འཁོར་ལོ་བདེ་མཆོག་གི་མཆོད་འབུལ་སྨོན་ལམ་བཀྲ་ཤིས་དང་བཅས་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-16 13:11:02     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

    141167139857469365.jpg

           དེ་ནས་ཤིས་བརྗོད་བྱ་ཚུལ་ནི། རབ་ཡངས་ནམ་མཁའ་ཏིལ་གྱི་གང་བུ་བཞིན། །ཡོངས་སུ་གང་བའི་བདེ་མཆོག་ལྷ་ཚོགས་ནི། །ཁ་ཅིག་མེ་ཏོག་སྣ་ཚོགས་ཆར་འབེབས་ཤིང་། །ལ་ལ་བཀྲ་ཤིས་གདངས་སྙན་གླུ་རུ་ལེན། །གཞན་དག་བགེགས་དཔུང་འཇོམས་པའི་འཕྲིན་ལས་ཀྱིས། །ཁྱེད་ལ་རྟག་ཏུ་དཔལ་གནས་མཛད་པ་འདི། །ཤེས་པར་གྱིས་ལ་ཡིད་བདེ་སྐྱེད་ཅིག་དང་། །ཤིས་བརྗོད་ཕྲེང་བ་བདག་གིས་བསྒྲག་པར་བྱ། །རྨད་བྱུང་མཚན་དཔེའི་དཔལ་འབར་ལོངས་སྤྱོད་རྫོགས། །ཁ་སྦྱོར་བདེ་སྟོང་རོ་ལ་རྟག་རོལ་ཅིང་། །དམིགས་མེད་ཐུགས་རྗེས་ཞི་བའི་མཐའ་སྤངས་པ། །རྒྱལ་བ་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །གསང་བ་ཀུན་གྱི་མཛོད་འཛིན་གསང་བའི་བདག །ས་ར་ཧ་དང་ཀླུ་སྒྲུབ་ཤ་བ་རི། །ལཱུ་ཨི་པ་དང་དཱ་རི་ཀ་པ་དང་། །རྡོ་རྗེ་དྲིལ་བུ་པ་དང་རུས་སྦལ་ཞབས། །ཛ་ལན་དྷ་ར་བ་དང་ནག་པོ་བ། །གུ་ཧྱ་བ་དང་རྣམ་རྒྱལ་ཞབས་དང་ནི། །ཏེ་ལོ་ནཱ་རོ་ལ་སོགས་བླ་མ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །དྲི་མེད་རྣམ་ཐར་ཇི་བཞིན་ཟིན་པ་དང་། །བྱིན་རླབས་ཞུགས་པས་འཁོར་ལོ་བདེ་མཆོག་གི། །བསྟན་པ་རྒྱས་པར་བྱེད་པའི་བཀྲ་ཤིས་ཤོག །ཐར་པ་ཆེན་པོའི་ཕོ་བྲང་གཞལ་ཡས་ཁང་ཆེན་པོའི་དབུས་ན་སྣ་ཚོགས་ཆུ་སྐྱེས་དང་ཉིན་བྱེད་རྒྱས་པའི་དཀྱིལ་འཁོར་ལ་གནས་པའི་འཇིགས་བྱེད་དང་དུས་མཚན་གྱི་གདན་གྱི་སྟེང་ན། ཤིན་ཏུ་མཛེས་ཤིང་བལྟ་བས་མི་ངོམས་པའི་ཨིནྡྲ་ནཱི་ལའི་རི་བོ་ལ་ཐུན་མཚམས་ཀྱི་ཆུ་འཛིན་གཞོན་ནུ་ཡིད་འཕྲོག་པའི་ཁ་དོག་དམར་སེར་ཅན་གྱིས་འཁྱུད་པ་བཞིན་དུ་བཞུགས་པའི་སྟོན་པ་ཕུན་སུམ་ཚོགས་པ་རིགས་ཐམས་ཅད་ཀྱི་ཁྱབ་བདག་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་སྐུ་མདོག་སྔོན་པོ་ལ་མཛེས་པའི་མིག་གི་བདུད་རྩི་ཐམས་ཅད་ཕྱོགས་གཅིག་ཏུ་བསགས་པ་ལྟ་བུའི་གཟུགས་དང་ལང་ཚོའི་དཔལ་ཕུན་སུམ་ཚོགས་པ་མཐོང་བ་ཙམ་གྱི་མོད་ལ་བདེ་བ་ཆེན་པོ་ཀུན་ཏུ་འབར་བར་མཛད་པའི་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོས་ཡོངས་སུ་འཁྱུད་པའི་དཔལ་ཧེ་རུ་ཀ་ཡབ་ཡུམ་ལ་ཤིན་ཏུ་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་མ་ཇི་སྙེད་ཅིག་མཆིས་པའི་བཀྲ་ཤིས་པའི་དམ་པ་དེས་སྐལ་བ་དང་ལྡན་པའི་གང་ཟག