རྗེ་བཙུན་རེད་མདའ་བའི་གསུང་ངག་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-28 18:07:37     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     265942426002572567.jpg

           རྗེ་བཙུན་རེད་མདའ་པའི་གསུང་ངག་དྲིས་ལན་ནི། ན་མོ་མཉྫུ་གྷོ་ཥཱ་ཡ། རྗེ་བཙུན་མཁྱེན་པའི་གཏེར་ལ་ཕྱག་འཚལ་ལོ། །མི་སློབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི། །གོ་འཕང་ཤིན་ཏུ་མྱུར་དུ་ཐོབ་འདོད་ན། །བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག །གྲངས་ངེས་གོ་རིམ་སོ་སོའི་གནད་རྣམས་ཀྱིས། །སྐལ་བཟང་ཧ་ཅང་མྱུང་དུ་འཁྲིད་པའི་ཚུལ། །རྒྱུད་དང་རྗེ་བཙུན་བླ་མའི་མན་ངག་བཞིན། །ལེགས་པར་བཤད་དོ་སྐུ་གསུམ་གོ་འཕང་མཆོག །མྱུར་དུ་ཐོབ་འདོད་དེ་དག་གུས་པས་ཉོན། །དེ་ལ་འདིར་ཐམས་ཅད་མཁྱེན་པའི་གོ་འཕང་ཤིན་ཏུ་མྱུར་དུ་ཐོབ་པར་འདོད་པའི་གང་ཟག་གིས་འདི་ལྟར་བསམ་པར་བྱའོ། །དེ་ཡང་རང་ཉིད་སྲིད་པའི་མཚོར་ལྷུང་བ་ཇི་འདྲ་བ་དེ་བཞིན་དུ། མར་གྱུར་སེམས་ཅན་ཀུན་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡུན་རིང་དུ་འཁྱམས་ཤིང་། འཁོར་བ་སྤྱི་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་རྩུབ་པ་འཁོར་བའི་སྔོན་མཐའ་མེད་པ་དེ་སྲིད་དུ་ཉོན་མོངས་པས་ཡིད་ཤིན་ཏུ་སྐྱོ་བ་དང་། ད་དུང་ཡང་མར་གྱུར་འགྲོ་བས་དེ་དག་གི་གཏིང་མ་མཐོང་ཞིང་ལམ་གྱི་སྲོག་མཐར་ཐུག་པ་ཞིག་མ་ཐོབ་ན། མངོན་མཐོ་རེ་ཙམ་ཐོབ་པས་གང་དུ་མི་ཕྱིན་ལ། དེ་ཡང་འཁོར་བའི་རྩ་བ་མ་རིག་པ་མ་ཆོད་ན་དེའི་དབང་གིས་ད་དུང་འཁོར་བར་འཁྱམ་ཞིང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་མྱོང་དགོས་པ་འདི་དག་མ་བཟོད་ནས། འདི་ལས་ཐར་པར་བྱེད་པའི་མཐུ་ནུས་སངས་རྒྱས་མ་གཏོགས་གཞན་གང་ལ་ཡང་མེད་ལ། དེ་ཐོབ་པར་བྱེད་པའི་ཐོབ་རྒྱུ་ས་བཅུ་དང་ལམ་ལྔའི་གྲངས་ངེས་གོ་རིམ་སོགས་རྒྱས་པར་མཚན་ཉིད་ཐེག་པ་ནས་ལན་གྲངས་མང་པོར་གསུངས་ཀྱང་། ལམ་དེར་བགྲོད་པ་ནི་བསྐལ་པ་གྲངས་མེད་སུམ་ཅུ་རྩ་གསུམ་མམ། གྲངས་མེད་བདུན་ནམ། གྲངས་མེད་གསུམ་དུ་ངེས་པར་ཚོགས་བསག་དགོས་སོ། །དེས་ན་ལམ་ཐུན་མོང་བས་རྒྱུད་ལེགས་པར་སྦྱངས་ནས་ངེས་པ་ཁོ་ནར་སྐལ་བཟང་སྐྱེ་བོའི་འཇུག་ངོགས། ཐེག་པ་ཀུན་གྱི་མཆོག་ཏུ་གྱུར་པ་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པའི་ཐབས་མཁས་ཀྱི་ལམ་ཁྱད་པར་ཅན་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་འཇུག་པར་བྱ་དགོས་ཏེ། ལམ་འདི་ནི་སྐྱེ་བ་བཅུ་དྲུག་གམ། བདུན་ནམ། བར་དོའམ། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ནུས་པར་རྒྱུད་དང་རྒྱ་གཞུང་དང་གྲུབ་ཆེན་རྣམས་ཀྱིས་ཡང་དང་ཡང་དུ་གསུངས་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེ་དགོས། ཁ་ཅིག