིམ་པ་དང་ཁྱད་མེད་པར་འགྱུར་བས་སོ། །

         ཉོན་མོངས་པའི་དགྲ་ལ་འཐབས་ནས་རྒྱལ་བ་ལ་དཔའ་བོ་ཞེས་བྱ་ཡི། དགྲ་གཞན་ལ་འཐབ་པ་ནི་མ་བསད་ཀྱང་ངང་གིས་འཆི་བ་ལ་རྒོལ་བས་རོ་ལ་གསོད་པ་དང་འདྲ།

         ད་ལྟར་གྱི་འབྲས་བུ་དམན་པ་བཟའ་བཏུང་སོགས་ལའང་རྒྱུ་རྐྱེན་དུ་མ་ཞིག་གིས་སྒྲུབ་དགོས་པར་སྣང་ན། སྐྱེས་བུའི་དོན་གྱི་མཆོག་སངས་རྒྱས་སྒྲུབ་པ་ལ་ཕྱོགས་རེས་ཆོག་པར་འཛིན་པ་ནི་མི་རིགས་ཏེ།

         ཐེག་ཆེན་ལ་འཇུག་པར་འདོད་པ་དང་ཕྱིན་དྲུག་ཉམས་སུ་མི་ལེན་པར་འདོར་བ་ནི་འགལ་བའོ། །

         སྡུག་བསྔལ་དང་གནོད་པ་ལ་ཇི་མི་སྙམ་པ་དང་དུས་དཔག་ཏུ་མེད་པ་ལའང་ཉི་མ་གཅིག་ལྟ་བུར་ལྟ་བའི་སྤྲོ་བ་རྣམས་ཀྱི་སྐྱོང་ཚུལ་ཤེས་ནས་སྒོ་དུ་མ་ནས་སྦྱངས་ན་ལྡོག་པའི་རྒྱུའི་གཉེན་པོ་བྱེད་ནུས་པའི་བཟོད་པ་དང་བརྩོན་འགྲུས་སྐྱེ་བས་གནད་དུ་ཆེའོ། །

         བྱང་ཆུབ་སེམས་དཔའི་སྤྱོད་པར་མ་ཟད་ད་ལྟའི་དུས་ཀྱི་དགེ་སྦྱོར་ལའང་དཀའ་སྤྱད་ཐན་ཐུན་ལ་བཟོད་བསྲན་ཆུང་བ་དང་། གང་སྒོམ་པའི་ལམ་ལ་སྤྲོ་ཤུགས་ཆུང་བའི་རྒྱུ་མཚན་གྱིས་དང་བོར་ཞུགས་པ་མང་ཡང་བར་དུ་མ་ལོག་པ་ཆེན་པོ་མི་འོང་བར་སྣང་སྟེ། བཟོད་པ་དང་བརྩོན་འགྲུས་ཀྱི་མན་ངག་ལ་མ་སྦྱངས་པས་ལན་ནོ། །

        གཅམ་གསག་གི་ཚིག་མ་བརྗོད་ཅིང་འབད་རྩོལ་གྱིས་ཚེགས་ཀྱིས་མ་བསྒྲུབས་ཀྱང་ཉེ་བར་མཁོ་བའི་ལོངས་སྤྱོད་ངང་གིས་འདུ་བ་དང་དྲག་པོའི་ལས་ཀྱིས་བསྡིགས་པ་མེད་ཀྱང་སྐྱེ་བོ་ཀུན་འདུད་པ་དང་རང་གི་གཉེན་ལ་སོགས་པའི་རིགས་སུ་སྨོས་སུ་མེད་པ་དང་། སྔར་ཕན་མ་བཏགས་པ་དང་ངོ་མི་ཤེས་པའི་སྐྱེ་བོ་རྣམས་ཀྱང་ངང་གིས་བྱམས་པ་དང་རྐང་བའི་རྗེས་ཀྱི་ས་རྡུལ་ཡང་ལྷ་དང་མི་རྣམས་ཀྱི་སྤྱི་བོས་གཏུག་ཅིང་ཐོབ་པ་རྣམས་མཆོད་པའི་ཞིང་དུ་འཁྱེར་བར་བྱེད་པའི་ཕན་ཡོན་རྣམས་ཀྱང་ཚུལ་ཁྲིམས་ལས་འབྱུང་།

