ཚོགས་གླུ་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-15 09:07:53     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

    744526801892300728.jpg

           དེ་ནས་དཔྱིད་ཀྱི་རྒྱལ་པོའི་གླུ་རྗེ་ཐམས་ཅད་མཁྱེན་པས་མཛད་པ་འདི་ལྟར། མངོན་བརྗོད་བླ་མའི་ལེའུ་ཉེར་ལྔ་པར་གསུངས་པའི་དཔྱིད་ཀྱི་རྒྱལ་པོའི་གླུ་ལ་དྲུག གླུ་བླངས་པའི་ཕན་ཡོན། གླུ་ལེན་པའི་དུས། ཇི་ལྟར་བྱས་ནས་གླུ་བླངས་པ། གླུས་བསྐུལ་བའི་ཡུལ། གླུའི་ཚིགས་སུ་བཅད་པ། གླུའི་སྒྲའི་དོན་བཤད་པའོ། །དང་པོ་ནི། མངོན་བརྗོད་ལས། འདི་ཡིས་མགོན་པོ་བསྐུལ་ན་ནི། །དཀྱིལ་འཁོར་དངོས་གྲུབ་ངེས་པར་སྟེ། །ཞེས་གླུ་འདིས་བསྐུལ་ན་དཀྱིལ་འཁོར་པ་རྣམས་ཀྱི་དངོས་གྲུབ་ངེས་པར་སྟེར། ཞེས་པ་དང་། སྙན་ཅིང་འཇམ་པའི་མགྲིན་པའི་དབྱངས། །དཔྱིད་ཀྱི་རྒྱལ་པོའི་གླུ་བླངས་པས། །མཁའ་འགྲོའི་དྲ་བ་དྲི་མེད་རྣམས། །གཟིགས་ཤིང་ལས་ཀུན་མཛད་པ་ཡིན། །ཞེས་དྲི་མ་མེད་པའི་མཁའ་འགྲོའི་དྲ་བ་སྟེ་ཚོགས་རྣམས་ཀྱིས་ཐུགས་བརྩེ་བས་གཟིགས་ཤིང་ཡིད་ལ་འདོད་པའི་ལམ་ཐམས་ཅད་སྒྲུབ་པར་མཛད་པ་ཡིན། ཞེས་གསུངས་པས་དོན་ཆེའོ། །དེའི་ཕྱིར་མངོན་བརྗོད་ཀྱི་དགུ་པ་ལས། མཁའ་འགྲོ་མ་ནི་དགྱེས་བྱེད་པའི། །གླུ་ནི་རྣལ་འབྱོར་པས་མི་སྨད། །ཅེས་གསུངས་པ་ལྟར་སྙན་པའི་སྒྲ་དབྱངས་ཀྱིས་འདི་འདྲ་བའི་གླུ་ལེན་པ་ལ་སྨད་དུ་མི་རུང་ངོ་། །གཉིས་པ་ནི། མངོན་བརྗོད་ལས། བསྒོམས་པས་འཁོར་ལོའི་བཟླས་པ་བྱ། །རང་གི་ལྷ་ཡི་སྦྱོར་བ་ཡིས། །རྒྱུ་དང་མི་རྒྱུ་བལྟ་བར་བྱ། །དམ་ཚིག་ཅན་ཉིད་ལངས་དུས་སུ། །ཞེས་གསུངས་པ་ལྟར་ལངས་པའི་དུས་སུའོ། །འདི་ལ་འགྲེལ་པ་ལས། རྒྱུའི་ཧེ་རུ་ཀ་ཞུ་བ་ལངས་པར་འགྱུར་བའི་དུས་སུ་བྱ་བར་བཤད་ཀྱང་། འདི་གཙོ་འཁོར་གྱི་དཀྱིལ་འཁོར་པའི་ལྷ་རྫོགས་པར་བསྐྱེད། ཡེ་ཤེས་པ་བཅུག