སྔགས་ཀྱི་སྣོད་ལྡན་དུ་མ་གྱུར་པས་ཟབ་ལམ་འདི་ལྟ་བུ་ཡོད་བཞིན་དུ་དེ་ལ་རང་གར་མཐོང་ནས། རིགས་ལམ་ལ་ཆེད་དུ་གཉེར་ནས་འཇུག་པ་ནི་ལམ་བཟང་འདི་ལྟ་བུ་ལ་འཇུག་པའི་སྐལ་བ་དང་བྲལ་ནས་ལམ་འདི་ཉམས་སུ་ལེན་པ་ལྟ་ཅི་སྨོས། འདི་འདྲའི་ཚིག་ཙམ་ཡང་མི་ཐོས་པས་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པར་རྡོ་རྗེ་འཆང་ཐོབ་པའི་སྐལ་ཆད་ཅན་ནོ། །ལམ་ཐུན་མོང་བ་གང་ཡང་རུང་གིས་མི་ཆོག་གིས། སྐྱེས་བུ་གསུམ་གྱི་ལམ་གྱི་རྒྱུད་སྦྱང་དགོས་ཤིང་། ཁྱད་པར་དུ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ལྟ་བ་རྣམ་དག་ཅིག་རྒྱུད་ལ་ཅི་སྐྱེས་བྱའོ། །ལྟ་བ་ཡང་། བཅོམ་ལྡན་འདས་ཀྱིས་མདོ་སྔགས་དུ་མར་ལུས་བསྟན་པའི་ཀླུ་སྒྲུབ་ཡབ་སྲས་ཀྱི་ལྟ་བ་ལ་ཅི་ནུས་ཀྱིས་འབད་པར་བྱའོ། །རྡོ་རྗེ་ཐེག་པའི་ལམ་དུ་ཞུགས་ཙམ་གྱིས་མི་ཆོག་པས། མྱུར་དུ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འདོད་ན་བླ་མ་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་ཐམས་ཅད་རང་གི་ཐོབ་བྱའམ་ལམ་གྱི་འགྲོས་དང་མཐུན་པ་ངེས་པར་བྱ་དགོས་སོ། །དེ་ཡང་རང་གི་ཐོབ་བྱ་ཆོས་སྐུའམ་གཟུགས་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། དེ་ལའང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་རེ་རེས་ཀྱང་མངལ་སྐྱེས་ཁམས་དྲུག་ལྡན་གྱི་སོ་སོ་སྐྱེ་བོ་འཆིང་བ་ལྔ་ལྡན་དེ། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་རྣམ་གཞག་སྟོན་པ་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་མོད། དེ་ལྟ་ནའང་སྔགས་བླ་མེད་ལ་བརྟེན་པའི་ནང་ནས་ཀྱང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བའི་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་འདོད་ན་གསང་བདེ་འཇིགས་གསུམ་ཡེ་མ་བྲལ་བར་ངེས་པར་བསྟེན་དགོས་ཏེ། དེ་དག་ཀྱང་རིམ་པས་འཆད་པར་འགྱུར་རོ། །དེ་ཡང་ཟུང་འཇུག་སྐུའི་རྒྱུ་ཐུན་མོང་མ་ཡིན་པ་ལ་སྒྱུ་ལུས་དང་འོད་གསལ་བསྲེ་འཕོའི་སྐོར་ལེགས་པར་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། འདུས་པ་ལ་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ལས་འཕགས་ལུགས་ལ་སྦྱང་དགོས་ལ། འདིས་སྒྱུ་ལུས་དང་འོད་གསལ་རྒྱས་པར་སྟོན་ཅིང་། འདུས་པ་ནི་ཕ་རྒྱུད་ཀྱི་གཙོ་བོ་ཡིན་པས་སོ། །དེ་ཡང་སྒྱུ་ལུས་འོད་གསལ་གྱི་སྦྱོར་ལུགས། སྒྱུ་ལུས་ལྡང་ལུགས་སོགས་ཤིན་ཏུ་གལ་ཆེ་ཞིང་ཤེས་པར་བྱའོ། །འཇམ་དཔལ་རྡོ་རྗེ་ལའང་ཁོ་རང་ལ་དཀའ་གནད་ཁྱད་པར་ཅན་