        བཟོད་པ་རྒྱུན་དུ་བསྟེན་ན་ནི་ཡིད་ཀྱི་དགའ་བ་མི་ཉམས་པས་ཚེ་འདིར་ཡང་དུས་ཐམས་ཅད་དུ་བདེ་ལ། ཕྱི་མ་ལ་ངན་འགྲོ་འགོག་ཅིང་བདེ་འགྲོ་ཁྱད་པར་ཅན་དང་མཐར་ངེས་ལེགས་སྟེར་བས་འདི་ཕྱི་ཀུན་ཏུ་བདེ་བའོ། །

        བསྟོད་པ་ལ་སོགས་པ་ནི་སེམས་དོན་མ་ཡིན་པ་ལ་གཡེང་བ་དང་སྐྱོ་ཤས་འཇིག་པ་དང་ཡོན་ཏན་ཅན་ལ་ཕྲག་དོག་སྐྱེད་པ་དང་དགེ་བའི་བྱ་བ་རྣམས་ཉམས་པར་བྱེད་དོ་སྙམ་དུ་བསམས་ནས་དེ་དག་ལ་ཡིད་འབྱུང་བ་བསྐྱེད་པར་བྱ།

        གང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་ལེགས་ཀྱི་ནོར་བུ་ལ་དབང་འབྱོར་བ་ནི། དགེ་བའི་བཤེས་གཉེན་གྱི་དེད་དཔོན་གྱིས་ཡོངས་སུ་ཟིན་པ་རྣམས་འབའ་ཞིག་ལ་ཡིན་པས། དེའི་ཕྱིར་བློ་དང་ལྡན་པ་རྣམས་ཀྱིས་བཤེས་གཉེན་བཟང་བོ་བཙལ་བ་དང་། དེ་དག་གི་རྣམ་པར་ཐར་བ་ལ་ཡང་མོས་པར་བྱའོ། །

         སྡོམ་པ་གོང་མ་ལ་གནས་པས་འོག་མ་འདོར་བར་བྱེད་པ་ནི་རྒྱལ་བའི་བསྟན་པའི་རྩ་བ་གཅོད་པར་བྱེད་པ་སྐྱེ་དགུའི་ཕན་བདེའི་ལོ་ཐོག་གི་སེར་བ་ཆེན་པོ། གཞུང་གོང་འོག་གི་གནད་གཏན་ནས་མ་གོ་བའི་ལོག་པར་རྟོག་པ་ཡིན་པས་ཀྱང་རིང་དུ་དོར་བར་བྱའོ། །

               ངག་དང་རྟོག་པ་ཡོངས་སུ་དག་པ་ནི། འདུ་འཛིའི་ནང་ན་འདུག་པའི་ཚེ་ཡང་ངན་པའི་ཚིག་ཉོན་མོངས་པ་ཅན་གྱི་གཏམ་མི་སྨྲ། དབེན་པ་ན་གནས་པའི་ཚེ་ནི་འདོད་པ་ལ་སོགས་པའི་རྟོག་པ་ངན་པ་ཅུང་ཟད་ཀྱང་མི་སྐྱེད་པར་ལེགས་པར་སྡོམ་པའོ། །

        སེམས་ཅན་དང་མཐུན་པར་བྱེད་པའི་ལུས་ངག་གི་སྤྱོད་པ་གང་གིས་སེམས་ཅན་དེ་ལ་སྡུག་བསྔལ་དང་ཡིད་མི་བདེ་སྐྱེ་བར་སྣང་ན་འདི་ལྟར་བརྟག་སྟེ། སྡུག་བསྔལ་དང་ཡིད་མི་བདེ་དེས་སེེམས་ཅན་དེ་མི་དགེ་བ་ལས་བསླང་སྟེ་བདེ་བ་ལ་འཇོག་པར་མི་འགྱུར་ན་བྱང་སེམས་ཀྱིས་སྤྱོད་པ་དེ་འབད་ནས་སྤངས་ཏེ་དེའི་སེམས་དང་མཐུན་པར་བྱའོ། །གལ་ཏེ་སྡུག་བསྔལ་དང་ཡིད་མི་བདེ་དེས་གཞན་དགེ་བ་ལ་འཇོག་པར་ནུས་ན་ནི་གཞན་ལ་སྙིང་བརྩེ་བ་ཁོ་ན་ཉེ་བར་བཟུང་ནས་གཞན་གྱི་སེམས་དང་མཐུན་པར་མི་བྱ་བར་སྤྱོད་པ་དེ་བྱ་དགོས་ཏེ་ཕུགས་སུ་དེ་ལ་ཕན་པའི་ཕྱིར་རོ། །

