བཅའ་ཡིག་ཆུང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-28 18:00:34     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      IMG_3277.JPG

        རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་གླིང་ན་བཞུགས་པའི་དགེ་འདུན་རྣམས་ཀྱིས་སྤྱིའི་ཁྲིམས་སུ་བྱ་བའི་བཅའ་ཡིག་ཆུང་ངུ་མཛད་པ་ལ། དབྱར་དགུན་གྱི་མཚམས་ཀྱི་དུས་སུ་ནང་གི་རྐྱེན་གྱི་དབང་དུ་བྱས་ན། ལྟུང་བ་ཕྱིར་འཆོས་པ་དང་། ནད་པའི་ཕྱིར་དང་། དགེ་བསྐོས་དང་ཞལ་ཏ་པ་དང་། སྤྱི་ལས་བྱེད་པའི་དགེ་བསྙེན་དང་། ཐབ་གཅིག་ལ་འདུ་བའི་སྤྱིལ་པོ་སོ་སོར་འདུག་པ་དང་། མཐུན་རྐྱེན་གྱིས་གཏུགས་པ་དང་ཆོས་མཐུན་གྱི་བྱ་བ་ལ་མི་འགྲོ་ཀ་མེད་ཀྱི་ཕྱི་རོལ་ཏུ་འགྲོ་དགོས་པ་དང་། ཆོས་ཀྱི་ཉིན་མོ་མ་གཏོགས་པ་སྤྱིལ་པོ་ཕན་ཚུན་དང་གླིང་གི་ཕྱི་རོལ་ཏུ་མི་འགྲོ་ཞིང་། ཕྱི་རོལ་ཏུ་འགྲོ་དགོས་པའི་རྐྱེན་དང་ལྡན་པའི་ཚེ་ཡང་དགེ་བསྐོས་ལ་དྲིས་ནས་མངོན་ཆུང་བར་བྱས་ཏེ་འགྲོ་བར་བཅད། དེ་རྣམས་དང་འགལ་ན་དགེ་འདུན་ལ་བརྗོད་དེ་ཉེས་པ་ཕྱིར་བཅོས་ནས་ཕྱག་བརྒྱ་འཚལ་བར་བཅད། གདམས་ངག་གསར་དུ་ཞུ་བས་འོས་པ་ལ་མ་དྲིས་པར་གླིང་གི་ཕྱི་རོལ་ཏུ་ཕྱིན་ན་གདམས་ངག་དེའི་འཕྲོ་མི་སྦྱིན་པར་བཅད། ཕྱིའི་རྐྱེན་གྱི་དབང་དུ་བྱས་ན་གློ་བུར་དུ་བྱོན་པ་ཐམས་ཅད་བསྐོས་པའི་དགེ་བསྙེན་གྱིས་མ་བརྟགས་པར་མཚམས་མཐོ་ཡན་ལ་བཏང་ན་ཉེས་པ་བསྒྲགས་ནས་དགེ་བསྙེན་ཕྱག་ཉི་ཤུ་རྩ་གཅིག་འཚལ་དུ་འཇུག་པར་བཅད། དགོས་པ་ཁྱད་པར་ཅན་མ་གཏོགས་མཚམས་མཐོའི་ནང་དུ་མི་གཏོང་བ་དང་། ངེས་པར་ཕྲད་དགོས་ཀྱི་རྐྱེན་དང་ལྡན་ན་དགེ་བསྙེན་གྱིས་བརྡ་སྦྱར་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་ཕྲད་པར་བཅད། གླིང་གསེབ་ཏུ་བུད་མེད་ཞག་ཏུ་མི་བཞག་ཅིང་ཆོས་ལྡན་གྱི་དགོས་པ་མ་གཏོགས་གླིང་གསེབ་ཏུའང་མི་བཏང་། རྩྭ་ཤིང་ལ་སོགས་པའི་ཡོ་བྱད་ཕྲན་ཚེགས་འཚོང་བ་དང་། སྤྲང་པོ་གླིང་གསེབ་ཏུ་མི་བཏང་ཞིང་གལ་ཏེ་བཏང་ན་ཆད་པ་གོང་བཞིན་བྱེད་པར་བཅད་ཅིང་ཁ་ཟས་དགེ་བསྙེན་གྱིས་བསྡུས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སྐྱེལ་བར་བཅད། གླེང་གསེབ་ཏུ་ཁྱི་རྐུན་བྱུང་ན་གླིང་དགོས་གང་དུ་བྱུང་བ་དེས་མཚམས་ཀྱི་ཕྱི་རོལ་ཏུ་འདོད་པར་བཅད། བྲེ་སྲང་སོགས་བྱ་བ་ཟིན་མ་ཐག་སྤྱི་ས་སྐོར་དུ་བསྐྱལ་བ་དང་། ཞིང་བཏབ་པའི་སྟེང་དུ་ལམ་མི་བྱ་བ་དང་། དུད་འགྲོས་ཞིང་ཟོས་པ་བྱུང་ན་ཅི་ཙམ་བརླག་པའི་རིན་ཞིང་བདག་ལ་སྦྱིན་པར་བཅད། ཆུ་ངོགས་འགྲམ་ལོངས་སྤྱད་དུ་རུང་བའི་ཤིང་ཀུན་ལ་མཁོ་བའི་གནས་དགེ་འདུན་གྱི་ཀུན་དགའ་ར་བ་རྣམས་སུ་མཆིལ་མ་དང་སྣབས་དང་མི་གཙང་བ་ལ་སོགས་པའི་དངོས་པོ་མི་འདོར་བ་དང་། གླིང་གསེབ་ཏུ་རྒྱང་སྐད་མི་འབོད་པ་དང་། ཁ་ཏོན་གྱི་སྒྲ་ཆེན་པོ་དང་། ཐུག་རུམ་གྱི་སྒྲ་མི་བྱེད་པར་བཅད། ཉེ་འཁོར་དུ་ཡོ་བྱད་ཉོ་བ་རྣམས་ཀྱིས་སྔ་མས་ཐག་མ་བཅད་པར་དངོས་པོའི་སྟེང་དུ་མི་རུབ་ཅིང་ཧབ་བཤུར་མི་བྱ། རིན་ཐང་ཇི་ལྟར་བཅད་པ་ལས་རིན་ཐང་ལྷག་ཆད་དུ་མི་འཇལ་ཞིང་། གླིང་གསེབ་ནང་ཚུན་ཆད་མ་གཏོགས་རིན་ཐང་གཅོད་པར་བསྐོས་པ་ལ་མ་གཏུགས་པར་ཉོ་ཚོང་བྱས་པ་བྱུང་ན་དགེ་འདུན་གྱི་ཚོགས་ལ་ཕན་པར་ཆུ་བན་གསུམ་སྐྱེལ་བར་བཅད་ཅིང་དེ་ལས་འདས་ན་དགེ་འདུན་གྱི་དབུས་སུ་བཟོད་པ་གསོལ་བར་བཅད། དགེ་འདུན་འདུས་པའི་ཤུལ་དུ་བསྐོས་པའི་མི་དང་ནད་པའི་ཕྱིར་དང་ཞལ་ཏ་པ་དང་དགེ་བསྐོས་ལ་དྲིས་ནས་མ་གཏོགས་གླིང་གསེབ་ཏུ་བྲང་ཁང་ཕན་ཚུན་དུ་མི་འགྲོ་བ་དང་། གླིང་གསེབ་ཏུ་དུད་འགྲོ་ཞག་གསུམ་མིན་པར་མི་བསྟེན་པར་བཅད། སྦྱིན་བདག་དང་ལས་བྱེད་པ་མ་གཏོགས་ཐབ་རྩར་མི་སྡོད་ཅིང་ཚོགས་ཆེ་ཆུང་གང་དུ་འདུ་བའི་ཚེ་སྒྲུབ་ནུས་པ་རྣམས་ཀྱིས་བེམ་པོ་དང་ཕྱམ་ཚེ་མི་བགོ་བར་བླ་གོས་དང་རྔུལ་གཟན་སོགས་དབྱིབས་རུང་བ་ལ་བརྟེན་པར་བཅད། ཁ་འཐབ་བྱེད་པ་བྱུང་ན་ལྟུང་བ་བཤགས་ནས་དགེ་འདུན་གྱི་དབུས་སུ་ཕྱག་དང་བཅས་པའི་ལྟུང་བཤགས་ཚར་བདུན་བཏོན་ནས་བཟོད་པ་གསོལ་ཞིང་ཚོགས་སུ་ཆུ་བན་གསུམ་སྐྱེལ་བར་བཅད། གྲལ་ལ་འདུ་བའི་ཀུན་སྤྱོད་ལྷག་མ་རྣམས་མཛེས་ཆོས་པ་དང་ཞལ་ཏ་པས་བསྒོ་བ་བཞིན་དུ་བྱེད་པར་བཅད། མཐོ་ནང་དུ་ཤིང་དང་ལོ་མ་མི་གཅོད་པ་དང་། མཚམས་ཀྱི་སྔ་རོལ་ན་ཡོད་པ་རྣམས་ཀྱིས་མཚམས་བསྡམས་ནས་མ་གྲོལ་བར་མཁར་ལས་གསར་དུ་མི་བྱ་བ་དང་། གློ་བུར་དུ་སླེབ་པས་མི་བྱེད་ཁ་མེད་ཀྱི་མཁར་ལས་དགོས་པ་བྱུང་ན་དགེ་བསྐོས་དང་ཞལ་ཏ་པ་ལ་དྲིས་ནས་ཇི་ལྟར་འོས་པའི་སར་བྱེད་པར་བཅད། རྩ་བདག་ཡིན་ཡང་ནམ་འགྲོ་བའི་ཚེ་སྤྱིལ་པོ་མི་བཤིག་པ་དང་། སོང་བའི་ཤུལ་དུའང་སྤྱིལ་པོ་ཕན་ཚུན་བཤིག་ནས་གཅིག་ཏུ་འདྲིལ་བ་མི་བྱེད་པ་དང་། སྤྱིལ་པོ་བཞག་སའི་དོ་དམ་དངོས་སུ་བྱེད་པ་མེད་ན་དགེ་བསྐོས་དང་ཞལ་ཏ་པ་ལ་གཏོད་པར་བཅད། གནས་འདིར་ཆོས་ཐོག་རེ་སྡོད་པར་འདོད་པའི་རབ་བྱུང་རྣམས་ཀྱིས་ཟང་རི་མན་ཆད་ཀྱི་མི་སྡེ་ལ་འུ་ལག་བསྐུལ་ན་བླ་མ་ལ་དམིགས་པའི་སྡིག་ཁམ་པོ་ཆེ་སོག་པར་སྣང་བས་དེ་མི་བྱེད་པ་དང་། ཆེ་ས་ནས་གསུང་ཤོག་བླངས་ནས་ནན་གྱིས་ཡོ་བྱད་སྟེར་དུ་བཅུག་ན་སྦྱིན་བདག་རྣམས་ཡིད་སུན་ནས་དགེ་འདུན་སྤྱི་ལ་མི་མོས་པའི་དགག་བྱ་ཆེན་པོ་འདུག་པས་དེ་ལྟར་མི་བྱེད་པར་བཅད། གལ་ཏེ་དེ་གཉིས་དང་འགལ་བར་བྱས་ན་དགེ་འདུན་གྱི་དབུས་སུ་ཉེས་པ་བསྒྲགས་ནས་བཟོད་པ་གསོལ་བར་བཅད། གླེངས་ན་སྐྱོན་བརྗོད་དུ་འགྲོ་བའི་ཉེས་པ་རྣམས་ལ་གྲྭ་འདིར་ཆོས་ཐོག་རེ་སྡོད་པ་ཚུན་ཆད་དུ་སྡོད་པའི་རབ་ཏུ་བྱུང་བ་རྣམས་ཀྱིས་འདིར་བཞུགས་ཀྱི་རབ་བྱུང་ལ་སྨྲས་པ་ལ། དགེ་བསྐོས་ཀྱིས་གང་ལས་ཐོས་པ་སོགས་ཇི་ལྟར་ཡིན་རྩད་བཅད་པའི་ཚེ་གཞི་དེ་གང་ཡིན་གྱི་ངེས་པ་མི་སྣང་ན་གཅིག་ནས་གཅིག་ཏུ་བརྒྱུད་པའི་གང་སྨྲས་ཐམས་ཅད་ཀྱིས་ཉེས་པ་ཕྱིར་བཅོས་ནས་དགེ་འདུན་འདུས་པའི་སྤྱན་སྔར་ཕྱག་ཉི་ཤུ་རྩ་གཅིག་བྱས་ཏེ་བཟོད་པ་གསོལ་བར་བཅད། བསླབ་ཁྲིམས་ཆེན་མོ་