དཔོན་ཡིག་རིན་ཆེན་བསྐུལ་བའི་མཛད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 22:22:56     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     528091678518012451.jpg  

        ཨོཾ་བདེ་ལེགས་སུ་གྱུར་ཅིག སྲིད་པའི་འབྱོར་པ་རྨི་ལམ་དགའ་སྟོན་དང་། །འདུ་འཛི་རྙེད་བཀུར་ཆུ་ཤིང་སྙིང་པོ་ལྟར། །གང་གིས་གཟིགས་ནས་རྒྱལ་བས་བསྔགས་པའི་ལམ། །གཡེལ་བ་མེད་པས་བསྟན་པ་དེ་དག་རྒྱལ། །ཡུལ་ལ་སྲེད་པའི་ཆང་གིས་མྱོས་ཤིང་གཏི་མུག་མུན་པ་འཐུག་པོས་བསྒྲིབས། །བདག་འཛིན་དྲ་བའི་སྦུབས་སུ་ཆུད་ཅིང་མཐའ་མེད་སྐྱེ་འཆིའི་བཙོན་རར་ལྷུང་། །འཇིགས་རུང་ལས་ཀྱི་གཤིན་རྗེས་མནར་ཞིང་སྡུག་བསྔལ་ཁུར་ལྕིས་ངལ་བ་ཡི། །འཁོར་བའི་ཆོས་ལ་ཡིད་འབྱུང་གཏམ་འདི་སྙན་དངགས་རྒྱན་གྱིས་སྤེལ་བར་བྱ། །ཐུགས་རྗེའི་རླབས་ཆེན་རྒྱུན་ཆད་མེད་པར་གཡོ། །མཁྱེན་པའི་གཏིང་མཐའ་དཔག་པར་མི་ནུས་པའི། །ཐུབ་དབང་དགེ་ལེགས་ཆུ་ཡི་གཏེར་ཆེན་དེས། །ཤིན་ཏུ་རྙེད་དཀར་གསུངས་པའི་དལ་འབྱོར་རྟེན། །རྙེད་པར་གྱུར་ཚེ་ཚེ་ལ་ལོང་མེད་པ། །ཡང་ཡང་ཡིད་ལ་ལེ་ལོས་མ་བྱས་པར། །ཉིན་མཚན་འདས་ན་ན་ཚོད་སོན་པའི་མཐར། །འཆི་བདག་བྱུང་དུས་དུས་དེར་འགྱོད་ཀྱང་འཕྱིས། །མཉམ་དུ་འགྲོགས་པའི་གྲོགས་རྣམས་ཤི་བའི་གཏམ། །ཐོས་སམ་མཐོང་ཡང་ཡིད་ལ་ཁུ་འཕྲིག་མེད། །གསོད་སར་ཁྲིད་པའི་ཕྱུགས་ཀྱི་ལྷག་མ་རྣམས། །གཤེད་མ་མཐོང་ཡང་ཡིད་བདེར་གནས་པ་བཞིན། །སྲིད་པའི་བྱ་ལམ་ཡངས་པར་ལས་ཀྱི་རླུང་གིས་བསྐྱོད་པ་ཡི། །ལུས་ཅན་རྣམས་ཀྱི་སྲོག་གི་ཉིན་བྱེད་འཆི་བདག་ནུབ་ཀྱི་ས་འཛིན་རྩེར། །ནུབ་པར་མ་གྱུར་སེམས་ཅན་གང་དེ་འདི་ན་འགས་ཀྱང་མ་མཐོང་ན། །ཉམ་ཆུང་གནོད་པའི་རྐྱེན་མང་བདག་ལ་མི་འཆིའི་གནས་ཡོད་དམ། །དེ་ལྟར་ངེས་པར་འཆི་ན་གཏན་དུ་སྡོད་སྙམ་འཁྲུལ་པར་གོ །གོ་བཞིན་ད་དུང་འཇུག་ན་དེ་ནི་ཕྱུགས་པས་ཕྱུགས། །ཕྱུགས་ཀྱང་གཡང་ས་མཐོང་ན་དེ་ལ་སྐྲག་པ་སྐྱེ། །སྐྱེ་མཐའ་འཆི་བ་ཡིན་ན་འདི་ལ་ཅིས་མི་འཇིགས། །ཤུགས་དྲག་རླུང་གིས་མར་མེའི་ཕྲེང་བ་དང་། །ཉིན་བྱེད་འོད་ཀྱིས་གྲིབ་མའི་དཔུང་ལ་བཞིན། །སྲོག་དབང་མི་བརྟན་སྲིན་པོའི་ཁར་ཚུད་ན། །དེ་ལ་རིང་དུ་འཚོ་བའི་སྐབས་ཡོད་དམ། །དེ་ལྟར་ངེས་པར་འཆི་ན་ཕྱི་མའི་བྱ་བ་ཇི་ལྟར་བཤོལ། །ཚེ་འདིར་བསྡད་ལོང་མེད་ན་དེ་ལ་ལེ་ལོ་ཇི་ལྟར་རིགས། །ཤ་རུས་དག་ཀྱང་འགྱེས་ན་གཉེན་བཤེས་ཚོགས་ལ་ཇི་ལྟར་ཆགས། །གྲོགས་མེད་གཅིག་པུར་འགྲོ་ན་དེ་ཚེ་ཆོས་ལས་སྐྱབས་གཞན་གང་། །ནམ་ཞིག་མཛའ་བཤེས་ཚོགས་ཀྱིས་མཐའ་ནས་བསྐོར། །འབྱུང་བ་འཁྲུགས་པའི་མཚོན་གྱིས་ལུས་ལ་བཏབ། །བཟོད་གླགས་མེད་པའི་ཚོར་བས་སེམས་ལ་ཟིན། །བཤང་གཅིས་གོས་པའི་སྟན་ལ་འགྲེ་ལྡོག་ཚེ། །མལ་ནས་མི་གཡོ་ཟུམ་པའི་མིག་དང་ལྡན། །ཡན་ལག་རིད་ཅིང་སྐྲ་རྣམས་གྱེན་དུ་གཟིངས། །ཤ་རྣམས་སྟོངས་ཤིང་རུས་གཟེབ་མ་བྲལ་ཙམ། །མདོག་ནག་པགས་པས་གཡོགས་པའི་དྲང་སྲོང་དེས། །ཉིན་མོ་ཁ་ཟས་གཅོད་པའི་དཀའ་ཐུབ་བླངས། །མཚན་མོ་གཉིད་ཀྱི་བདེ་བ་བཀག་ནས་ནི། །འཁུན་བུའི་དྲག་སྔགས་བགྲང་ལ་བརྩོན་བྱས་ཀྱང་། །འཆི་བདག་བ་སྤུ་གཅིག་ཀྱང་གཡོ་མི་ནུས། །དེ་ཚེ་དེ་ལ་བརྩེ་བའི་གཉེན་རྣམས་ཀྱང་། །རྟབ་རྟབ་གྱུར་ཏེ་དྲུང་དུ་ལྷགས་ནས་སུ། །བརྩེ་བའི་ལྟ་སྟངས་དེ་ཡི་གདོང་དུ་བལྟ། །བཞིན་གྱི་དཀྱིལ་འཁོར་མཆི་མའི་ཆུ་ཡིས་བཀྲུས། །ཡིད་ནི་མྱ་ངན་བསམ་གཏན་ལ་གནས་ཤིང་། །ངག་གི་འོ་དོད་ང་རོ་དབྱངས་སུ་བླངས། །ལག་པའི་དབྱུག་གུས་བྲང་གི་རྔ་བརྡུངས་ཀྱང་། །རང་ཉིད་ངལ་བ་ཙམ་ཞིག་འབྲས་བུར་ཟད། །རྣམ་ཤེས་སྐྱེས་བུ་ཕྱི་མར་སྐྱེས་ཆེན་འདེགས། །ལུས་ཀྱི་གྲོང་ཁྱེར་འབྲོག་སྟོང་བཞིན་དུ་བྱས། །རྟེན་མེད་རིག་པ་ལས་ཀྱི་རླུང་གིས་བདས། །རྒྱུས་མེད་ཕྱོགས་སུ་འཁྲུལ་ཞིང་འཁྱམས་པའི་ཚེ། །སྔོན་བསགས་ལས་ཀྱི་ནུས