བསྔོ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-28 17:49:26     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

    140803082486048208.jpg

        ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དུས་ལས་འདས་པ་མིང་འདི་ཞེས་བྱ་བ་ལ་དགོངས་སུ་གསོལ། དུས་ལས་འདས་པ་མིང་འདི་ཞེས་བགྱི་བས་ཐོག་མ་མེད་པའི་དུས་ནས་སྦྱིན་པ་ལས་བྱུང་བ་དང་། ཚུལ་ཁྲིམས་ལས་བྱུང་བ་དང་། བསྒོམས་པ་ལས་བྱུང་བའི་དགེ་བའི་རྩ་བ་རང་གིས་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་རྣམས་དང་། གཞན་ཡང་ཁོང་གི་ཕྱིར་དུ་དམིགས་ཏེ་འབྲེལ་བ་ཤུལ་ན་མཆིས་པ་རྣམས་ཀྱིས་བླ་མ་དང་དཀོན་མཆོག་མཆོད་པ། དགེ་འདུན་ལ་བསྙེན་བཀུར་བ། དབུལ་ཕོངས་ལ་སྦྱིན་པ་བཏང་བ། གཟུངས་སྔགས་ཀྱི་བཟླས་བརྗོད། གསུང་རབ་བསྒྲགས་པ། དཀྱིལ་འཁོར་དུ་བཅུག་ཅིང་དབང་བསྐུར་ཏེ་སྡིག་པ་སྦྱང་བ་སོགས་ཀྱི་དགེ་བའི་རྩ་བ་ཐམས་ཅད་དུས་ལས་འདས་པ་དེ་དག་གལ་ཏེ་ལས་ཀྱི་དབང་གིས་འགྲོ་བ་རིགས་དྲུག་གང་དང་གང་དུ་སྐྱེས་སམ། སྐྱེ་བར་འགྱུར་བའི་ལས་ཅན་ཅིག་ཡིན་ན་ཡང་། དགེ་བའི་རྩ་བ་འདི་དག་ཐམས་ཅད་དེའི་ཕྱི་བཞིན་དུ་འབྲང་ཞིང་རྗེས་སུ་འཇུག་པར་གྱུར་ཅིག ཕྱི་བཞིན་དུ་འབྲང་ཞིང་ཞུགས་ནས་ཀྱང་རིགས་དྲུག་སོ་སོའི་སྡུག་བསྔལ་མཐའ་དག་ལས་གྲོལ་ཏེ། མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག ཅེས་ལན་གསུམ་བརྗོད་ཅིང་། དེ་མ་ཐོབ་པའི་ཚེ་རབས་ཐམས་ཅན་དུའང་ལུས་ཀྱི་རྟེན་དལ་བ་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པར་གྱུར་ཅིག འཕགས་པའི་ནོར་བདུན་དང་ལྡན་པར་གྱུར་ཅིག གནས་སྐབས་ཐམས་ཅད་དུ་སངས་རྒྱས་མཐོང་བ་དང་མི་འབྲལ་བར་གྱུར་ཅིག དམ་པའི་ཆོས་མཉན་པ་དང་མི་འབྲལ་བར་གྱུར་ཅིག འཕགས་པའི་དགེ་འདུན་ལ་བསྙེན་བཀུར་བྱེད་པ་དང་མི་འབྲལ་བར་གྱུར་ཅིག་ཅེས་སོ། །ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད། ཚེ་དང་ལྡན་པ་མིང་འདི་ཞེས་བྱ་བ་ལ་དགོངས་སུ་གསོལ། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བས། ཐོག་མ་མེད་པའི་དུས་ནས། སྦྱིན་པ་དང་ཚུལ་ཁྲིམས་དང་བསྒོམས་པ་ལས་བྱུང་བའི་དགེ་བ་བགྱིས་པ་དང་། བགྱིད་དུ་སྩལ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་བའི་མཐུ་ལ་བརྟེན་ནས། ཚེ་དང་ལྡན་པ་མིང་འདི་ཞེས་བགྱི་བས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་དུ་ཐོབ་པར་གྱུར་ཅིག ཅེས་ལན་གསུམ་བརྗོད། དེ་མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ་ཡང་། རིགས་མཐོ་བ་དང་གཟུགས་བཟང་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་ཅིག ཚེ་རིང་བ་དང་ནད་མེད་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག འབྱོར་བ་དང་དབང་ཕྱུག་ཆེ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག ཤེས་རབ་དང་དད་པ་ཆེ་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག མང་དུ་ཐོས་པ་དང་། ཚུལ་ཁྲིམས་བསྲུང་བ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག གཏོང་བ་ལ་དགའ་བ་དང་ངོ་ཚ་ཤེས་ཤིང་ཁྲེལ་ཡོད་པ་རྣམས་ཀྱི་ནང་ན་མཆོག་ཏུ་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས། སྐྱེ་དགུ་ཐམས་ཅད་ཀྱི་ཕན་བདེ་རབ་འབྱམས་ཀྱི་རྩ་བ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག བསྟན་པ་རིན་པོ་ཆེ་བཤད་པ་དང་བསྒྲུབ་པའི་སྒོ་ནས་འཛིན་པའི་དམ་པ་ཐམས་ཅད་སྐུ་ཁམས་བཟང་ཞིང་སྐུ་ཚེ་རིང་བར་གྱུར་ཅིག དེ་དག་གི་རྣམ་པར་དཀར་བའི་འཕྲིན་ལས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག དགེ་འདུན་ཐམས་ཅད་ཀྱིའང་ཆོས་སྤྱོད་བཅུའི་སྒྲུབ་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིའང་འགལ་རྐྱེན་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་ཆེ་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་ཅིག དེ་དག་གི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ། སྔོན་སངས་རྒྱས་མཐོང་བ། ཆོས་ཐོས་པ། དགེ་འདུན་ལ་བརྟེན་པ། བསྟན་པ་དང་འཁོར་རྣམ་བཞི་སྐྱོང་བར་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱིས་སྐད་ཅིག་ཀྱང་གཡེལ་བ་མེད་པར་གྲོགས་མཛད་པར་གྱུར་ཅིག གཞན་ཡང་དགེ་བའི་རྩ་བ་འདིའི་མཐུ་ལ་བརྟེན་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཀྱི་དཔལ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་ལོ་ཕྱུགས་རྟག་ཏུ་ལེགས་པར་གྱུར་ཅིག ཆར་ཆུ་དུས་སུ་འབབ་པར་གྱུར་ཅིག མི་ནད་དང་ཕྱུགས་ནད་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག དུས་ཀྱི་འཁྲུག་པ་དང་། མཚོན་གྱི་བསྐལ་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་གདུག་རྩུབ་ཅན་རྣམས་ཀྱི་བསམ་སྦྱོར་ངན་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཕན་ཚུན་དུ་ཕ་མ་ལྟར་བྱམས་པ་ལ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདུད་ཀྱི་ཞགས་པ་ལས་ཡོངས་སུ་ཐར་པར་གྱུར་ཅིག སེམས་ཅན་ཐམས་ཅད་རང་རང་གི་རྫས་དང་ལོངས་སྤྱོད་དང་དབང་ཕྱུག་དག་གིས་ཆོག་ཤེས་པར་གྱུར་ཅིག སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག བྱང་ཆུབ་སེམས་དཔའ་གང་དག་སུ་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་གྱུར་ཅིག །མཐོང་ཞིང་ཐོས་སམ་རྗེས་སུ་དྲན་ཀྱང་རུང་། །རེག་གམ་གཏམ་དུ་བརྗོད་པ་ཙམ་གྱིས་ཀྱང་། །རྣམ་པ་ཀུན་ཏུ་འགྲོ་ལ་ཕན་དོན་དུ། །བདེ་དང་ལྡན་པ་རྟག་ཏུ་བགྱིད་གྱུར་ཅིག །འདི་ན་རྒྱལ་བ་དགྲ་རྒྱལ་བདེན་གང་གིས། །ཤིན་ཏུ་བདེན་པ་གསུང་ཞིང་རྫུན་མེད་པ། །བདེན་པ་དེ་ཡིས་དེང་འདིར་བདེ་ལེགས་ཤོག །འགྲོ་ཀུན་འཇིགས་པ་ཆེ་ལས་ཐར་གྱུར་ཅིག །

                                                                                  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།