རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་སོགས་བྱ་བའི་ཚུལ་བཤད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2017-04-15 08:31:23     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      738863272862877218.jpg

          རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བཤད་པ་རྫོགས་པའི་འོག་ཏུ། རྡོ་རྗེ་སློབ་དཔོན་ལ་གཏང་རག་གི་མཆོད་པ་སོགས་བྱ་བའི་ཚུལ་ནི། དཔོན་སློབ་རྣམས་ཀྱིས་སྔོན་གསང་བ་འདུས་པའི་རྒྱུད་འཆད་པའི་དུས་བཞིན་དུ་འདུས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་གདབ། དཀྱིལ་འཁོར་གྱི་དབུས་སུ་རང་གི་བླ་མ་རྡོ་རྗེ་འཆང་དང་ཐ་མི་དད་པར་བཞུགས་པར་བསམ། འཁོར་དུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནམ་མཁའི་དབྱིངས་ཐམས་ཅད་ཏིལ་གྱི་གང་བུ་བཞིན་དུ་གང་བར་བསམ། སློབ་མ་རྣམས་ཀྱིས་རང་དཀྱིལ་འཁོར་པའི་ལྷ་གང་ཡིན་གྱི་ང་རྒྱལ་བཟུང་། མཆོད་གཏོར་རྒྱས་པར་བཤམས་ནས། ཕྱིའི་མཆོད་པ་དང་། ནང་དང་གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་བཞིས། བླ་མ་དང་རང་དང་རྒྱལ་བ་སྲས་བཅས་སྲུང་མ་དང་བཅས་པ་ལེགས་པར་མཆོད། དེ་ནས་བསྟོད་པ་ནི། དུས་གསུམ་རྡོ་རྗེའི་ཐུགས་ཡིན་སྲིད་དང་ཐར་གྱུར་གང་། །ཞི་ཞིང་སྒྲིབ་མེད་དག་པ་ནམ་མཁའི་ངོ་བོ་ཉིད། །སངས་རྒྱས་རྣམ་རྒྱས་བྱང་ཆུབ་དབང་ཕྱུག་རྡོ་རྗེ་ཅན། །དེ་ལ་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད་དང་། །རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག །ས་ཆུ་མེ་དང་རླུང་དང་ནམ་མཁའ་ཐམས་ཅད་ནི། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གཏི་མུག་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང་། །རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། །རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྱུར་པ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །སྡུད་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང་། །རྒྱུ་དང་འབྲས་བུའི་རང་བཞིན་སེམས་སུ་རྗེས་ཐོགས་ཆོས། །རྨོངས་དང་ཞེ་སྡང་འདོད་ཆགས་སྒྲིབ་པ་རྡོ་རྗེ་སྟེ། །བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ། །གང་ཞིག་ཐོག་མ་མེད་དངོས་རྣམ་དག་འདི་སྒོམ་པ། །ཐབས་དང་ཤེས་རབ་ལས་བྱུང་སྤྲོས་པ་རྣམ་པར་བྲལ། །གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་ལ་རྟག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ་ལོ། །གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་སྒོམ་ཞིང་། །བསྙེན་པའི་ཆོ་ག་ཉེ་བར་སྒྲུབ་པ་སྒྲུབ་པ་དང་། །སྒྲུབ་པ་ཆེན་པོས་བློ་མི་འགྱུར་བའི་སྒྲུབ་དབང་པོ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་ཕྱག་འཚལ། །གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་སྒྲུབ་བྱེད་པ། །མི་སྣང་ལ་སོགས་སྣ་ཚོགས་མཆོག་དང་དམན་འགྲུབ་ཅིང་། །བླ་མའི་དྲིན་གྱིས་འདི་ན་མ་ནོར་ལམ་རྟོགས་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་བདག་ཕྱག་འཚལ་ལོ། །གང་ཞིག་རབ་གསང་འདུས་པའི་རྒྱུད་འདི་ཉན་པ་དང་། །འདོན་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་། །མཆོད་པ་བྱེད་པ་དང་ནི་འདྲི་འམ་འདྲིར་འཇུག་པ། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་དུ་ཞི་སོགས་ལས་ཚོགས་ཤིན་ཏུ་བརྟགས་པ་ཡིས། །འཁྲུལ་འཁོར་སྔགས་ཀྱི་ཆོ་ག་དེ་བཞིན་རྒྱས་འདེབས་པའི། །སྒྲུབ་བྱ་འདི་དང་ལྡན་པའི་སྒྲུབ་པའི་དབང་པོ་ནི། །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །གང་གིས་གཙོ་བོ་སྒྲུབ་པ་པོ་མཐོང་རེག་པ་དང་། །ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་། །དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག །བྱང་ཆུབ་རྡོ་རྗེ་འདྲར་བལྟ་དེ་ལ་རྟག་ཕྱག་འཚལ། །ཨེ་མ་ཧོ་ཀུན་འགྲོ་ཀུན་དབང་ཕྱུག །ནམ་མཁའ་དང་ནི་མཚུངས་པ་བརྙེས། །ཨེ་མ་ཧོ་དམ་ཚིག་དེ་ཉིད་གསུམ། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཁམས་གསུམ་ལས་ནི་རྣམ་པར་གྲོལ། །ཆོས་ཀྱི་དབྱིངས་ཀྱི་ངོ་བོ་ཉིད། །འདོད་པ་རྣམས་ཀྱི་མ་གོས་པ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཕུང་པོ་རྣམས་དང་ཁམས་རྣམས་དང་། །སྐྱེ་མཆེད་རྣམས་ལ་མི་རྟེན་ཞིང་། །སྲིད་དང་མྱ་ངན་འདས་ལས་གྲོལ། །དམིགས་པ་མེད་ལ་ཕྱག་འཚལ་ལོ། །ཇི་ལྟར་ནམ་མཁའ་གནས་མེད་ཅིང་། །སྤྲོས་པ་མེད་ཅིང་གོས་པ་མེད། །མཁའ་དང་མཉམ་པའི་ཐུགས་མངའ་བ། །དམིགས་མེད་ཁྱོད་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད་དོ། །དེ་ནས་ཡི་རང་བྱ་བ་ནི། ཨེ་མ་ཧོ་སངས་རྒྱས་ཨེ་མ་ཧོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་པའི་ཆེད་བརྗོད་བྱེད་པའོ། །རྒྱུད་ལེགས་པར་བཤད་པ་ལ་རབ་ཏུ་དགའ་བའི་ཡིད་ཀྱིས་ལེགས་སོ་གསོལ་བ་ནི། འདུས་པ་གསང་བ་ལས་བྱུང་བ། །དེ་བཞིན་གཤེགས་པ་ཀུན་གྱི་གསང་། །རྒྱུད་ཀུན་བདག་པོའི་དབང་པོ་ཡི། །རྒྱུད་འདི་ལེགས་པར་གསུངས་པ་ཡིན། །མགོན་པོ་ཆེན་པོ་ལེགས་སོ་ལེགས། །ཐུབ་པ་ཆེན་པོ་ལེགས་སོ་ལེགས། །ཆོས་རྣམས་ཆེན་པོ་ལེགས་སོ་ལེགས། །ཐུགས་རྗེ་ཆེན་པོ་ལེགས་སོ་ལེགས། །ཞེས་པའོ། །རྐང་པ་ཕྱི་མ་བཞི་ལ་འགྱུར་མི་འདྲ་བ་འགའ་ཞིག་འདུག་ཀྱང་། སྐབས་འདིར་འགྱུར་འདི་འགྲིག་གོ །རྒྱུད་བཤད་པས་ཕན་བཏགས་པའི་དྲིན་དྲན་པར་བརྗོད་པ་ནི། རྣམ་གྲོལ་འབྲས་བུ་འཚལ་བ་ཡིས། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །ཅེས་པའོ། །དེ་ནས་དཀྱིལ་འཁོར་པའི་གཏོར་མ་ཕུལ་བའི་རྗེས་སུ། སློབ་དཔོན་རྣམས་ཁྲོ་བོ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ། སྔོ་སེར་ལྗང་གུའི་ཞལ་གསུམ་གདངས་ཤིང་མཆེ་བ་གཙིགས་པ། ཕྱག་དྲུག་པའི་དང་པོ་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཧཱུཾ་མཛད་ཀྱི་ཕྱག་རྒྱས་རང་འདྲའི་ཤེས་རབ་མ་ལ་འཁྱུད་ནས་སྙོམས་པར་འཇུག་པ། གཡས་ལྷག་མ་གཉིས་ཀྱིས་ལྕགས་ཀྱུ་དང་ཞགས་པ། གཡོན་ལྷག་མ་གཉིས་ཀྱིས་ཐོད་པ་དང་ཁ་ཊྭཱཾ་ག་འཛིན་པ། ཧཱུཾ་གི་སྒྲ་དྲག་ཏུ་སྒྲོག་ཅིང་རབ་ཏུ་ཁྲོས་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཐོད་པ་ལྔའི་དབུ་རྒྱན་དང་། ཁྲག་འཛག་པའི་མགོ་འཕྲེང་མགུལ་པར་འཕྱང་བ། སྟག་ལྤགས་ཀྱི་ན་བཟའ་འཕྱང་བ། བསྐལ་པའི་མེ་ལྟ་བུའི་འོད་ཟེར་འབར་བ། གཡས་བརྐྱང་གིས་པདྨའི་སྟེང་དུ་འཇིགས་བྱེད་དང་དུས་མཚན་མནན་པར་བསྐྱེད་ལ། ཐུགས་ཀའི་ཧཱུཾ་ཡིག་ལས་འོད་ཟེར་འཕྲོས་པས་ཁྲོ་བོ་བཅུ་སྤྱན་དྲངས་པ་ལ་མཆོད་གཏོར་དབུལ་ལ་བཀའ་བསྒོ་བ་ནི། ས་ཡི་ཕྱོགས་ནི་འདི་ཉིད་ནི། །གསང་བ་འདུས་པ་མངོན་བརྗོད་པའི། །རྣལ་འབྱོར་ཆེན་པོའི་དམ་ཚིག་རྒྱུད། །དུས་ཀུན་དུ་ནི་སྤྱོད་འགྱུར་ཞིང་། །རྒྱུན་དུ་དེ་དོན་སྒྲུབ་པ་རྣམས། །བསྲུང་བའི་དོན་དུ་རྟག་ཏུ་ནི། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུས། །བགེགས་ཀུན་ལ་ནི་ཕུར་བུས་ཐོབ། །ཅེས་བཀའ་བསྒོ་བར་བྱའོ། །འདི་རྡོ་རྗེ་ཕྲེང་བ་ནས་འབྱུང་བ་ལ་འདོན་པ་ཅུང་ཟད་བརྗེས་པའོ། །དེ་ནས་རྒྱུད་བཤད་པ་དང་ཉན་པའི་ཀུན་སློང་མ་དག་པ་སོགས་ཀྱི་བསམ་པའི་སྐྱོན་དང་། རྒྱུད་དོན་ཇི་ལྟ་བ་བཞིན་དུ་མ་བཤད་པ་དང་། སྣོད་དུ་མི་རུང་བ་ལ་བཤད་པ་སོགས་ཀྱི་སྦྱོར་བའི་སྐྱོན་ཏེ། །མདོར་ན་འཆད་པ་དང་ཉན་པའི་ཚུལ་ཇི་ལྟར་གསུངས་པ་བཞིན་དུ་མ་ལྕོགས་པའི་ཉེས་པ་རྣམས་སྦྱང་བའི་ཕྱིར་དུ་ཡི་གེ་བརྒྱ་པ་འདོན་པ་དང་། བཟོད་པར་གསོལ་བར་བྱ། དེ་ནས་འདུས་པའི་ལྷ་ཚོགས་ཀྱི་སྤྱན་སྔར་རྒྱུད་བཤད་ཉན་བྱས་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་བསྔོ་ཞིང་། སྨོན་ལམ་གདབ་པ་དང་ཤིས་བརྗོད་བྱ་བ་གཞན་དུ་བཤད་པ་ལྟར་བྱས། དེ་ནས་དཀྱིལ་འཁོར་པའི་ལྷ་ཐམས་ཅད་རྣམ་སྣང་སྣང་མཐའ་མི་བསྐྱོད་པ་སྟེ་རྡོ་རྗེ་གསུམ་དུ་བསྡུ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་ལུས་རྣམ་སྣང་དང་། དག་སྣང་མཐའ་དང་། ཡིད་མི་བསྐྱོད་པ་དང་ངོ་བོ་དབྱེར་མེད་དུ་མོས་པ་བྱས་ནས་རྡོ་རྗེ་གསུམ་གྱི་ལྷ་རྣམས་རང་ལ་བསྡུས་པས་རང་ཉིད་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་གི་ངོ་བོར་བལྟས་ལ། མགྲོན་གཞན་རྣམས་རང་རང་གི་གནས་སུ་བྱོན་ནས་སེམས་ཅན་གྱི་དོན་བྱེད་པར་བསམ་མོ། །འདི་ལྟར་བྱ་བའི་ཁུངས་ལ་སོགས་པ་ནི་རྒྱུད་འགྲེལ་གྱི་མཐའ་གཅོད་དུ་བཤད་ཟིན་ཏོ། །འདི་ནི་དཔལ་གསང་བ་འདུས་པའི་རྣལ་འབྱོར་པ་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ། །

                                                                  རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
       གསལ་འདེབས།།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།