དབང་བསྐུར་ནས་བཟླས་པ་ཟིན་པའི་འོག་ཏུ་བྱེད་པར་གསུངས་པས་མི་འཐད་དོ། །བོད་ཀྱི་བླ་མ་ཁ་ཅིག་ཐོ་རངས་ལངས་པའི་དུས་ལ་འདོད་པ་ཡང་མི་འཐད་དེ། གླུ་འདིས་བསྐུལ་བའི་རྗེས་སུ་ཡིག་བརྒྱ་བཟླས་ནས་ཅི་བདེར་གནས་པར་བྱ་བར་གསུངས་པས་ཐུན་གཤམ་དུ་སྣང་བའི་ཕྱིར་རོ། །དེས་ན་ལྷ་བསྒོམས་པ་དང་སྔགས་བཟླས་པའི་ཏིང་ངེ་འཛིན་ལས་ལངས་པའི་དུས་སུ་ཡིན་ལ། དེ་ཡང་བདག་བསྐྱེད་ཀྱི་སྐབས་སུ་གསུངས་ཀྱང་། མདུན་བསྐྱེད་ཀྱི་དཀྱིལ་འཁོར་སྐབས་སུ་ཡང་བྱས་པས་ཆོག་ལ། ཚོགས་འཁོར་ལ་སོགས་པའི་སྐབས་སུ་ཡང་བྱར་རུང་ངོ་། །གསུམ་པ་ནི། རང་གི་ལྷ་ཡིས་ཞེས་པ་གཉིས་ཀྱི་དོན་རང་བདེ་མཆོག་ཡབ་ཡུམ་དུ་གསལ་བའི་སྦྱོར་བ་སྟེ། རྣལ་འབྱོར་གྱིས་མི་རྒྱུ་བ་སྣོད་གཞལ་ཡས་ཁང་དང་། རྒྱུ་བ་བཅུད་ཀྱི་སེམས་ཅན་རྣམས་དཀྱིལ་འཁོར་པའི་ལྷར་བལྟས་ནས་བྱ་བ་དང་། ཡང་དེ་ཉེད་ལས། རྡོ་རྗེ་པདྨ་ཡིད་འོང་བ། །སྦྱོར་བས་དངོས་གྲུབ་ཐམས་ཅད་འགྲུབ། །དགྱེས་པ་འདི་ཡིས་བསྐུལ་ན་ནི། །བདེ་བ་ཆེན་པོ་སྩོལ་པ་ཡིན། །ཞེས་དབང་པོ་གཉིས་མཉམ་པར་སྦྱོར་བའི་དགྱེས་པ་སྟེ། མཉེས་བྱེད་འདི་ཡིས་བསྐུལ་ན་ཞེས་གསུངས་པས་སྙོམས་པར་འཇུག་པའི་དུས་ཀྱི་སྔགས་འགོད་པ་དང་གསང་གནས་བསྐྱེད་པ་སོགས་བྱས་ལ་དགའ་བ་རྣམས་བསྐྱེད་ནས་འདི་བྱའོ། །བཞི་པ་ནི། མངོན་བརྗོད་ལས། དེ་བཞིན་གཤེགས་པ་ཐམས་ཅད་དང་། །དཔའ་བོ་དང་ནི་རྣལ་འབྱོར་མ། །མཁའ་འགྲོ་དང་ནི་མཁའ་འགྲོ་མ། །ཀུན་ལ་གསོལ་བ་གདབ་པར་བྱ། །ཞེས་གསུངས་པ་ལྟར་ཡུལ་དེ་རྣམས་ལ་གླུ་འདིས་གསོལ་བ་གདབ་པར་བྱའོ། །མངོན་བརྗོད་ཀྱི་འགྱུར་གཞན་ལས་ཀུན་གྱིས་ཞེས་འབྱུང་བ་མ་དག་གོ །ལྔ་པ་ནི། གླུའི་ཚིགས་སུ་བཅད་པ་ནི། ཁྲོ་བོ་བདེ་བ་དགྱེས་པ་ཡིས། །བདེ་བའི་ལོངས་སྤྱོད་ལས་བྱུང་བའི། །བདེ་བ་དབབ་པའི་སྦྱོར་བ་ཡིས། །རབ་ཏུ་རྨོངས་པས་སྟེན་པར་བྱེད། །བདེ་ཆེན་བདེ་བའི་གར་གྱིས་རོལ། །རྣལ་འབྱོར་མ་མཆོག་པདྨའི་བདེ། །ཨ་ལ་ལ་ཧོ་དགྱེས་པ་རྣམས་ཀྱི་བདེ་བ་མཆོག །རྣལ་འབྱོར་མ་མཆོག་མཆོད་པར་མཛོད། །ཨ་ཨཱི་ཨཱ་ཨཱ་ར་ལི་ཧོ། །རབ་དགྱེས་མགོན་པོ་ཁྱོད་བཞུགས་མཛོད། །མཁའ་འགྲོ་དྲ་བའི་བདེ་བ་སྩོལ། །དགྱེས་པའི་བདེ་བ་སྩོལ་པར་མཛོད། །ཞི་བའི་གར་གྱིས་གར་མཛད་པ། །བདག་ལ་བདེ་ཆེན་བདེ་བ་སྩོལ། །ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །ཨ་ལ་ལ་ལ་ལ་ཧོ། །བདེ་བ་སྤངས་པས་གྲོལ་མི་འགྱུར། །བདེ་མེད་སྡུག་བསྔལ་གྱིས་མི་གྲོལ། །བདེ་དེ་ཆུ་སྐྱེས་དབུས་ན་གནས། །ཆགས་པའི་དངོས་པོ་ཁྱོད་མ་གྱུར། །བདེ་བ་ཆེ་ཡིས་གྲོལ་བར་མཛོད། །པདྨ་རྒྱས་པའི་རོ་ཉིད་ཀྱིས། །བུང་བ་ལྟ་བུར་ཚིམས་པར་མཛོད། །ཅེས་པའོ། །དང་པོ་བཞི་ལ། ལོ་ཆུང་གི་འགྱུར་ལས། །ཁྲོ་བོ་བདེ་བའི་དགྱེས་པ་ཡི། །ལོངས་སྤྱོད་ལས་ནི་བྱུང་བ་ཡི། །རབ་རྨོངས་མ་ཡིས་བསྙེན་བྱས་ནས། །བདེ་བའི་སྦྱོར་བ་ལ་ཞུགས་ཏེ། །ཞེས་འབྱུང་ངོ་། །དྲུག་པ་ནི། ཅིའི་ཕྱིར་དཔྱིད་ཀྱི་རྒྱལ་པོའི་གླུ་ཞེས་བྱ་སྙམ་ན། བདེ་བའི་དགའ་སྟོན་འབར་བས། མེ་ཏོག་སོགས་རྒྱས་པའི་དཔྱིད་ཀྱི་དུས་དང་འདྲ་བས་ན་དཔྱིད་དོ། །རྒྱལ་པོ་ནི་མཆོག་གི་དོན་ནོ། །བྱེད་ལས་དེ་ལྟ་བུ་སྒྲུབ་པའི་གླུ་ལ་དཔྱིད་ཀྱི་རྒྱལ་པོའི་གླུ་ཞེས་བྱའོ། །ཐེག་པ་བླ་ན་མེད་པའི་ལམ་ནི་བདེ་བས་ཁྱད་པར་དུ་བྱས་ལ། གླུ་འདིས་བསྐུལ་ན་བདེ་བ་འཕེལ་བའི་གནད་ཡོད་པས། འདི་ནི་མཁའ་འགྲོ་མའི་བྱིན་རླབས་ཆགས་པའི་གླུ་ཁྱད་པར་ཅན་ནོ། །འདི་ལ་དོན་ནི་རྒྱུད་ལས་གསུངས་པ་ལས་ལྷག་པ་མེད་མོད་ཀྱང་། ཚིག་གི་སྦྱོར་བ་ཕྱོགས་འདིའི་གདུལ་བྱའི་བློ་དང་འཚམ་ཞིང་གོ་སླ་བས། ཡིད་འཁུལ་བ་ཡོད་ན་དད་པ་དང་བདེ་སྟོང་གི་ལམ་ངོ་མཚར་བར་འགྱུར་བས་དེ་བརྗོད་པར་བྱའོ། །ཧཱུཾ། བདེ་བ་ཆེ་ལ་དགྱེས་པའི་ཧེ་རུ་ཀས། །བདེ་བས་རབ་མྱོས་མ་ལ་བསྙེན་བྱས་ནས། །ཆོ་ག་བཞིན་དུ་ལོངས་སྤྱད་པ་ཡིས་ནི། །ལྷན་སྐྱེས་བདེ་བའི་སྦྱོར་བ་ལ་ཞུགས་སོ། །བདེ་བ་ཆེན་པོས་ཡིད་ནི་རབ་བསྐྱོད་པས། །ལུས་ནི་ཀུན་ཏུ་གཡོ་བའི་གར་གྱིས་ནི། །ཕྱག་རྒྱའི་པདྨར་རོལ་བའི་བདེ་བ་ཆེ། །རྣལ་འབྱོར་མ་མཆོག་རྣམས་ལ་མཆོད་པར་མཛོད། །ཡིད་འོང་ཞི་བའི་ཉམས་ཀྱིས་གར་མཛད་པ། །རབ་དགྱེས་མགོན་པོ་ཁྱེད་དང་མཁའ་འགྲོའི་ཚོགས། །བདག་གི་མདུན་དུ་བཞུགས་ཏེ་བྱིན་རློབས་ལ། །ལྷན་སྐྱས་བདེ་ཆེན་བདག་ལ་སྩལ་དུ་གསོལ། །བདེ་ཆེན་ཐར་པའི་མཚན་ཉིད་ལྡན་པ་ཁྱོད། །བདེ་ཆེན་སྤངས་པའི་དཀའ་ཐུབ་དུ་མ་ཡིས། །ཚེ་གཅིག་གྲོལ་བ་མི་བཞེད་བདེ་ཆེན་ཀྱང་། །ཆུ་སྐྱེས་མཆོག་གི་དབུས་ན་གནས་པ་ཡིན། །འདམ་གྱི་དབུས་སུ་སྐྱེས་པའི་པདྨ་བཞིན། །ཆགས་ལས་སྐྱེས་ཀྱང་ཆགས་པའི་སྐྱོན་མ་གོས། །རྣལ་འབྱོར་མ་མཆོག་པདྨའི་བདེ་བ་ཡིས། །སྲིད་པའི་འཆིང་བ་མྱུར་དུ་གྲོལ་བར་མཛོད། །སྦྲང་རྩིའི་འབྱུང་གནས་རྣམས་ཀྱི་སྦྲང་རྩིའི་བཅུད། །བུང་བའི་ཚོགས་ཀྱིས་ཀུན་ནས་འཐུང་བ་ལྟར། །མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡི། །བཅུད་བཅིངས་པ་ཡི་རོ་ཡིས་ཚིམ་པར་མཛོད། །ཅེས་པའི་ཚུལ་གྱིས་དོན་གསལ་བར་བཀྲོལ་ན་གོ་བདེ་བར་འགྱུར་རོ། །འདིའི་ཤློོ་ཀ་རེ་རེའི་མགོར། དེ་བཞིན་གཤེགས་པ་ཐམས་ཅད་དང་། །ཞེས་པའི་རྐང་པ་གསུམ་གྱི་མཐར། ཀུན་ལ་བདག་ནི་གསོལ་བ་འདེབས། །ཞེས་སྦྱར་ལ། ཤློོ་ཀ་རེ་རེའི་མཐར་ཨ་ལ་ལ་ལ་ལ་ཧོ། ཨ་ཨཱི་ཨཱ་ཨཱ་ར་ལི་ཧོཿ ཞེས་པ་བཙུད་པའི་མཐར། དྲི་མེད་མཁའ་འགྲོའི་ཚོགས་རྣམས་ཀྱིས། །བརྩེ་བས་གཟིགས་ལ་ལས་ཀུན་མཛོད། །ཅེས་སྦྱར་རོ། །ཐོག་མར་ཧཱུཾ་གླུར་ལེན་ནི། རྒྱུད་འདིའི་གླུའི་སྐབས་གཞན་དུ་གསུངས་ཏེ་འདི་ལའང་འགྲེའོ། །མཇུག་ཏུ་བྱ་བའི་སྨོན་ལམ་དང་ཤིས་བརྗོད། རྗེ་ཐམས་ཅད་མཁྱེན་པས་མཛད་པ་ནི་འདི་ལྟར། དགེ་བ་ཅུང་ཟད་ཙམ་ཡང་རྒྱལ་སྲས་ཀྱི། །ཐབས་མཁས་སྨོན་ལམ་མཆོག་གིས་ཟིན་གྱུར་ན། །འབྲས་བུ་དམན་པའང་ཕུལ་དུ་འབྱུང་འགྱུར་ཞིང་། །མྱུར་དུ་འཛད་པའང་ནམ་ཡང་