གཞན་དང་མི་འདྲ་བ་ཡོད་པས་ལོགས་སུ་འཆད་ཅིང་བག་ཆགས་འཇོག་པ་ཤིན་ཏུ་གལ་ཆེའོ། །ཆོས་སྐུའི་རྒྱུ་ཐུན་མོང་མིན་པ་ནི། བདེ་སྟོང་ཁྱད་པར་ཅན་ཡིན་པས་ཤེས་ཤིང་རྒྱུད་ལ་སྐྱེ་དགོས་ལ། བདེ་སྟོང་གི་རྣམ་གཞག་ཀྱཻ་རྡོར་སོགས་ནས་དངོས་སུ་བསྟན་ཀྱང་། བདེ་བ་དེ་གང་ལས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པ་ལ་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་དང་། གང་དུ་འབབ་པའི་ཚད་དམ། མཚམས་གང་ནས་དགའ་བ་བཞིར་འཇོག་ཅིང་། དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཡོད་ཅིང་། ཡས་བབས་ཀྱི་དགའ་བ་དང་མས་བརྟན་གྱི་དགའ་བ། བདེ་བ་ཆེ་ཆུང་དང་ལུགས་འབྱུང་དང་ལུགས་ལྡོག་འོང་ཚུལ་སོ་སོའི་རྣམ་གཞག་རྒྱས་པར་ཤེས་དགོས་ཤིང་། སྟོང་པ་ལ་མཚན་ཉིད་ཐེག་པ་ནས་བཤད་པ་ལས་ཟུར་དུ་མེད་ཀྱི། དེ་སྟོང་ཚུལ་མཚན་ཉིད་ཐེག་པ་ནས་ཕུལ་དུ་བྱུང་བའོ། །བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མོ་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང་། དེ་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པ་ཕྱག་རྒྱ་ལའང་བཞིར་ཡོད་ཅིང་། དེ་བཞི་པོ་སོ་སོའི་ངོ་བོ་བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་བསྟེན་ཚུལ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་རུང་གི་ནང་འབར་བས་སྙིང་ཁ་སོགས་ཀྱི་རྩ་མདུད་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མར་ནང་དུ་ཞུགས་དགོས། ཞུགས་གནས་ཐིམ་གསུམ་བྱས་པས། སྤྱི་བོ་མགྲོན་པ་སྙིང་ཁ་ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ་སྤྱི་བོ་ལ་སོགས་པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དཔའ་མོ་བསྒོམས་པས་རྩ་རླུང་ལས་རུང་དུ་འགྱུར་བ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར། ལུས་ཀྱི་རྩ་གཉིས་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མར་འཇུག་པ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གིས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་རྒྱུད་ལ་སྐྱེ་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་རྣམས་སུ་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་རྣལ་འབྱོར་བྱེད་པ་ཤ་སྟག་གོ །དེ་ཡང་ལྷུན་པོའི་རྩེ་ལ་དངོས་སུ་བཞུགས་ཏེ་བྱིན་རླབས་མྱུར་བའོ། །བདེ་གསང་གཉིས་ཀྱི་བསྐྱེད་རྫོགས་ཀྱི་ལམ་འདི་ལྟ་བུ་རྒྱུད་ལ་སྐྱེ་བ་ལ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་མཆོག་ཐུན་མོང་གི་དངོས་གྲུབ་མྱུར་དུ་སྒྲུབ་པར་བྱེད་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་བྱེད་དགོས་ཏེ། འདི་ལ་གཞན་དང་མི་འདྲ་བའི་གནད་ཁྱད་པ་ཅན་ལྔ་ཡོད་ལ། གནད་གཅིག་ནི་ད་ལྟ་སྙིགས་མ་ལས་ཀྱང་ཆེས་སྙིགས་མའི་དུས་སུ་སེམས་ཅན་རྣམས་ལེ་ལོ་ཆེ་བ། ཤེས་རབ་ཆུང་བ། དམ་ཚིག་མི་བསྲུང་བ། སྡོམ་པ་དང་མི་ལྡན་པ། ལོག་ལྟ་ཆེ་བ། གསུང་རབ་ཀྱི་དོན་འབྱེད་པ་ལ་རྨོངས་པ། བླ་མ་དང་གྲོགས་ལ་མི་གུས་པ། སྙིང་རྗེ་ཆུང་བ། ངོ་ཚ་དང་ཁྲེལ་མེད་པ། ཆོས་སྤོང་ཞིང་ཁེངས་པ་ཆེ། འཇིགས་ལྟས་ང་རྒྱལ་ཞིང་ལྟ་ངན་གྱི་གཅོང་རོང་དུ་ལྷུང་བ། འདོད་ཡོན་གྱིས་མྱོས་པ། ཚེ་ཐུང་བ། བསོད་ནམས་དང་མི་ལྡན་པ། འབྱུང་པོ་དང་། རོ་ལངས་དང་། གཤིན་རྗེ་དང་། མ་མོ་དང་། བགེགས་དང་ལོག་འདྲེན་གྱི་བར་ཆད་ཧ་ཅང་ཆེ་བའི་དུས་སུ་ཡི་དམ་འདི་དང་མི་ལྡན་ན་ལམ་ཟབ་མོ་མཐར་མི་ཕྱིན་པས། དེས་ན་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ང་རྒྱལ་དང་ལྡན་ཞིང་ཐུན་བཞིའི་རྣལ་འབྱོར་ལ་གནས་ན་བགེགས་དེ་ལྟ་བུ་དང་བྲལ་ཞིང་། འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པར། འཇམ་དཔལ་རྩ་རྒྱུད་དང་། གསང་བ་སྤྱི་རྒྱུད་དང་། ཕྱག་ན་གཏུམ་ཆུང་གི་རྒྱུད་ལ་སོགས་པར་མང་དུ་གསུངས་སོ། །དེའང་། དཔེར་ན་རྒྱ་མཚོའི་གླིང་ནས་ནོར་བུ་རིན་པོ་ཆེ་ལེན་པའི་ཚེ། ལམ་གྲུ་ལ་བརྟེན་ནས་འགྲོ་དགོས་མོད་ཀྱང་དེད་དཔོན་ཐབས་མཁས་ཤིང་ཤེས་རབ་ཆེ་བ། ནོར་བུ་ལེན་པའི་ས་ལམ་གནད་སྔོན་དུ་སོང་བ། བསོད་ནམས་ཀྱི་དཔུང་ཆེན་པོ་དང་ལྡན་པ་ཞིག་བསྟེན་དགོས་ཏེ། གྲུར་ཞུགས་ནས་ལམ་ལ་ཆས་པའི་ཚེ། ཆུའི་འགྲོ་ཚུལ་འདི་ལྟ་བུ། འཁོར་ལུགས་འདི་ལྟ་བུ། ཁ་དོག་འདི་ལྟ་བུ། རྒྱང་རིང་ཐུང་འདི་ལྟ་བུ། སྔ་ཕྱི་འདི་ལྟ་བུ། རི་དང་ཀླུང་འདི་ལྟ་བུ་འདུག་ཇི་ལྟར་བགྱི་ཞེས་བརྗོད་ན། འདི་ལྟ་བུ་གྱིས་ཞེས་འདི་ལྟ་བུ་གདམས་པ་དང་མཐུན་པར་བགྱིས་པས། དེད་དཔོན་བསོད་ནམས་དང་ལྡན་པའི་སྟོབས་ཀྱིས་ནོར་བུ་མྱུར་དུ་བླངས་ནས་དབུལ་བ་སེལ་བ་སོགས་རང་གང་འདོད་ཀྱི་འབྲས་བུ་འགྲུབ་པ་བཞིན། ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་པས་ལམ་བདེ་གསང་གི་བསྐྱེད་རྫོགས་རྒྱུད་ལ་སྐྱེས་ན་འབྲས་བུ་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་མངོན་དུ་བཞེད་དོ་ཞེས་དཔེ་དང་བཅས་ནས་གསུངས་པ་གནད་ཆེའོ། །འོ་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་ལ་གནས་ནས་ལམ་བདེ་གསང་ནས་བཤད་པའི་བསྐྱེད་རྫོགས་ཀྱི་གནད་མཐར་ཐུག་པ་མེད་པའམ། ཇི་ལྟར་ཡིན་སྙམ་ན། འདི་ལ་ནི་དམར་སེར་འོད་ཀྱི་ཕུང་པོའི་ཚ་ཟེར་གྱིས་ཁོ་བོའི་བློ་གྲོས་ཡར་ངོའི་ཟླ་བཞིན་དུ་རྒྱས་པར་བྱས་པས་བཤད་པར་བྱའོ། །དེ་ཡང་། བདེ་གསང་འཁོར་ཆེན། དུས་འཁོར། དགྱེས་རྡོར་ལ་རང་རང་གི་རྒྱུད་གང་དུ་རྟོགས་པའི་ཁྱད་ཆོས་རེ་ཡོད་མོད་ཀྱང་། བཅོམ་ལྡན་འདས་རྡོ་རྗེ་འཇིགས་བྱེད་ནི་ཕ་རྒྱུད་མ་རྒྱུད་གཉིས་ཀ་ནས་བཤད་ལ། མ་རྒྱུད་ཀྱང་སམྦྷུ་ཊ་ནས་བཤད་དོ། །དེས་ན། འདི་ལ་ཕ་རྒྱུད་མ་རྒྱུད་གཉིས་ཀའི་གནད་མཐར་ཐུག་པ་ཡོད་དེ། འདིའི་ཕྱག་མཚན་འཆད་པའི་སྐབས་སུ། གནད་གཅིག་ལ་རྒྱུ་མ་དང་མེ་ཐབ་ཀྱིས་འདུས་པ་ནས་བཤད་པའི་སྒྱུ་ལུས་དང་འོད་གསལ་སྟོན་པའོ། །གནད་གཅིག་ལ། ཁཊྭཱཾ་ག་བདེ་བ་འབར་འཛག་སྟོན་ལ། ཕ་རྒྱུད་རྐྱང་པ་ལ་ཕྱག་མཚན་དུ་ཁཊྭཱཾ་ག་མི་འོང་བས། དེས་ན་ཁཊྭཱཾ་གས་འཁོར་ལོ་བདེ་མཆོག་ནས་བཤད་པའི་བདེ་སྟོང་གི་རྣམ་གཞག་སྟོན་པའོ། །གནད་གཅིག་ལ། རྡོ་རྗེ་འཇིགས་བྱེད་རང་གི་ཁྱད་ཆོས་གནད་གཞན་ལ་མེད་པའི་ཐུན་མོང་མ་ཡིན་པ་ནི་མེ་ཐབ་སྡིགས་མཛུབ། སྐྱེས་བུ་གསལ་ཤིང་ལ་བསྐྱོན་པ་གསུམ་ཡིན་ལ། དེ་ཡང་མེ་ཐབ་ཀྱིས་ཤེས་རབ་གཞན་ལས་ཆེ་བ་མཚོན་པའོ། །སྡིགས་མཛུབ་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་ལ་ཉོན་ཅིག་ཅེས་བཀའ་བསྒོས་པས་རྒྱུད་གཞན་ལ་མེད་པའི་ཕ་རྒྱུད་མ་རྒྱུད་གཉིས་ཀའི་མཐར་ཐུག་པ་ང་ལ་ཡོད་ཅེས་མཚོན་པ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལ་བསྡིགས་ན་འཇིག་རྟེན་གྱི་སྟེང་འོག་སོགས་ཕྱོགས་བཅུའི་གདོན་འཇོམས་པ་ལྟ་ཅི་སྨོས་པའོ། །སྐྱེས་བུ་གསལ་ཤིང་ལ་བསྐྱོན་པས་ནི་མི་དགེ་བ་བཅུ་དང་། ཆོས་སྤོང་དང་། མཚམས་མེད་སོགས་བྱས་པའི་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བར་སྟོན་པའོ། །དེ་ཡང་། དུར་ཁྲོད་ཀྱི་གསལ་ཤིང་དང་དོན་མི་གཅིག་སྟེ། དུར་ཁྲོད་ཀྱི་ནི་རོ་ཡིན་ལ། འདི་གང་ཟག་གོ །གནད་གཅིག་ནི། སྤྱིར་རྗེ་བཙུན་སངས་རྒྱས་ཀུན་ཡབ་ཡིན་ཞིང་། འཚང་རྒྱ་འགྱུར་གྱི་ཚེ་རྗེ་བཙུན་ལ་བརྟེན་ནས་འཚང་རྒྱ་བར་དགོས་པ་ཧ་ཅང་ཆེ་མོད། ཁྱད་པར་དུ་རྗེ་བཙུན་རིམ་གྱིས་དམར་ནག་འཇིགས་གསུམ་དུ་ཁྲོས་པའི་རྡོ་རྗེ་འཇིགས་བྱེད་ལ། རྒྱུ་དུས། འབྲས་དུས། ཡེ་ཤེས་སེམས་དཔའི་སྐབས་སུ་རྗེ་བཙུན་གྱི་ཞལ་དངོས་སུ་ཡོད་པ་ལས། རྗེ་བཙུན་གྱིས་རྗེས་སུ་འཛིན་པས་ཤེས་རབ་སྔ་མ་ལས་ལྷག་པར་ཆེ་བ་ཡིན་ནོ། འདིའི་རྭ་གཉིས་ཀྱིས་ཡུལ་བདེན་པ་གཉིས་ཀྱི་གནས་ཚུལ། ལམ་ཐབས་ཤེས་གཉིས་རྒྱུད་ལ་ཇི་ལྟར་བསྐྱེད་པ། དེས་སྒྲུབ་པའི་འབྲས་བུ་སྐུ་གཉིས་ཐོབ་ཚུལ་གཞན་ལ་མེད་པ་རྒྱས་པར་སྟོན་པའོ། །དེ་ལྟ་བུའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ་པའི་ཆོས་སྐྱོང་ལ་མདོ་རྒྱུད་གཞན་ནས་གསུང་བའི་བཀའ་སྡོད་ཁྱད་པར་ཅན་ཤིན་ཏུ་མང་ཞིང་འགངས་ཆེ་མོད། དེ་ལྟ་ནའང་གོང་དུ་བཤད་པ་མྱུར་བའི་དབང་དུ་བྱས་པའི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དང་མཐུན་པ་ཞིག་ངེས་པར་དགོས་པ་ཡིན་ལ། དེ་ལ་སྐྱེས་བུ་ཆུང་ངུའི་བསམ་པ་ནི་འཇིག་རྟེན་འདིར་ཡུན་རིང་དུ་མི་གནས་པས། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསམ་ཞིང་། དེ་ལས་བསྐྱབ་པའི་སྐྱབས་འགྲོ་བསླབ་བྱ་དང་བཅས་པ་བསམ་ཞིང་རྒྱུད་ལ་སྐྱེ་དགོས་པས། འདི་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་འཆི་བདག་གམ། དགེ་སྡིག་གི་དཔང་པོའམ། སྡིག་པ་ཅན་གྱི་ཚད་ལས་མཁན་ནམ། དགེ་བ་ཅན་གྱི་སྟངས་འཛིན་པའམ། ལས་རྒྱུ་འབྲས་གསལ་བྱེད་ཀྱི་མེ་ལོང་། ལེགས་ཉེས་ཚུལ་བཞིན་དུ་སྤྱོད་པའམ་ཆོས་བཞིན་དུ་སྤྱོད་པས་ཆོས་རྒྱལ་ཞེས་བྱ་ཞིང་། ལས་དཀར་ནག་གི་རྗེས་སུ་འཇུག་པས་ན། ལས་ཀྱི་གཤིན་རྗེ་ཞེས་བྱའོ། །དེས་ན་སྐྱེས་བུ་ཆུང་ངུའི་ཆོས་སྐོར་འདི་རྣམས་ལམ་གསུམ་གའི་རྩ་བ་ཡིན་པས། འདི་རྒྱུད་ལ་བསྐྱེད་པའི་ཕྱིར་དུ་ལས་གཤིན་བསྟེན་པར་བྱའོ། །སྐྱེས་བུ་འབྲིང་གི་བསམ་པ་ནི། འཇིག་རྟེན་ཕྱི་མ་བདེ་བའི་ཐབས་སུ་མ་ཟད། འཁོར་བ་མཐའ་དག་མེ་འོབས་ལྟ་བུར་མཐོང་ནས། དེ་དང་འབྲལ་འདོད་ཀྱི་ཐར་པ་དོན་གཉེར་གྱི་བློ་ངེས་འབྱུང་གི་བསམ་པ་ཅན་ཡིན་ལ། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་ནས། དེ་ལ་ཡིད་སྐྱོ་ཞིང་ངེས་པར་འབྱུང་བའི་བསམ་པ་ནི་ཚུལ་ཁྲིམས་ཀྱི་བསླབ་པའི་གཙོ་བོ་ཡིན་ཞིང་། འདི་གཉིས་དོན་གཅིག་པས་སོ། །དེས་ན་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་བསྟེན་དགོས་ཏེ། འདི་སྡེ་སྣོད་གསུམ་གྱི་ནང་ནས་འདུལ་བའི་སྡེ་སྣོད་ཀྱི་སྲུང་མའམ། བསླབ་པ་གསུམ་གྱི་ནང་ནས་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་བའོ། །སྐྱེས་བུ་ཆེན་པོའི་བསམ་པ་ནི། རང་ཉིད་འཁོར་བ་ལས་ཐར་པ་ཙམ་གྱིས་མི་ཆོག་པར། མར་གྱུར་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ཡིན་ལ། དེ་རྒྱུད་ལ་སྐྱེ་བའི་ཕྱིར་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་སྤྲུལ་པ་མྱུར་མཛད་ཡེ་ཤིས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་པར་བྱའོ། །ཡང་འབྲས་བུ་གཟུགས་སྐུ་དང་ཆོས་སྐུའི་རྒྱུ་ལམ་ཐབས་ཤེས་གཉིས་རྒྱུད་ལ་སྐྱེ་དགོས་པས། བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་ལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་བསྟེན་དགོས་ཏེ། འདི་ནི་སྙིང་རྗེ་ཅན་གྱི་ཆོས་སྐྱོང་ཡིན་པས་སོ། །ཤེས་རབ་བམ་ལྟ་བ་རྣམ་དག་རྒྱུད་ལ་བསྐྱེད་པ་ལ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་བསྟེན་དགོས་ཏེ། འདི་ནི་ཤེས་རབ་ཅན་གྱི་ཆོས་སྐྱོང་ཡིན་པའམ། རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་སྡོད་ཡིན་པས་སོ། །དེ་ལྟ་བུའི་ལམ་