ལྷ་ས་སྨོན་ལམ་ཆེན་མོའི་བསྔོ་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-16 13:15:58     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

    5.jpg

            ཨོཾ་སྭསྟི། ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ་པར་མཛད་པའི་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མའི་ཚོགས་བསྟན་པ་སྐྱོང་བ་དང་བཅས་པ་རྣམས་བདག་ཅག་སྦྱིན་པའི་བདག་པོ་རྣམས་ལ་དགོངས་སུ་གསོལ། མཆོད་ཡོན་ཕལ་ཆེར་ལ་སོགས་པ་དང་། མཉམ་མེད་མི་གཡོས་བསྟོད་དོ། །བཅོམ་ལྡན་རྒྱལ་བའི་དབང་པོ་མཆོག །རིག་པའི་རྒྱལ་པོ་ཁྱོད་ལ་འདུད། །སྦྱིན་བདག་རྣམས་ལ་བརྩེ་ཕྱིར་དྲང་། །ཁྱེད་ལ་མཆོད་པར་བྱ་བའི་ཕྱིར། །མགོན་པོ་ཐུགས་རྗེའི་བདག་ཉིད་ཅན། །མཆོད་པ་བགྱི་བར་བདག་འཚལ་ལོ། །དེ་ཕྱིར་བཅོམ་ལྡན་བདག་གུས་ལ། །བཀའ་དྲིན་གནང་བར་མཛད་པར་རིགས། །སངས་རྒྱས་འགྲོ་འཁོར་བྱ་དོན་སྩོལ། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གཞན་ཡང་གང་དག་གསང་སྔགས་ལྷ། །ལྷ་དང་འཇིག་རྟེན་སྐྱོང་བ་དང་། །འབྱུང་པོ་བྱང་ཆུབ་བསྟན་གནས་དང་། །སེམས་ཅན་བསྟན་ལ་མངོན་དགའ་བ། །གང་སུ་རྡོ་རྗེའི་སྤྱན་མངའ་རྣམས། །བདག་ལ་ཡང་དག་དགོངས་སུ་གསོལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །རྒྱལ་བ་རྣམས་ལ་མཆོད་པ་ནི། །ཇི་ལྟར་ནུས་པ་ཉེར་སྤྱོད་པ། །དེའི་ཕྱིར་བདག་དང་སྦྱིན་བདག་ལ། །རྗེས་སུ་བརྩེ་བར་ཉེར་བཟུང་ནས། །རྒྱལ་བ་འཁོར་བཅས་ཐམས་ཅད་ནི། །ཉེ་བར་འབྱོན་པར་མཛད་པར་རིགས། །ཞེས་པས་སྙན་གསན་ཕབ་སྟེ། དངོས་གཞིའི་དུས་མཆོད་པ་རྣམས་བསང་སྦྱང་སྐྱེད་དེ་བྱིན་གྱིས་བརླབས་ནས། རྒྱལ་བ་འཁོར་བཅས་སྤྱན་དྲངས་པ་ལ། རི་བོ་ལྟར་ན་མཛེས་པ་ཡི། །ཡོན་ཏན་དམ་པའི་རྒྱན་ལྡན་པའི། །མཆོད་གནས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མ་རིག་འཇོམས་པའི་ཉི་མ་སྟེ། །སྲིད་པའི་ནད་ནི་སེལ་བའི་སྨན། །དམ་ཆོས་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །བསྐལ་པའི་མཐའ་ཡི་དངོས་འཇོམས་པ། །འཇིགས་བྱེད་མེ་ཡི་ཆ་བྱད་ཅན། །མགོན་པོ་སྙིང་རྗེའི་སྟོབས་ལྡན