ལ་གཏོགས་པ་རྣམས་ཀྱིས་ཡུལ་དུས་ཀྱི་དབང་གིས་སྒྲུབ་པར་མ་ནུས་པ་མིག་གཉའ་ཤིང་གང་ཙམ་ལས་ཕན་ཆད་དུ་མི་ལྟ་བ་ལ་སོགས་པ་འགའ་ཞིག་མ་གཏོགས་གྲྭ་འདི་ན་ཕྱིར་བཅོས་ཀྱི་ལག་ལེན་ཡོད་པའི་སྡེ་ལྔའི་ལྟུང་བ་ཁྲིམས་ཆེན་མོའི་ཁོག་ཏུ་ཞུགས་པའི་གྲོགས་ལ་བྱུང་བ། དགེ་སློང་བསྐོས་པ་ལ་སོགས་པས་གླེངས་ན་ལྟུང་བ་ཕྱིར་འཆོས་པའི་ཐབས་སྒྲུབ་པ་གང་ཡང་རུང་བ་ལ་མ་སྨྲས་པར་གསང་བ་དང་། གྲྭ་འདིར་དགེ་འདུན་གྱི་བཅའ་ཡིག་ཆེ་ཆུང་དང་འགལ་བའི་ཉེས་པ་བྱུང་བ་ཤེས་བཞིན་དུ་བསྐོས་པའི་དགེ་སློང་ལ་མ་བཤད་པར་གསང་ནའང་ཆད་པ་སྔ་མ་བཞིན་བྱེད་པར་བཅད། གྲྭ་འདིར་ཕྱོགས་རིས་ནས་བྱོན་པའི་སྡོམ་བརྩོན་རྣམས་ཀྱི་ཀུན་སྤྱོད་ཡོངས་སུ་དག་པ་ལ་བརྟེན་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་བྱ་བའི་ཕྱིར་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་མཛད་པ་འདི་མཐོ་དམན་གྱི་ས་ཐམས་ཅད་ནས་སོ་སོ་ནས་ཐུགས་ཁུར་ཆེན་པོ་བསྣམས་ཏེ། བསྟན་པ་རིན་པོ་ཆེ་རྒྱས་པའི་ཐབས་ལ་དགེ་འདུན་གྱི་ཁྲིམས་སུ་བཅའ་བ་འདིའི་གཞུང་སྲོང་བར་མཛོད། གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །བསླབ་པ་འདོད་པའི་དགེ་སློང་དག །དབེན་པ་དག་ནི་ཐོབ་གྱུར་ཏེ། །གཡེང་བ་ཐམས་ཅད་རབ་སྤངས་ནས། །སེམས་ནི་ལས་རུང་སྒོམ་གྱུར་ཅིག །བྱ་ལོ་ཟླ་བ་ལྔ་པའི་ཡར་ངོའི་ཚེས་བཞིའི་ཉིན་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དབེན་གནས་བྱམས་པ་གླིང་དུ་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞལ་སྔ་ནས་བཀའ་གནང་སྟེ། སྡོམ་བརྩོན་སྡེ་སྣོད་འཛིན་པའི་གནས་བརྟན། བསྟན་པ་རིན་པོ་ཆེ་ལ་གཅེས་སྤྲས་སུ་མཛད་པ་རྣམས་ཀྱི་ཁྲིམས་སུ་བཅའ་བ་ཆུང་བ་དང་པོར་མཛད་པའོ། །


                                                                   རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།