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཡང་ཡོན་ཏན་ཕྱོགས་རེ་བརྙེད་པ་ཙམ་གྱིས་མི་ཆོག་གི། སྡོམ་པ་གསུམ་མནོས་ཤིང་། དེ་དག་རང་རང་གི་ཉེས་ལྟུང་དང་བྲལ་བ། སྡེ་སྣོད་གསུམ་ལ་མཁས་ཤིང་། དེའི་བརྗོད་བྱ་བསླབ་པ་གསུམ་དང་ལྡན་པ། རྒྱུད་སྡེ་བཞི་ལ་མཁས་ཤིང་དབང་བཞི་ཡོངས་སུ་རྫོགས་པས་རྒྱུད་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་བྱས་ནས་ལམ་ཟབ་མོ་གཉིས་ཉམས་སུ་ལེན་ཅིང་། མྱོང་བ་ཐོན་ནས་གཞན་ལ་བརྩེ་བས་འདོམས་པ། མདོར་ན་རྡོ་རྗེ་འཆང་གི་གོ་འཕང་མྱུར་བ་ལས་ཀྱང་ཆེས་མྱུར་བར་མངོན་དུ་བྱེད་པའི་ཟབ་ལམ་ཁྱད་པར་ཅན་ཕྱིན་ཅི་མ་ལོག་པར་ཡོངས་སུ་རྫོགས་པར་སྟོན་པའི་བླ་མ་ཞིག་བསམ་སྦྱོར་གཉིས་ཀྱི་སྒོ་ནས་བསྟེན་པར་བྱའོ། །ལམ་ཚུལ་བཞིན་དུ་བསྒྲུབ་པའི་གྲོགས་ཀྱང་བླ་མ་དང་ཆ་མཐུན་ཞིག་དགོས་ལ། གྲོགས་རང་གི་ཐུན་མོང་མ་ཡིན་པའི་གནད་ལ། ལས་འབྲས་ལ་དད་པ་དང་། ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ། འགྲན་སེམས་དང་ཆགས་སྡང་མེད་པ། ཕན་སེམས་ཆེ་བ། གོང་དུ་བཤད་པའི་བླ་མ་དང་ཡི་དམ་ཆོས་སྐྱོང་ལམ་གྱི་སྲོག་ཐམས་ཅད་དང་མཐུན་པ་ཞིག་དགོས་སོ། །ཡོངས་སུ་རྫོགས་པའི་ལམ་དེ་ལྟ་བུ་མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་ཟིན་བརྟན་པར་བྱེད་པ། བརྟན་པ་གོང་འཕེལ་དུ་བྱེད་པ་ལ་བླ་མ་ཡི་དམ་དབྱེར་མེད་དུ་གསོལ་བ་འདེབས་པ། ཚོགས་གསོག་ཅིང་སྒྲིབ་པ་སྦྱོང་བ། གཞུང་ཆེན་མོ་ལྟ་བ་གསུམ་སུམ་དྲིལ་དུ་བྱེད་དགོས་ལ། དེ་ལ་ཚོགས་ཞིང་གསལ་འདེབས་པ་ནི། རང་གི་སྤྱི་བོར་རིན་པོ་ཆེའི་ཁྲིའི་སྟེང་དུ། ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྣམ་པར་གསལ་བཏབ་ལ། དེའི་སྐུ་གསུང་ཐུགས་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྤྱན་དྲངས་ལ། དེ་ལ་བསྟིམས་ནས་མཎྜལ་ཕུལ་ལ། གདུང་ཤུགས་དྲག་པོས་གསོལ་བ་བཏབ་ནས་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་སྨོན་ཤུགས་དྲག་ལ་རྒྱུན་རིང་དུ་གསོལ་བ་བཏབ། ཏིང་ངེ་འཛིན་གྱི་དབང་བཞི་རྫོགས་པར་ལེན་ཅིང་། བླ་མ་དང་ཡི་དམ་གྱི་སྨོན་ལམ་གྱི་འབྲས་བུ་འགྲུབ་པར་ཞལ་གྱིས་བཞེས་པར་བསམས་ལ། མཐར་བླ་མ་ཡི་དམ་རང་གི་སྙིང་གར་ཐིག་ལེ་གའུ་ཁ་སྦྱོར་གྱི་དབུས་སུ་བཞུགས་པའོ། །སྒྲིབ་པ་སྦྱོང་བ་ལ་ཡང་ལྟུང་བཤགས་བཤགས་ཕྱག་དང་བཅས་པ། ཡི་གེ་བརྒྱ་པའི་སྒོམ་བཟླས། དམ་ཚིག་རྡོ་རྗེའི་བཟླས་པ། ཟ་བྱེད་མཁའ་འགྲོའི་སྦྱིན་སྲེག་ལ་སོགས་པ་མདོར་ན་སྟོབས་བཞི་ཚང་བའི་སྒོ་ནས་སྦྱོང་བ་གནད་ཆེ། དེ་ཡང་སྡིག་པའི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་བ་མཐོང་ནས་སྔར་བྱས་ལ་འགྱོད་སེམས་དང