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །མཆོག་ཏུ་ཚིམ་ཞིང་སྐལ་བཟང་བ། །དམ་པའི་བདུད་རྩི་མཛེས་ཆ་བྱད། །དཔལ་ལྡན་བླ་མའི་སྐུ་གསུང་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཆོས་ཀྱི་སྐུ་ཡི་བདག་ཉིད་ཅན། །མཆོག་གི་ཡོན་ཏན་གཟུགས་བརྙན་གྱི། །མཆོད་རྟེན་རིན་ཆེན་འདི་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །གདུལ་བྱའི་སེམས་ཅན་གང་དག་ལ། །རྒྱལ་བའི་སྤྲུལ་སྐུ་མང་པོ་ཡིས། །ཆ་བྱད་ལྷ་ཡི་རྣམ་པ་ནི། །སྙིང་རྗེ་ཡིས་ནི་ངེས་གང་བ། །རྟག་ཏུ་ཕན་དང་བདེ་མཛད་པ། །མཆོག་ཏུ་དུལ་བ་དེ་དག་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །སངས་རྒྱས་གཟུགས་བརྙན་གནས་དང་ནི། །སློབ་པའི་དགེ་འདུན་གནས་ཀྱི་ས། །གཙུག་ལག་ཁང་དང་གནས་གཞན་ལ། །བདག་གིས་ཁྲུས་འདི་གསོལ་བར་བགྱི། །ཞེས་པས་དམ་བཅའ་བརྗོད་དེ་དེའི་རྗེས་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །སོགས་ཀྱིས་དྲིས་བྱུག དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །སོགས་ཀྱིས་ན་བཟའ་དབུལ། རྒྱལ་བ་མཚན་དཔེའི་རང་བཞིན་རྒྱན་ལྡན་ཕྱིར། །རྒྱན་གཞན་དག་གིས་བརྒྱན་པར་མི་འཚལ་ཡང་། །རིན་ཆེན་རྒྱན་མཆོག་ཕུལ་བས་འགྲོ་ཀུན་གྱིས། །མཚན་དཔེས་བརྒྱན་པའི་སྐུ་ལུས་ཐོབ་པར་ཤོག །དེ་ནས་སྨོན་ལམ་ནི། སྐུ་མཆོག་རྣམ་དག་བལྟ་བས་མི་ངོམས་ཤིང་། །ངོ་མཚར་སྐྱོན་བྲལ་མཁའ་དཀྱིལ་ཉི་གསལ་འདྲ། །ཆོས་ཀྱི་སྐུ་ལ་དྲི་མ་མི་མངའ་ཡང་། །སྲི་ཞུ་བཀུར་སྟི་རིམ་གྲོའི་ཚུལ་ཙམ་དུ། །ཆུ་གཙང་སྨན་སྤོས་འོ་མ་འདག་ཆལ་ཆུས། །འགྲོ་བའི་ལུས་སེམས་སྡུག་བསྔལ་ནད་བསལ་ཏེ། །ཉེས་པའི་སྐྱོན་བྲལ་འགྲོ་བའི་ཡིད་འོང་བ། །དམ་པའི་སྐུ་མཆོག་བདག་གིས་ཐོབ་པར་ཤོག །བདེ་གཤེགས་སྐུ་གསུམ་དཔེ་དང་མཚན་མངའ་ཡང་། །འགྲོ་བའི་དོན་དུ་གཟུགས་སྐུ་ཅིར་ཡང་གདའ། །རིན་ཆེན་དབྱིག་ལྟར་ཉེས་པའི་སྐྱོན་བྲལ་ཡང་། །འཇིག་རྟེན་སྲི་ཞུ་གུས་པའི་ཚུལ་ཙམ་དུ། །སྡིག་མེད་རྒྱལ་བ་རྣམས་ཀྱིས་རབ་བསྔགས་པའི། །རས་མཆོག་འདི་ཡིས་རྒྱལ་བའི་སྐུ་ཕྱིས་པས། །ཉོན་མོངས་དུག་གསུམ་སྒྲིབ་པ་ཀུན་སྦྱངས་ཏེ། །སྐུ་གསུམ་དང་དུ་བདག་ཅག་འགྱུར་བར་ཤོག །བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཞེས་སོགས་ཀྱིས་བཞུགས་སུ་གསོལ་ཏེ། བྱང་ཆུབ་ལྟུང་བཤགས་འདོན། རིན་ཆེན་སེམས་བཟུང་གིས་མཆོད་པ་སྤྱི་རྣམས་ཕུལ། མཎྜལ་རྒྱས་བསྡུས་གང་ཡང་རུང་བ་བྱས་ནས། ཕུན་ཚོགས་གཟི་འོད་ཕྱོགས་བཅུར་རབ་ཏུ་འཕྲོ། །བཀྲ་ཤིས་དཔལ་གྱིས་ཀུན་ནས་ལྷམ་མེ་བ། །རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་འདི། །ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བ་ཡིས། །བསྟན་པ་རིན་ཆེན་ཕྱོགས་བཅུར་དར་བ་དང་། །འཇིག་རྟེན་བདེ་ལེགས་ཆེན་པོས་ཁྱབ་པ་དང་། །ལྷར་བཅས་འགྲོ་བའི་གཙུག་གི་རྒྱན་གྱུར་པའི། །སྟོབས་བཅུ་མངའ་བའི་གོ་འཕང་ཐོབ་པར་ཤོག །ཕུན་སུམ་ཚོགས་པའི་གཟི་བརྗིད་ཀྱི་འོད་ཟེར་ཕྱོགས་ཐམས་ཅད་དུ་རབ་ཏུ་འཕྲོ་ཞིང་བཀྲ་ཤིས་པའི་དཔལ་གྱིས་ཀུན་ནས་ལྷམ་མེར་གྱུར་པ་རིན་པོ་ཆེ་ས་ལེ་སྦྲམ་ལས་བསྒྲུབས་པའི་དེ་བཞིན་གཤེགས་པ་རིགས་ལྔའི་དབུ་རྒྱན་དཔའ་བོའི་དར་དཔྱངས་དང་བཅས་པ་རིན་པོ་ཆེ་སྣ་ཚོགས་པའི་ཕྲ་བཀོད་པས་མཛེས་པར་བྱས་པ་འདི་བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོའི་དབུ་ལ་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག འཇིག་རྟེན་གྱི་ཁམས་ཐམས་ཅད་དུའང་བཀྲ་ཤིས་དང་དགེ་མཚན་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུར་བར་གྱུར་ཅིག དེ་ལྟར་བསྒྲུབས་པའི་སྦྱིན་པའི་བདག་པོ་རྣམས་ཀྱང་ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་གཙུག་གི་ཅོད་པན་གྱི་སྟེང་ན་གང་གི་ཞབས་ཀྱི་པདྨོ་རྣམ་པར་མཛེས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཇི་འདྲ་བ་དེ་བཞིན་དུ་གྱུར་ཅིག དྲི་མེད་མཚན་ལ་སྒྲིབས་པ་མི་མངའ་ཡང་། །ཞེས་དང་། འདིར་ནི་བསོད་ནམས་ཞིང་གི་དམ་པ་ཁྱོད། །མཉེས་པར་བགྱིད་སླད་ལྷག་བསམ་དག་པ་ཡིས། །དགེ་སྦྱོང་རྣམས་ལ་འདྲེན་པས་བསྔགས་པ་ཡི། །ཆོས་གོས་གསུམ་དང་གསིལ་བྱེད་དྲང་སྲོང་སྣོད། །ཞེན་མེད་མ་ཆགས་བློ་ཡིས་དབུལ་བར་བགྱི། །ཕུལ་བྱུང་གཟུགས་མཛེས་ཡིད་འཕྲོག་རྒྱན་གྱིས་སྤུད། །ལང་ཚོ་རབ་རྒྱས་གླུ་དང་གར་ལ་མཁས། །དབང་པོ་དྲུག་ལ་རྨད་བྱུང་བདེ་བ་སྟེར། །ཀུན་གྱི་དགའ་སྐྱེད་མཆོད་པའི་ལྷ་མོ་ནི། །ཁ་ཅིག་མེ་ཏོག་སྣ་ཚོགས་ཀུན་ཏུ་ཐོགས། །གཞན་དག་དྲི་ཞིམ་བདུག་པས་ཕྱོགས་ཀུན་འགེངས། །ལ་ལ་སྣང་གསལ་དྲི་དང་བདུད་རྩི་འཛིན། །དེ་འདྲའི་མཆོད་པའི་སྤྲིན་གྱིས་བདག་མཆོད་ན། །འཁོར་དང་བཅས་པའི་བརྩེ་ལྡན་བཅོམ་ལྡན་འདས། །བདག་གི་བསོད་ནམས་སྤེལ་སླད་བཤམས་པ་དང་། །ཡིད་ཀྱིས་སྤྲུལ་པའི་རབ་འབྱམས་མཆོད་པའི་ཚོགས། །དགྱེས་བཞིན་བཞེས་ཏེ་མཆོག་རྣམས་སྩལ་དུ་གསོལ། །ཡང་། པི་ཝང་མ་དང་གླིང་བུ་མ། །རྫ་རྔ་མ་དང་རྫ་རྔ་ཆེ། །བཞད་མོ་སྒེག་མོ་གླུ་གར་མོ། །མེ་ཏོག་མ་དང་སྤོས་འཆང་མ། །མར་མེ་མ་དང་དྲི་ཆབ་མ། །མེ་ལོང་མ་དང་རོ་འཛིན་མ། །རེག་བྱ་མ་དང་ཆོས་ལྡན་མ། །ནམ་མཁའ་གང་བའི་ཚོགས་སྤྲུལ་ནས། །རྒྱལ་བ་སྲས་དང་བཅས་ལ་དབུལ། །ཞེས་པའོ། །ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །ཞེས་སོགས་ཀྱིས་རྒྱལ་སྲིད་སྣ་བདུན་ཕུལ་ཏེ། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་སྲིད་ལ་མངའ་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག རིན་ཆེན་གདུགས་དང་གསེར་ཉ་དང་། །གཏེར་ཆེན་བུམ་པ་པདྨ་བཟང་། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩལ་པའི་ཕྱིར། །བླ་མ་ལྷར་བཅས་བཞེས་སུ་གསོལ། །བཀྲ་ཤིས་པའི་རྟགས་བརྒྱད་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་ཕྱོགས་དང་དུས་དང་གནས་སྐབས་ཐམས་ཅད་དུ་བཀྲ་ཤིས་དང་བདེ་ལེགས་ཀྱི་དགེ་མཚན་རྒྱ་ཆེན་པོ་རྒྱུན་མི་འཆད་དུ་འབྱུང་བར་གྱུར་ཅིག རིན་ཆེན་མཛེས་པའི་བཀྲ་ཤིས་བུམ་པ་འདི། །སྣ་ཚོགས་བཅུད་ཀྱིས་བཀང་སྟེ་ཕུལ་བ་ཡིས། །ལས་དང་ཉོན་མོངས་སྒྲིབ་པ་ཀུན་དག་ནས། །བྱང་ཆུབ་སེམས་ཀྱི་རླན་གྱིས་བརླན་པར་ཤོག །ཅེས་པས་གང་བུམ་ཕུལ། དེ་ནས། རྔ་བོ་ཆེ་རྣམས་ཕུལ་བའི་དགེ་བ་ཡིས། །སེམས་ཅན་ཐམས་ཅད་ཚངས་པའི་དབྱངས་ལྟར་གྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རེག་ཤོག །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག །བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག །འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག །ཉོན་མོངས་འཇོམས་འགྱུར་སྡུག་བསྔལ་སེལ་བར་ཤོག །འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག །རྔ་ཕུལ་བའི་དགེ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་ཆོས་ཀྱི་རྔ་ཆེན་པོ་རྒྱུན་མི་འཆད་དུ་བརྡུང་བར་གྱུར་ཅིག ཅེས་པས་རྔ་ཕུལ། དེ་ནས། དཀར་མཛེས་འཁྱིལ་ལེགས་དར་གྱི་ཅོད་པན་ཅན། །གདངས་སྙན་སྐད་ཀྱི་ང་རོས་ཕྱོགས་ཀུན་འགེངས། །གཡས་འཁྱིལ་དུང་གིས་ནམ་མཁའ་བཀང་སྟེ་འབུལ། །འགྲོ་བས་ཚངས་དབྱངས་མཆོག་ནི་ཐོབ་པར་ཤོག །དུང་ཕུལ་བའི་དགེ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་ཆོས་ཀྱི་དུང་རྒྱུན་མི་འཆད་དུ་འབུད་པར་གྱུར་ཅིག ཅེས་པས་དུང་ཕུལ། དེ་ནས་གདུགས་འབུལ་བའི་ཚིག་གང་ཡང་རུང་བ་བྱས་ལ། གདུགས་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་ཆེན་པོར་གྱུར་ཅིག ཅེས་པས་གདུགས་ཕུལ། དེ་ནས་རྒྱལ་མཚན་ལ་ཚིགས་བཅད་གང་རུང་གི་རྗེས་སུ་རྒྱལ་མཚན་ཕུལ་བའི་དགེ་བའི་རྩ་བ་ལ་བརྟེན་ནས་སྦྱིན་པའི་བདག་པོ་རྣམས་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བའི་ཆོས་ཀྱི་རྒྱལ་མཚན་ཕྱོགས་བཅུར་བསྒྲེང་བར་གྱུར་ཅིག དེ་ནས་ངོ་མཚར་བའི་མཆོད་པ་ཆེན་པོ་བཅོ་བརྒྱད། མཆོད་པ་ཉེར་ལྔ་པ། མཆོད་པ་ཉེར་གཅིག་པ། ཡོ་བྱད་ཀྱི་མཆོད་པ་བཅུ་རྣམས་ཕུལ་ནས། རྒྱལ་བས་བདུད་བཅོམ་བྱང་ཆུབ་སངས་རྒྱས་ཏེ། །རྒྱལ་བའི་སྐུ་ལ་སྒྲིབས་སྐྱེམ་མི་མངའ་ཡང་། །བདག་ཅག་བསོད་ནམས་ཞིང་དུ་འགྱུར་སླད་དུ། །བཤོས་དང་ཞལ་ཟས་སྦྱར་བ་འདི་ཕུལ་བས། །དུས་ཀུན་དགེ་བའི་ལོ་ཏོག་འཕེལ་རྒྱས་ནས། །བདེ་བ་ཅན་དུ་པདྨ་ལས་སྐྱེས་ཏེ། །རིན་ཆེན་ཟས་དང་ཆོས་ལ་སྤྱོད་པར་ཤོག །ཅེས་པས་ཞལ་ཟས་སོགས་ཕུལ་ནས་གསོལ་བ་གདབ། བསྟོད་པ་འདོན། བདེ་བ་ཅན་གྱི་སྨོན་ལམ། བསྟན་པ་འབར་བའི་སྨོན་ལམ། སྤྱིའི་བསྔོ་བ་དང་སྨོན་ལམ། བཀྲ་ཤིས་རྣམས་བྱའོ། །ཞེས་པ་འདི་ནི་ལྷ་སར་སྨོན་ལམ་ཆེན་མོའི་དུས་རྗེ་བཙུན་ཙོང་ཁ་པ་ཉིད་ཀྱིས་ཁྲིགས་སུ་བསྡེབས་པའོ། །

                                                                རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།