མི་ཟད་པར། །གསུངས་ཕྱིར་དུས་གསུམ་དགེ་བ་ཅི་མཆིས་པ། །རླབས་ཆེན་སྨོན་ལམ་རྣམས་ཀྱིས་བསྒྱུར་བ་ལ། །མཁས་པ་སུ་ཞིག་རབ་ཏུ་བརྩོན་མི་བྱེད། །དེ་ཕྱིར་ཐབས་མཁས་དེང་ནི་འདིར་བྱའོ། །འདས་དང་མ་བྱོན་ད་ལྟར་བྱུང་བ་དང་། །འབྲེལ་བའི་ལེགས་ཚོགས་བདག་ལ་ཅི་མཆིས་པ། །དེ་ཡི་དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག །བཤེས་གཉེན་དམ་པ་ཚུལ་བཞིན་བསྟེན་པར་ཤོག །དེ་ཡིས་ཉེ་བར་བསྟན་པའི་གདམས་པ་ལས། །འོངས་པའི་དལ་འབྱོར་དོན་ཆེ་རྙེད་དཀའ་དང་། །འཇིག་པར་སླ་དང་ངན་འགྲོའི་སྡུག་བསྔལ་དང་། །དེ་ལས་སྐྱོབ་པའི་སྐྱབས་འགྲོ་ལས་འབྲས་རྣམས། །ལེགས་པར་བསམས་ལས་ངེས་པ་བརྟན་པོ་ནི། །རྙེད་ནས་ཡང་དག་ལམ་གྱི་གཞི་ཟིན་ཤོག །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །རྟག་ཏུ་བདག་གི་ཡིད་ནི་འབྱུང་གྱུར་ཅིག །བརྩེ་བས་འགྲོ་བའི་སྡུག་བསྔལ་མ་བཟོད་ནས། །སེམས་ནི་བྱང་ཆུབ་མཆོག་ལ་མངོན་ཕྱོགས་པའི། །སྨོན་སེམས་འཇུག་པའི་སྡོམ་པ་ལེགས་བཟུང་ནས། །ཕྱིན་དྲུག་བསྡུ་བ་བཞི་ལ་སྤྱོད་པར་ཤོག །ཐུན་མོང་ལམ་སྦྱངས་སྣོད་དུ་གྱུར་པ་ན། །དབང་བཞི་བསྐུར་བས་སྐུ་བཞི་འགྲུབ་ངོས་ཀྱི། །ནུས་པ་འཇོག་བྱེད་དྲི་མ་རྣམ་པ་བཞི། །འཁྲུད་ཅིང་རིམ་གཉིས་བསྒོམ་ལ་དབང་བར་ཤོག །དེ་དུས་བླ་མ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་དཔང་དུ་ལེགས་བཞག་ནས། །ཇི་སྐད་གསུངས་བཞིན་སྲུང་བར་ཁས་བླངས་པའི། །དམ་ཚིག་སྡོམ་པ་ཚུལ་བཞིན་སྲུང་བར་ཤོག །དེ་ནས་ཚེ་རབས་ཀུན་ཏུ་ལྷག་པའི་ལྷས། །རྗེས་སུ་བཟུང་ནས་བྱིན་གྱིས་རློབ་པ་དང་། །རྫོགས་རིམ་ཡོངས་རྫོགས་སྐྱེ་བའི་རྒྱུད་སྨིན་ཅིང་། །ཐ་མལ་སྣང་ཞེན་དྲི་མ་འཁྲུད་བྱེད་པ། །བསྐྱེད་པའི་རིམ་ལ་ངེས་པ་བརྟན་རྙེད་ནས། །ཐུན་བཞིའི་རྣལ་འབྱོར་ལ་ནི་རབ་འབད་དེ། །གང་སྣང་ལྷ་ཡི་འཁོར་ལོར་འཆར་བ་ཡི། །རིམ་པ་དང་པོའི་རྟོགས་པ་སྐྱེ་བར་ཤོག །སྒོ་གསུམ་སྤྱོད་པ་དཔལ་ལྡན་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་དག་བྱེད་ལྷ་རྣམས་ཀྱིས། །བྱིན་གྱིས་བརླབས་པས་བགེགས་རྣམས་ཟློག་པ་དང་། །རླབས་ཆེན་བསོད་ནམས་ཚོགས་ནི་རྫོགས་པར་ཤོག །སྤྲོས་ཀུན་འོད་གསལ་གནས་སུ་སྡུད་པ་དང་། །དེ་ལས་ནཱ་དའི་གཟུགས་སུ་ལྡང་བ་དང་། །དེ་ཉིད་དབྱངས་གསལ་གཟུགས་བརྙན་བཞིན་ཤར་བའི། །དཀར་དམར་ཟླ་བའི་དབུས་སུ་ཞུགས་པ་ལས། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རྫོགས་པའི་དོན། །འཆི་བ་ཆོས་སྐུ་བར་དོ་ལོངས་སྐུ་དང་། །སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་དུ། །ཤེས་ནས་བསྒོམས་པས་དེ་བཞིན་འགྲུབ་པར་ཤོག །གནས་མཆོག་གང་དུ་ཧེ་རུ་ཀ་རྫོགས་པའི། །འབྱུང་བཞི་རི་རབ་པདྨས་མཚོན་པའི་དོན། །གང་ལ་གནད་དུ་བསྣུན་པའི་རྩ་འཁོར་སོགས། །རྡོ་རྗེ་ལུས་ཀྱི་གནས་ལུགས་རྟོགས་པར་ཤོག །པདྨའི་ལྟེ་བར་ཟླ་བ་དཀར་དམར་ནི། །འདུས་པ་སོགས་ཀྱིས་མཚོན་པར་གྱུར་པའི་དོན། །ལྟེ་བའི་དམར་ཆ་སྤྱི་བོའི་དཀར་ཆ་ཡི། །འབར་དང་འཛག་པ་དྷཱུ་ཏཱིར་འདུས་པ་ལས། །ངེས་དོན་ལྷན་ཅིག་སྐྱེས་པའི་ཧེ་རུ་ཀའི། །དཀྱིལ་འཁོར་རྫོགས་པར་བསྐྱེད་པའི་ཐབས་སུ་ནི། །ལེགས་པར་ཤེས་ནས་ཐུན་བཞིར་བསྒོམས་པ་ཡིས། །དེ་འདྲའི་རྫོགས་རིམ་སྐྱེ་བར་སྣོད་གྱུར་ཅིག །སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ཧེ་རུ་ཀའི། །ཕྱི་དང་ལུས་ཀྱི་དཀྱིལ་འཁོར་ཐུན་མཚམས་བཞིར། །བསྒོམས་པས་རགས་པ་དང་ནི་ཕྲ་བ་ཡི། །ཕྱི་ནང་དཀྱིལ་འཁོར་གསལ་སྣང་མཐར་ཕྱིན་ཤོག །སྒོ་མཚམས་མ་རྣམས་དབང་པོའི་སྒོར་བསྒོམས་པས། །ལས་རླུང་དབང་པོའི་སྒོ་ནས་ལྡོག་པར་ཤོག །ཉེར་བཞིའི་ཡུལ་དུ་དཔའ་བོ་དཔའ་མོ་རྣམས། །བསྒོམས་པས་རླུང་རྣམས་ཉེར་བཞིའི་རྩར་འདུས་ཤོག །ཆོས་ཀྱི་འཁོར་ལོའི་འདབ་མར་བདེ་ཆེན་གྱི། །ལྷ་རྣམས་བསྒོམས་པས་སླར་ཡང་རླུང་རྣམས་ནི། །སྙིང་ཁའི་ཕྱོགས་དང་མཚམས་ཀྱི་རྩ་བརྒྱད་དུ། །འདུས་ནས་དབུས་ཀྱི་དྷཱུ་ཏཱིར་འཇུག་པར་ཤོག །ནང་གི་རྗེ་བཙུན་ཡབ་ཡུམ་བསྒོམས་པ་ལས། །དཔྱིད་དང་ཐིག་ལེ་ཕན་ཚུན་སྙོམ་ཞུགས་ནས། །རྫོགས་པའི་རིམ་པ་མཆོག་རྣམས་སྐྱེ་བ་ཡི། །དགེ་བའི་རྩ་བ་ཡོངས་སུ་སྨིན་པར་ཤོག །དཔལ་ལྡན་འཁོར་ལོ་སྡོམ་པའི་རྩ་རྒྱུད་དོན། །གྲུབ་མཆོག་ལཱུ་ཨི་པ་ཡི་མན་ངག་གིས། །བཤད་པའི་རྒྱུད་ལ་བརྟེན་ནས་རབ་བཤད་པས། །ལེགས་པར་བཤད་པའི་སྙིང་པོ་རབ་བསྡུས་པ། །རྫོགས་རིམ་རྣལ་འབྱོར་ཆེན་པོ་སྤྲོས་བཅས་དང་། །སྤྲོས་མེད་ཤིན་ཏུ་སྤྲོས་མེད་སྤྱོད་པ་གསུམ། །རྫོགས་པར་བསྐྱེད་ནས་དངོས་གྲུབ་མཆོག་བརྙེས་ཏེ། །མཐའ་ཡས་འགྲོ་བ་མྱུར་དུ་སྒྲོལ་བར་ཤོག །སྤྲུལ་པའི་འཁོར་ལོའི་དབུས་སུ་སྤྲིན་སྒྲ་ལ། །སེམས་ནི་བརྟན་པས་ཉི་ཟླའི་འགྲོས་བཅོམ་སྟེ། །དྷཱུ་ཏཱིར་ཙཎྜ་ལི་ནི་འབར་བ་ཡིས། །སྟོང་ཕྲག་དོན་གཉིས་རྩ་ནས་རབ་གཡོས་པའི། །བྱང་ཆུབ་སེམས་རྒྱུན་འབར་དང་འཛགས་པ་ལས། །ཡས་བབས་མས་བརྟན་དགའ་བཞི་སྐྱེ་བར་ཤོག །འཇུག་དང་གནས་དང་ལྡང་བའི་རླུང་གིས་ནི། །སྔགས་ཀྱི་རྒྱལ་པོ་རྡོ་རྗེ་གསུམ་གྱི་གདངས། །དྷཱུ་ཏཱིའི་ལམ་ནས་ཡང་ཡང་བསྔགས་པ་ཡིས། །ལྟེ་བའི་དབུས་ཀྱི་མཆོག་གི་དབང་ཕྱུག་མ། །ཧཾ་ཡིག་བདུད་རྩིའི་རྒྱུན་གྱིས་མཉེས་བྱས་པས། །འོད་གསལ་ཐམས་ཅད་སྟོང་པར་འཆར་བར་ཤོག །མཁའ་དབྱིངས་ཤར་བའི་དབང་པོའི་གཞུ་བཞིན་དུ། །གསལ་དྭངས་འོད་ཟེར་ལྔ་ཡི་དྲ་བ་ཅན། །ཀུན་ད་ལྟར་དཀར་ཡེ་ཤེས་སེམས་དཔའ་ནི། །ཤེས་རབ་ཕག་མོར་རོལ་བའི་དགའ་བའི་སྒྲས། །སྣོད་བཅུད་སྤྲོས་པ་ཀུན་སྡུད་བསམ་གཏན་མཆོག །རྗེས་གཞིག་རིམ་པས་འོད་གསལ་འཇུག་པར་ཤོག །བསམ་གྱིས་མི་ཁྱབ་འོད་གསལ་ཕྱག་རྒྱ་ཆེ། །ལྷན་སྐྱེས་བདེ་ཆེན་སྟོང་ཉིད་མཐར་ཐུག་དང་། །ལེགས་སྦྱར་མཉམ་པར་བཞག་དུས་བསྐྱངས་པ་དང་། །ལངས་པར་གྱུར་ཚེ་གང་ཤར་སྣོད་བཅུད་ཀུན། །ཆུ་དང་ཆུ་རླབས་གཉིས་པོ་ཇི་བཞིན་དུ། །བདེ་བ་ཆེན་པོའི་རོལ་བར་ཤར་གྱུར་ཏེ། །གཟུང་འཛིན་རྣམ་པར་རྟོག་པའི་བག་ཆགས་ཀུན། །ཡོངས་སུ་སྦྱོང་ལ་ཐོགས་པ་མེད་པར་ཤོག །རིམ་པ་དེ་ཡིས་དཔེ་ཡི་ལྷན་སྐྱེས་ལས། །ཆུ་ཀླུང་ཤིན་ཏུ་དྭངས་ལ་ཉ་བཞིན་དུ། །སྒྱུ་འཕྲུལ་དྲ་བའི་སྐུར་ནི་ལངས་གྱུར་ཏེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་ཤོག །སྒྱུ་མའི་ལུས་མཛེས་ཡང་ཡང་འོད་གསལ་དུ། །ཀུན་ཏུ་ཞུགས་ལས་དོན་གྱི་ལྷན་ཅིག་སྐྱེས། །མངོན་དུ་བྱས་མཐར་དཔལ་ལྡན་རྡོ་རྗེ་འཆང་། །སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བར་ཤོག །དཔའ་བར་འགྲོ་བའི་ཏིང་འཛིན་དེ་ཉིད་ནི། །ཡང་ཡང་གོམས་པས་ཏིང་ངེ་འཛིན་རྒྱལ་པོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ནི། །འཁྲུལ་བའི་བག་ཆགས་མ་ལུས་འཇོམས་པར་ཤོག །གོ་འཕང་མཆོག་དེ་ཚེ་འདིར་མ་ཐོབ་ན། །འཆི་ཚེ་རྗེ་བཙུན་ཡབ་ཡུམ་འཁོར་བཅས་ཀྱིས། །ཡིད་འོང་མཆོད་སྤྲིན་སྙན་པའི་རོལ་མོའི་སྒྲ། །ངོ་མཚར་ལྟས་བཟང་མང་པོས་བསུ་བར་ཤོག །དེ་ནས་འཆི་བའི་འོད་གསལ་ཟིན་མཛད་ཅིང་། །ལམ་མཆོག་བསྒྲུབ་པའི་རིག་པ་འཛིན་པའི་གནས། །རྣམ་དག་མཁའ་སྤྱོད་གནས་སུ་ཁྲིད་ནས་ནི། །ཟབ་མོའི་ལམ་འདི་མྱུར་དུ་མཐར་ཕྱིན་ཤོག །རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པ། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཚུལ་དེ་སྒྲུབ་ལ་ཐོགས་མེད་མཐུ་ལྡན་པ། །འཛམ་གླིང་གནས་མཆོག་ཉི་ཤུ་རྩ་བཞི་ཡི། །དཔའ་བོ་རྣལ་འབྱོར་མ་ནི་འཁོར་བཅས་ཀྱི། །གཡེལ་བ་མེད་པས་རྟག་ཏུ་གྲོགས་མཛད་ཤོག །ཅེས་སྨོན་ལམ་གདབ་པར་བྱའོ། །

                                                རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
       གསལ་འདེབས།།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།