        འཕྲལ་དུ་སྡུག་བསྔལ་ཡང་ཕྱི་མར་ཕན་པ་ཡིན་ན་བྱ་དགོས་ཏེ། དཔེར་ན། དམ་པས་སྨད་པའི་ཉེས་སྤྱོད་ལ་འཇུག་པ་བཀག་ན་འཕྲལ་དུ་སྡུག་བསྔལ་བ་ལྟ་བུ་སྟེ། དེ་ནི་སྨན་ཚ་བ་རོ་ཤིན་ཏུ་མི་ཞིམ་པ་འཕྲལ་དུ་གནོད་པར་སྣང་ཡང་ནད་ལ་ཕན་པས་བསྟེན་པ་བཞིན་ནོ། །

              ལོག་གཡེམ་ལྟ་བུ་འཕྲལ་དུ་བདེ་བར་སྣང་ཡང་ཕྱི་མར་སྡུག་བསྔལ་མང་བ་འཕེལ་བ་ནི་དུག་བཅས་ཀྱི་འབྲས་ཆན་ཞིམ་པོ་བཞིན་དུ་དགག་དགོས་སོ། །

        རྒྱལ་བློན་ཆོམ་རྐུན་བུད་མེད་དང་འདོད་པ་ལ་སོགས་པའི་འདུ་འཛིའི་གཏམ་ལ་ཀུན་ཏུ་ཆགས་པའི་སེམས་ཀྱིས་དུས་ཡོལ་བར་བྱེད་ན་ཉོན་མོངས་ཅན་གྱི་ཉེས་པའོ། །

         ཁ་ན་མ་ཐོ་བ་མེད་པ་ནི། འདོད་པའི་བསོད་སྙོམས་ཀྱི་མཐའ་སྤངས་པས་ཉོན་མོངས་ཅན་གྱི་བདེ་བ་དང་བྲལ་བའོ། །རབ་ཏུ་དགའ་བའི་གནས་དང་མཐུན་པ་ནི། ངལ་ཞིང་དུབ་པར་བྱེད་པའི་མཐའ་སྤངས་པས་དོན་མེད་པའི་སྡུག་བསྔལ་དང་བྲལ་བའོ། །

        མ་གོ་བའི་གོ་རྒྱུ་བྱུང་རེས་ཀྱིས་འདོད་པའི་ལྷ་དང་དམ་པའི་བཤེས་ཀྱི་སྐུ་དྲིན་དུ་བཟུང་ལ་སླར་ཡང་ཟང་ཟིང་དང་སྒྲུབ་པའི་མཆོད་པས་སྐུ་དྲིན་གསོབ་པ་ལ་འབོད་དང་བློ་ཁྱད་ཞུགས་པར་སོང་ནས་ལམ་གྱི་གནད་ཕྲ་རགས་ཐམས་ཅད་ལ་བཅོས་མ་མ་ཡིན་པའི་ངེས་པ་རེ་རྙེད་ནས། ལྷ་དང་བླ་མ་ལ་ཇེ་དད་སྟོན་པ་དང་བསྟན་པ་ལ་ཇེ་གུས་སེམས་ལ་ཇེ་བརྩེ་སྒྲུབ་པ་ལ་ཇེ་བརྩོན་དུ་འགྲོ་ཞིང་། ལེགས་པར་དམིགས་ཕྱེད་པའི་གནད་ཀྱིས་བག་ཆགས་བརྟན་པར་འཇོག་པ་ལ་གཞན་དང་མི་འདྲའོ། །

        བཟང་བོའི་ལས་མང་དག་གིས་ལེགས་བསྒྲུབས་པའི། །དལ་བའི་རྟེན་བཟང་འདི་འདྲ་རྙེད་པའི་ཚེ། །ཉིན་མཚན་ཀུན་ཏུ་དགེ་ལ་མ་འབད་ན། །དེ་ལས་བསླུས་པར་གྱུར་བ་གཞན་གང་ཡོད། །

        དེང་བྱ་སང་བྱའི་ལེ་ལོས་གཡེངས་གྱུར་ན། །དོན་མ་གྲུབ་པར་སྟོབས་ཆེན་འཆི་བདག་གིས། །འཇིག་རྟེན་ཕ་རོལ་གནས་སུ་ཁྲིད་གྱུར་ན། །དེ་ཚེ་མྱ་ངན་གྱུར་ཀྱང་ཅི་བྱར་ཡོད། །

        སྐྱེ་དགུ་འཇིགས་རུང་འཁོར་བའི་གཡང་ས་རུ། །གྲོགས་མེད་གཅིག་བུར་ཀུན་ཏུ་འཁྱམས་པ་ན། །དཀོན་མཆོག་གསུམ་དང་འདྲ་བའི་སྐྱབས་གཞན་མེད། །དེ་ཕྱིར་བསམ་པ་ཐག་པས་སྐྱབས་སུ་སོང་། །