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་བསམ་པའི་སྡོམ་སེམས་བརྟན་པར་བྱེད་པ་ནི་སྡིག་པ་སྦྱོང་བའི་ཐབས་བླ་ན་མེད་པའོ། །གཞུང་ཆེན་མོ་ལ་ལྟ་བ་ཡང་སྔགས་མཚན་ཉིད་ཀྱི་གསུང་རབ་དགོངས་འགྲེལ་དང་བཅས་པ་གང་ལ་ཡང་གཞུང་དེའི་དངོས་བསྟན་ཤུགས་བསྟན་བསྟན་བྱའི་གཙོ་བོ། དེའི་ཆེད་དུ་བྱ་བའི་གདུལ་བྱ་གོང་འོག་གི་འགྲེལ་ཚུལ་རྣམས་ངེས་པར་བརྟག་དགོས་སོ། །མདོར་ན་བཤེས་གཉེན་བསྟེན་ཚུལ་ནས་བཟུང་སྟེ་འབྲས་བུ་སྐུ་གསུམ་གྱི་གོ་འཕང་མངོན་དུ་བྱེད་པའི་བར་གྱི་ལམ་ཐུན་མོང་བས་རྒྱུད་སྦྱངས་པ། དེའང་སྐུ་གསུམ་གྱི་ལམ་ལ་རིམ་གྱིས་འཁྲིད་ཚུལ། ཐུན་མོང་མ་ཡིན་པ་སྔགས་ལམ་ལ་འཇུག་པ་ཡང་དབང་རྣམ་པར་དག་པ་ཐོབ་པ། ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུང་བ། རིམ་གཉིས་རྒྱུད་ལ་སྐྱེད་ཚུལ་སོགས་གྲངས་ངེས་གོ་རིམ་སོ་སོའི་ངོ་བོ་རྣམས་མྱོང་བ་རྒྱུད་ལ་བསྐྱེད་ཅིང་གོ་བ་ཆགས་པར་བྱེད་པ་དང་། འདི་དག་གི་གཤར་སྒོམ་ཙམ་རེ་བྱེད་པ་ལ་ཡང་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་ཚང་བ་ཡིན་པས། ས་ཆོད་དང་དགེ་སྦྱོར་གྱི་བྱེད་ཚུལ་གཏན་འདྲ་བ་མིན་ནོ། །དེས་ན་རྗེ་བཙུན་ལ་ཞུས་ལ། མྱོང་བ་ལ་བཀར་བའི་དགེ་སྦྱོར་བྱེད་ཚུལ་ཚེ་ཐུང་འདི་ལ་བོགས་ཆེ་བའི་ཉམས་ལེན་གྱི་གནད་རྫོགས་པ་ཞིག་ཞུས་ལ་བསྐུར་གསུང་བའི་གསུང་ཤོག་ནན་ཅན་བསྐུར་བྱུང་བས། བདག་གིས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱི་ནང་གསང་བའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ཕུལ་ནས་གསོལ་བ་དྲག་པོ་ཕུར་ཚུགས་སུ་བཏབ་པ་ལ་བརྟེན་ནས། ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་ཆེས་ཤིན་ཏུ་ནས་ཀྱང་མྱུར་བ་མངོན་དུ་བྱེད་པའི་ལམ་གྱི་གནད་ཐམས་ཅད་མ་ཚང་བ་མེད་པར་ཡོངས་སུ་རྫོགས་པ་གཅིག་ཏུ་དྲིལ་ནས་ཉམས་སུ་ལེན་ཚུལ་འདི་བཞིན་གྱིས་གསུང་བའི་རྗེ་བཙུན་གྱི་གསུང་ངག་ཡི་གེར་བཏབ་ནས་ཕུལ་བ་ལགས། ཉམས་ལེན་གྱི་གནད་འདི་ལྟ་བུ་ཆེས་ཆེར་ནས་ཤིན་ཏུ་དཀོན་ཅིང་གསང་བ་མཐར་ཐུག་པར་འདུག་པ་གཞན་ལ་གཏན་ནས་མི་སྟོན་པ་ཞུ་ཞུ། འདི་དག་གི་དོན་རེ་རེ་བཞིན་ཞིབ་པར་གསུང་བ་རྣམས་མཇལ་དུས་ཞུ་བར་སྨོན། ཞུ་ཡིག་གི་རྟེན་དུ་ཧད་ཁྲུད་ཇ་སེར་པོ་ཞོ་ལྔ་ཕུལ་བ་དགེ་ལེགས་འཕེལ་བར་གྱུར་ཅིག རྗེ་བཙུན་རེད་མདའ་པའི་ཞུ་ཡིག་ལན། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པས་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཞུས་ནས་ཕུལ་བའི་ཉམས་ལེན་གྱི་གནད་ཡོངས་སུ་རྫོགས་པར་དྲིལ་ནས་ཐུགས་ཉམས་སུ་བཞེས་ཚུལ་ལོ། །


                                        རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།