ཁྱེད་ཅག་འདིར་འཁོད་པ་རྣམས་ལ་ཕུན་སུམ་ཚོགས་པའི་དཔལ་ལ་རྟག་ཏུ་གནས་པའི་ཤིས་པ་ལྷག་པར་སྐྱོང་བར་གྱུར་ཅིག བདེ་ཆེན་རྒྱལ་པོ་ཧེ་རུ་ཀ་དཔལ་དང་། །བདེ་བའི་མཆོག་སྦྱིན་རྡོ་རྗེ་ཕག་མོ་གཉིས། །དཔྱིད་དང་ཐིག་ལེའི་སྦྱོར་བ་ལ་ཞུགས་ནས། །ཐབས་ཤེས་མཉམ་པར་སྦྱོར་བའི་བཀྲ་ཤིས་དེས། །ཁྱེད་ཀྱི་བདེ་སྟོང་དབྱེར་མེད་རྒྱས་མཛད་ནས། །ཤེས་བྱའི་འཁོར་ལོར་ཐམས་ཅད་ལྷན་སྐྱེས་བདེར། །ཡོངས་སུ་སྡོམ་བྱེད་འཁོར་ལོ་སྡོམ་པ་ཡི། །ལྷན་སྐྱེས་བདེ་བའི་བཀྲ་ཤིས་རྒྱས་བྱེད་ཤོག །དེ་ལྟ་བུའི་སྟོན་པ་ཕུན་སུམ་ཚོགས་པས་གསུངས་པའི་ཆོས་ཕུན་སུམ་ཚོགས་པ་དཔལ་ཧེ་རུ་ཀ་དཔའ་བོ་ཆེན་པོ་ཀླགས་པས་གྲུབ་པ་ཐམས་ཅད་དུ་གཞན་གྱིས་མི་ཐུབ་པ། གདོད་ནས་གྲུབ་པ་རྒྱུད་ཐམས་ཅད་ཀྱི་བླ་མ། དཔལ་ཧེ་རུ་ཀ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་དཔལ་འཁོར་ལོ་བདེ་མཆོག་གི་རྩ་བའི་རྒྱུད་གསུམ་དང་། བཤད་པའི་རྒྱུད་དྲུག་དང་། ཆ་མཐུན་པའི་ཡན་ལག་གི་རྒྱུད་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། རྣལ་འབྱོར་མ་རྒྱུད་དུང་ཕྱུར་ཕྲག་གཅིག་དང་། །བྱེ་བ་ཕྲག་དྲུག་གསུངས་པའི་ནང་ནས་ནི། །རྒྱལ་མཚན་ཏོག་ལྟར་མཐོ་བའི་རྒྱུད་ཀྱི་མཆོག །དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་རྣམས་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ལ་ཆོས་ཀྱི་འབྱོར་བ་རྒྱས་པ་དང་། །ཆོས་ཀྱི་མི་མཐུན་ཕྱོགས་ཀུན་ཟད་གྱུར་ཏེ། །ཕུན་ཚོགས་དཔལ་འབྱོར་རྒྱས་པའི་བཀྲ་ཤིས་ཤོག །དེ་ལྟ་བུའི་ཆོས་ཕུན་སུམ་ཚོགས་པ་ཉན་པའི་འཁོར་ཕུན་སུམ་ཚོགས་པ་སངས་རྒྱས་ཀྱི་ཞིང་གྲངས་མེད་པའི་རྡུལ་དང་མཉམ་པའི་བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་ནང་ནས་ཆེ་ལོང་ཙམ་ཞིག་བརྗོད་པ་འདི་ལྟ་སྟེ། དཔའ་བོ་ཆེན་པོ་གཟུགས་རྡོ་རྗེ་ཞེས་བྱ་བ་ནས། དཔའ་བོ་ཆེན་པོ་ཚོར་བ་རྡོ་རྗེ་ཞེས་བྱ་བ་དང་། ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་ཆེན་པོ་ཞེས་བྱ་བའི་བར་དྲུག་དང་། དཔའ་བོ་ཆེན་པོ་རྣ་བ་རྡོ་རྗེ་ཞེས་བྱ་བ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་ཅེས་བྱ་བའི་དཔའ་བོ་ཆེན་པོའི་བར་དྲུག་དང་། རྣལ་འབྱོར་མ་ཆེན་མོ་ལྟུང་བྱེད་མ་ཞེས་བྱ་བ་ནས་རྣལ་འབྱོར་མ་ཆེན་མོ་པདྨའི་དྲ་བ་མོ་ཞེས་བྱ་བའི་བར་ལྔ་སྟེ། ཐམས་ཅད་ཀྱང་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ། མཛེས་པའི་གར་སྣ་ཚོགས་བྱེད་ཅིང་རང་གི་དམ་ཚིག་དང་འཁྱུད་པ་དང་། ཙུམྦྷ་ནས་སྙིང་རྗེ་ཆེན་པོའི་ཉམས་ཡོངས་སུ་རྫོགས་པར་མཛད་ཅིང་། ཁྱད་པར་དུ་ཡང་ཕུང་པོ་དང་སྐྱེ་མཆེད་དང་ཁམས་རྣམས་བྱིན་གྱིས་རློབས་པར་བསྔགས་པའི་ལྷ་བཅུ་བདུན་ལ། ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། རྣམ་སྣང་རྡོ་རྗེ་ཉི་མ་གར་དབང་དང་། །རྡོ་རྗེ་རྒྱལ་པོ་རྡོར་སེམས་ཧེ་རུ་ཀ །གཏི་མུག་ཞེ་སྡང་སེར་སྣ་རྡོ་རྗེ་དང་། །འདོད་ཆགས་ཕྲག་དོག་དབང་ཕྱུག་རྡོ་རྗེ་དང་། །ལྟུང་བྱེད་གསོད་བྱེད་འགུགས་བྱེད་མ་དང་ནི། །གར་དབང་མ་དང་པདྨའི་དྲ་བ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ཕུང་ཁམས་སྐྱེ་མཆེད་བྱིན་རློབ་པའི། །བཀྲ་ཤིས་ཉིན་མཚན་ཀུན་ཏུ་སྐྱོང་གྱུར་ཅིག །སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ཕྱོགས་ཀྱི་འདབ་མ་བཞི་ལ་རིན་པོ་ཆེའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་མཁའ་འགྲོ་མ་ཞེས་བྱ་བ་དང་། མཁའ་འགྲོ་མ་ཆེན་མོ་རྡོ་རྗེ་ལཱ་མ་ཞེས་བྱ་བ་ལ་སོགས་པའི་སྙིང་པོའི་རྣལ་འབྱོར་མ་བཞི་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་པ་ཞེས་པ་ནས། ཁྱད་པར་དུའང་རིན་པོ་ཆེའི་རིགས་ལ་བརྟེན་པའི་རྒྱས་པའི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་པར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། ཕྱོགས་ཀྱི་འདབ་མར་སྐྲ་གྲོལ་གཟུགས་མཛེས་པའི། །མཁའ་འགྲོ་ལཱ་མ་དུམ་སྐྱེས་གཟུགས་ཅན་མ། །པདྨའི་མཚོ་ལ་ངང་པའི་ཚོགས་འདུ་བཞིན། །དམ་ཚིག་ཅན་གྱི་གནས་སུ་ལེགས་འདུས་ནས། །བརྩེ་བའི་མི་དང་སྲིང་མོ་ཇི་བཞིན་དུ། །རྟག་ཏུ་སྒྲུབ་པ་པོ་ཡི་གྲོགས་མཛད་མས། །ཁྱེད་ཀྱི་ཏིང་འཛིན་ཤེས་རབ་ལོངས་སྤྱོད་ཚེ། །ཡོན་ཏན་མ་ལུས་རྒྱས་བྱེད་བཀྲ་ཤིས་ཤོག །གང་ཞིག་བསྟེན་ལ་ཡོན་ཏན་མང་གསུངས་པ། །བདུད་རྩི་ལྔ་ཡི་བཅུད་ཀྱིས་རབ་གང་བའི། །མཚམས་ཀྱི་འདབ་མར་གནས་པའི་ཐོད་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ལ་གེགས་ཀྱི་བར་ཆད་ཞི་བ་དང་། །མཁའ་འགྲོ་མ་རྣམས་དགྱེས་པར་འགྱུར་བ་དང་། །བྱང་སེམས་འཕེལ་བས་དངོས་གྲུབ་མྱུར་བ་ཡི། །བཀྲ་ཤིས་དམ་པ་རབ་ཏུ་རྒྱས་པར་ཤོག །རྡོ་རྗེའི་ཕྲེང་བ་སྔོན་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་ཐུགས་ཀྱི་འཁོར་ལོ་སྔོན་པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་རྡོ་རྗེ་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་པ་པཱུ་ལི་ར་མ་ལ་ཡ་ལ་སོགས་པ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་ཐོད་པའི་དུམ་བུ་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང་། རྣལ་འབྱོར་མ་ཆེན་མོ་རབ་གཏུམ་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་བརྒྱད་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་རྡོ་རྗེའི་རིགས་ལ་བརྟེན་པའི་དྲག་པོའི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་པར་མཛད་པ་རྣམས་ལ་ཞེས་སོགས་དང་། གནས་དང་ཉེ་བའི་གནས་ན་བཞུགས་པ་ཡི། །དཔའ་བོའི་དབང་ཕྱུག་དཔའ་མོའི་དབང་ཕྱུག་མ། །མཁའ་ལ་སྤྱོད་པའི་དཔའ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་དྲག་པོའི་ལས་ཀུན་འགྲུབ་པ་དང་། །ཐུགས་ཀྱི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །པདྨའི་འཕྲེང་བ་དམར་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་གསུང་གི་འཁོར་ལོ་དམར་པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་པདྨའི་རིགས་ཀྱི་ངོ་ཉིད་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་པ་ཀ་མ་རུ་པ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་མྱུ་གུ་ཅན་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང་། རྣལ་འབྱོར་མ་ཆེན་མོ་ས་སྲུངས་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་བརྒྱད་ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་པདྨའི་རིགས་ལ་བརྟེན་པའི་དབང་གི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་པར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། ཞིང་དང་ཉེ་བའི་ཞིང་དང་འདུན་རྟོག་དང་། །ཉེ་བའི་འདུན་རྟོག་རྣམས་ན་བཞུགས་པ་ཡི། །ས་ལ་སྤྱོད་པའི་དཔའ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་དབང་གི་ལས་ཀུན་འགྲུབ་པ་དང་། །གསུང་གི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །འཁོར་ལོའི་ཕྲེང་བ་དཀར་པོའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་བའི་སྐུའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ཕྱོགས་དང་མཚམས་ཀྱི་རྩིབས་ལ་འཁོར་ལོའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ་གྲུབ་པའི་གནས་མཆོག་ཏུ་གྱུར་པ་པྲེ་ཏ་པུ་རི་ལ་སོགས་པ་བརྒྱད་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་བདག་ཉིད་དཔའ་བོ་ཆེན་པོ་རྡོ་རྗེ་སྟོབས་པོ་ཆེ་ཞེས་བྱ་བ་ལ་སོགས་པའི་དཔའ་བོ་ཆེན་པོ་བརྒྱད་དང་། རྣལ་འབྱོར་མ་ཆེན་མོ་འཁོར་ལོའི་ཤུགས་ཅན་མ་ཞེས་བྱ་བ་ལ་སོགས་པའི་རྣལ་འབྱོར་མ་ཆེན་མོ་བརྒྱད། ནམ་མཁའི་ཁམས་ཀྱི་མཐར་ཐུག་པར་ཞེས་པ་ནས། ཁྱད་པར་དུའང་འཁོར་ལོའི་རིགས་ལ་བརྟེན་པའི་ཞི་བའི་ལས་ལ་སོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་པར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། འདུ་དང་ཉེ་བའི་འདུ་བ་དུར་ཁྲོད་དང་། །ཉེ་བའི་དུར་ཁྲོད་རྣམས་ན་བཞུགས་པ་ཡི། །ས་འོག་སྤྱོད་པའི་དཔའ་བོ་ཡབ་ཡུམ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ཞི་བའི་ལས་ཀུན་འགྲུབ་པ་དང་། །སྐུ་ཡི་རིགས་ཀྱི་སྔགས་སྐྱེས་ཞིང་སྐྱེས་སོགས། །ཕོ་ཉའི་གྲོགས་དང་མྱུར་དུ་འདུས་པ་ལས། །བདེ་བའི་དགའ་སྟོན་འབར་བའི་བཀྲ་ཤིས་ཤོག །གཞིའི་དམ་ཚིག་གི་འཁོར་ལོའི་སྒོ་བཞི་དང་། སྒོའི་མཚམས་བཞི་ན་རལ་གྲིའི་རིགས་ཀྱི་ངོ་བོ་ཉིད་དུ་བཞུགས་པ། རྡོ་རྗེ་མ་མོ་ཁྭ་གདོང་མ་ཞེས་བྱ་བ་ལ་སོགས་པའི་སྒོ་མ་བཞི་དང་། རྡོ་རྗེ་མ་མོ་གཤིན་རྗེ་བརྟན་མ་ཞེས་བྱ་བ་ལ་སོགས་པའི་མཚམས་མ་བཞི་ཕྱོགས་དང་མཚམས་ཀྱི་བགེགས་བཟློག་པ་ལ་བསྔགས་ཤིང་། ལས་ཀྱི་རིགས་ལ་བརྟེན་པའི་སྣ་ཚོགས་པའི་དངོས་གྲུབ་ཐམས་ཅད་སྒྲུབ་པ་པོ་ལ་བདེ་བླག་ཏུ་སྩོལ་པར་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། དཀྱིལ་འཁོར་ཆེན་པོའི་སྒོ་དང་མཚམས་རྣམས་ན། རོ་ཡི་གདན་ལ་བརྗིད་པའི་གཡས་བརྐྱང་གིས། །རབ་ཏུ་བཞུགས་པའི་མ་མོ་བརྒྱད་པོ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་སྣ་ཚོགས་ལས་ཀུན་འགྲུབ་པ་དང་། །ཕྱོགས་དང་མཚམས་སུ་རྒྱུ་བའི་གདུག་པ་ཅན། །ལམ་གྱི་བར་ཆད་བྱེད་ལས་བསྲུང་བ་ཡི། །བཀྲ་ཤིས་དམ་པ་རབ་ཏུ་རྒྱས་པར་ཤོག །གཞན་ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དཔའ་བོའི་གོ་ཆ་དྲུག་དང་། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་རྡོ་རྗེ་ཕག་མོ་ལ་སོགས་པ་དཔའ་མོའི་གོ་ཆ་དྲུག་ལུས་ཀྱི་གནས་རྣམས་སུ་བགེགས་ཀྱི་མཚོན་གྱིས་མི་ཕིགས་པའི་གོ་ཆ་ཆེན་པོ་མཛད་པ་རྣམས་ལ་ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། རྡོ་རྗེ་སེམས་དཔའ་ལ་སོགས་དྲུག་དང་ནི། །རྡོ་རྗེ་ཕག་མོ་ལ་སོགས་རྣམ་པ་དྲུག །གོ་ཆ་བཅུ་གཉིས་ཡབ་ཡུམ་ལྷ་རྣམས་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཀྱི་ལྷ་ཡི་རྣལ་འབྱོར་ཏིང་འཛིན་ལས། །བསྐྱོད་པར་བྱེད་པའི་བགེགས་ཀྱི་མཚོན་ཆ་ཡིས། །ནམ་ཡང་གཡོ་བར་མི་ནུས་རྡོ་རྗེ་ཡི། །གོ་ཆ་རབ་ཏུ་བརྟན་པའི་བཀྲ་ཤིས་ཤོག །སྟོན་པ་དང་འཁོར་ཕུན་སུམ་ཚོགས་པ་བཞུགས་པའི་གནས་ཕུན་སུམ་ཚོགས་པ་རིའི་རྒྱལ་པོ་རིན་པོ་ཆེ་སྣ་ཚོགས་པའི་གཟི་བརྗིད་ཀྱིས་མཛེས་པའི་སྟེང་ན་རྡོ་རྗེ་ཆེན་པོའི་གཞལ་ཡས་ཁང་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཕུན་སུམ་ཚོགས་པ་སྣ་ཚོགས་པས་བརྒྱན་པ་རྡོ་རྗེ་རིན་པོ་ཆེའི་རྒྱན་གྱིས་སྤུད་པ། ཉི་མ་དང་ཟླ་བའི་མདོག་ལྟར་འདུག་པ། དྲིལ་བུ་དང་རྔ་ཡབ་དང་རྒྱལ་མཚན་དང་གཡེར་ཁའི་དྲ་བས་མིག་མངས་རིས་སུ་བྲིས་པ། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་ལ་འཇུག་པའི་སྒྲ་སྒྲོགས་པའི་ཕྱི་རོལ་ན། སྣ་ཚོགས་པའི་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པ་དང་། དཔའ་བོ་དང་མཁའ་འགྲོ་དང་མཁའ་འགྲོ་མའི་སྒྲ་ཕེཾ་ཞེས་བྱ་བའི་སྒྲ་དང་། ཨ་ལ་ལ་ཞེས་བྱ་བའི་སྒྲ་སྒྲོགས་པ་དང་། དྲིལ་བུ་དང་ཅང་ཏེའུའི་སྒྲ་སྒྲོགས་པ་རྣམས་ཀྱིས་ཡོངས་སུ་བསྐོར་བའི་གཞལ་ཡས་ཁང་ལ། ཤིན་ཏུ་ངོ་མཚར་བའི་ཞེས་སོགས་དང་། ནམ་མཁའི་ཁྱོན་ལྟར་ཡངས་པའི་ཕོ་བྲང་མཆོག །ཉི་ཟླའི་འོད་དང་མཉམ་པའི་འོད་འཕྲོ་ཞིང་། །གྲངས་མེད་རིན་ཆེན་རྒྱན་གྱིས་མཛེས་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །ཁྱེད་ཅག་གང་དང་གང་དུ་གནས་པ་དེར། །མི་ཤིས་མཚན་མ་འགའ་ཡང་མི་འབྱུང་ཞིང་། །ཞིང་གི་འབྱོར་པ་ཕུལ་དུ་བྱུང་བ་ཡི། །དགེ་ལེགས་རྒྱུན་མི་འཆད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པར་བྱའོ། །ཞེས་འཁོར་ལོ་བདེ་མཆོག་གི་མཆོད་འབུལ་སྨོན་ལམ་བཀྲ་ཤིས་དང་བཅས་པ་འདི་ནི། རྗེ་རིན་པོ་ཆེའི་ཞལ་སྔ་ནས་མཛད་པའོ། །


                                                            རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།