        རེ་བ་མ་ཆེ་འདོད་པ་ཆུང་བར་གྱིས། །ལེ་ལོ་མ་ཆེ་ཆོས་ལ་བརྩོན་པར་བྱ། །ཤེ་མོང་སྟོབས་ཀྱིས་མ་དྲེགས་དབེན་པའི་གནས། །སེ་བས་དཀྲིགས་པའི་ཕྱོགས་སུ་དགེ་ལ་འབད། །

        བློ་ལྡན་ཁྱོད་ཀྱིས་བདག་ལ་ཕན་འདོད་ན། །ཚེ་འདིའི་འཚོ་ཚིས་ཇི་ལྟར་བྱས་ཀྱང་ཕྱིད། །འཇིག་རྟེན་ཕྱི་མར་ངེས་པར་འགྲོ་འཚལ་བས། །དེ་ཕྱིར་ཕྱི་མ་དོན་དུ་གཉེར་བར་རིགས། །

        མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་འགྲུབ་པའི་གནས་ཡོད་པས། །ཚུལ་འདི་སོམས་ལ་མི་ལུས་སྙིང་བོ་ལོངས། །

         རྨོངས་པའི་རྒྱུ་ནི། གྲོགས་ངན་པ་བསྟེན་པ་དང་ལེ་ལོ་དང་སྙོམ་ལས་དང་གཉིད་ཆེ་བ་དང་སོ་སོར་རྟོག་ཅིང་དཔྱོད་པ་ལ་མི་དགའ་བ་དང་རྒྱ་ཆེན་པོ་ལ་མི་མོས་པ་དང་། མི་ཤེས་བཞིན་དུ་ཤེས་སོ་སྙམ་པའི་ང་རྒྱལ་དང་བདག་འདྲ་བས་མི་ནུས་སྙམ་དུ་ཞུམ་ནས་མཁས་པ་བསྟེན་པ་མི་དགའ་བ་ཡིན། 

 ཆོས་ཚུལ་བཞིན་དུ་སྒྲུབ་པར་འདོད་པ་རྣམས་ལ་ལམ་གྱི་དམ་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པའི་རྒྱུ་བླ་ན་མེད་པ། དྲི་མ་མེད་པའི་གསུང་རབ་དང་བསྟན་བཅོས་ལ་མང་དུ་ཐོས་པ་དགོས་སོ། །

བྱང་ཆུབ་ཡན་ལག་ཡོངས་སུ་ཉམས་པའི་རྒྱུ། །རྙེད་དང་བཀུར་སྟི་འདུ་འཛི་གཉིད་དང་རྨུགས། །སྨྲ་དང་ལས་དང་སྤྲོས་ལ་དགའ་བ་ཡི། །ཉེས་དམིགས་ལེགས་པར་བརྟབས་ལ་སུན་དབྱུང་བྱ། །

འདོད་ཆུང་གཅིག་བུར་གནས་དང་མི་ཉལ་བརྩོན། །དོན་སེམས་ལས་བཟང་བསྒྲུབ་དང་བྱམས་ལ་གནས། །དེ་དག་ཕན་ཡོན་ཐུབ་པའིབསྔགས་པ་ལ། །ཡང་ཡང་འདྲིས་པར་བྱས་ཏེ་སྤྲོ་བ་བསྐྱེད། །

བཀུར་སྟི་རྙེད་ལ་སྲེད་སོགས་དེ་དག་ཀྱང་། །སྔོན་བྱས་ལས་ཀྱི་སྒྲིབ་པས་བསྐྱེད་པས་ན། །བཤགས་ཤིང་མི་བྱེད་ཡི་དམ་བརྟན་པོ་བྱ། །བདག་ཉིད་མི་ཉམས་ཐབས་ལ་རབ་ཏུ་འབད། །

ཕན་བདེའི་རྩ་བ་གཅོད་པའི་མི་ཟད་ལས། །ཆོས་སྨྲ་ཆོས་ལ་འཁྲུགས་ནས་སུན་འབྱིན་པ། །སྲོག་གི་ཕྱིར་ཡང་ནམ་ཡང་མི་བྱེད་པའི། །ཡི་དམ་བརྟན་པོ་ལྷག་པར་བསྟེན་པར་བྱ། །


 རྩོམ་སྒྲིག་པ། མང་ར་བ།


གསལ་འདེབས།རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།