་པ་མ་གཏོགས་པ། །ཡུན་རིང་དགའ་མགུར་སྤྱད་པའི་གཉེན་དང་གྲོགས། །ངལ་བ་དུ་མས་བསྒྲུབས་པའི་ལོངས་སྤྱོད་ཚོགས། །ཏིལ་གྱི་ཆ་ཤས་ཙམ་ཡང་རྗེས་མི་འབྲང་། །ཚུལ་འདི་བསམས་ན་གློག་བཞིན་མི་བརྟན་པའི། །ཡུད་ཙམ་ཞིག་གི་ཚེ་འདིའི་བདེ་བའི་ཕྱིར། །བསྐལ་པར་བརྣག་དཀའི་སྡུག་བསྔལ་མྱོང་བའི་རྒྱུ། །སྒྲུབ་པར་བྱེད་ལ་སེམས་ཡོད་སུ་ཞིག་འཇུག །དབང་ཕྱུག་རྨི་ལམ་རྒྱལ་སྲིད་བཞིན་དུ་གཡོ། །ལང་ཚོ་དབང་པོའི་གཞུ་ལྟར་མྱུར་དུ་ཡལ། །གྲགས་པ་སྒྲ་བརྙན་བཞིན་དུ་མིང་ཙམ་པ། །ལོངས་སྤྱོད་སྦྲང་མའི་རྩི་བཞིན་གཞན་གྱིས་སྤྱོད། །དེ་ལྟ་ན་ཡང་མ་རིག་ལིང་ཏོག་གིས། །བློ་མིག་རིང་ནས་བསྒྲིབས་པའི་བྱིས་པ་རྣམས། །མི་གཙང་ཁྲོད་ན་དགའ་བའི་སྦྲང་བུ་བཞིན། །ཚེ་འདིའི་བསླུ་བྲིད་དག་གི་དབང་དུ་གྱུར། །ཀྱེ་མ་མཐོན་པོའི་མཐའ་ནི་དམའ་བར་ལྟུང་། །ལང་ཚོའི་དཔལ་ནི་རྒ་བའི་ཉེས་པས་འཇོམས། །འབྱོར་པའི་མཐའ་ནི་རྒུད་པར་འགྱུར་ལ་སོགས། །གང་གང་འགྲོ་བའི་སྐྱབས་ཀྱིས་གསུངས་པ་རྣམས། །དེ་དེ་བཞིན་དུ་འདི་ན་སྣང་གྱུར་ཀྱང་། །སླར་ཡང་སྲེད་པའི་ཆུ་བོས་ཁྱེར་བ་ཡི། །ལུག་ལྟར་ལྐུག་པའི་བློ་ཅན་རྣམས་ཀྱིས་ནི། །འདི་ཡི་རང་བཞིན་མི་མཐོང་ཇི་ལྟརབྱ། །ཉམ་ཆུང་འཇིག་སླ་ཆུ་ཡི་ཆུ་བུར་བཞིན། །མི་གཙང་སྣོད་གྱུར་ངན་སྐྱུགས་བུམ་པ་བཞིན། །སྡུག་བསྔལ་ཀུན་སྟེར་སྟོབས་ལྡན་དགྲ་བོ་བཞིན། །རྙེད་པར་དཀའ་ཞིང་ཤིན་ཏུ་འཇིག་སླའི་ལུས། །འཇམ་པའི་གོས་དང་ཞིམ་པའི་ཁ་ཟས་ཀྱིས། །འབད་པ་དུ་མས་ལེན་མངས་བསྐྱངས་གྱུར་ཀྱང་། །ཁྱི་དང་བྱ་རྒོད་ཅེ་སྤྱང་ཁ་ཟས་ལ། །རྩོལ་བ་དུ་མས་ག་དར་བྱས་པར་ཟད། །སྐྱེས་དགུའི་ཕན་བདེའི་རྩ་བ་བསྟན་པ་ཡང་། །ནུབ་པའི་མཐའ་ལ་ཤིན་ཏུ་ཉེ་བར་སླེབ། །སྲིད་མཚོ་སྒྲོལ་བའི་དལ་འབྱོར་གྲུ་ཆེན་ཡང་། །ནམ་གྱི་ཚེ་ན་འཇིག་པ་མི་ཤེས་པས། །དེ་ཕྱིར་དལ་འབྱོར་ཐོབ་ཅིང་བསྟན་དང་མཇལ། །བཤེས་གཉེན་དམ་པ་བསྟེན་དུ་ཡོད་བཞིན་དུ། །དེ་ལས་འོངས་པའི་གདམས་ངག་བདུད་རྩིའི་རྒྱུན། །ཀྱེ་མ་ད་ལྟ་ཉིད་དུ་མི་འཐུང་ན། །ནམ་ཞིག་གློ་བུར་ཉིད་དུ་དབང་མེད་པར། །གཉེན་བཤེས་དབུས་ན་རྩེ་དགའ་སྐྱོང་བཞིན་དུ། །ནད་ཀྱི་ཕོ་ཉས་བཟུང་ནས་འཆི་བདག་གི། །དྲུང་དུ་ཁྲིད་ན་དེ་ཚེ་ཇི་ལྟར་བྱ། །དེ་ཕྱིར་ཡིད་སྨོན་ཙམ་ལ་མ་བཞག་པར། །པང་དུ་དུག་སྦྲུལ་བྱུང་བའི་མི་བཞིན་དུ། །ལེ་ལོ་དོར་ནས་བརྩོན་འགྲུས་ཤུགས་བསྐྱེད་དེ། །དེང་ནས་ཐར་པའི་བདེ་བ་བཙལ་བར་རིགས། །ས་དང་བར་སྣང་ནམ་མཁའ་མི་མཚོན་པའི། །སྟོབས་ཆེན་མེ་ལྕེས་འཁོར་བའི་ནགས་ཁྲོད་ཀྱི། །སྲོག་ཆགས་རྣམས་ཀྱིས་གནས་དེར་བག་ཕབ་ནས། །སོས་དལ་བདེ་བར་འདུག་པ་ཇི་ལྟར་འོས། །ཤེས་ལྡན་ཁྱོད་ལ་མང་དུ་སྨོས་ཅི་དགོས། །མདོར་ན་འཁོར་བའི་བདེ་འབྱོར་ཀུན་གྱིས་བསླུ། །གཅིག་ཏུ་ཡིད་བརྟན་རུང་བ་དམ་པའི་ཆོས། །དེ་ཕྱིར་དལ་འབྱོར་ཐོབ་པ་དོན་ཡོད་མཛོད། །ཚུལ་འདི་འདི་དང་ཕྱི་མར་བདེ་བའི་གཞི། །དམ་ཆོས་ཆོས་ནས་གསུངས་བཞིན་བསྒྲུབ་འདོད་པ། །རིན་རྒྱལ་རྒྱལ་བའི་བསྟན་ལ་གུས་པ་དེས། །སྤེལ་ལེགས་ལེགས་པའི་ཚིག་གིས་ཡིད་སྐྱོའི་གཏམ། །དད་པའི་རླུང་གིས་བསྐུལ་ཚེ་ཕྱོགས་མེད་དུ། །ངལ་སོ་མེད་པར་འཁྱམས་པའི་རྒྱལ་ཁམས་པ། །བློ་བཟང་གྲགས་པའི་མགྲིན་པའི་དཀྱིལ་འཁོར་ནས། །འཐོན་པར་གྱུར་པའི་འོད་སྟོང་ཚིག་གི་ཕྲེང་། །ཆུ་སྐྱེས་འདབ་མ་ཤོག་བུའི་ངོས་དག་ལ། །མིག་གི་དགའ་སྟོན་ཆེད་དུ་འཁྲིགས་པ་འདིས། །ཁྱོད་ཡིད་ཐར་པའི་ལམ་དུ་འཁུལ་གྱུར་ཅིག །ཅེས་པ་འདི་ནི་དད་པ་དང་གཏོང་བའི་ཡོན་ཏན་དང་ལྡན་པ་དཔོན་ཡིག་རིན་ཆེན་རྒྱལ་པོས། རྒྱང་རིང་པོ་ནས་བསྐུལ་བའི་དོན་དུ་མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས། འཕགས་པ་འཇིག་རྟེན་དབང་ཕྱུག་གིས་རྒྱལ་པོའི་གཟུགས་བཟུང་ནས་བྱིན་གྱིས་བརླབས་པའི་གནས་ཆེན་པོ་པོ་ཏ་ལ་ཞེས་གྲགས་པར་སྦྱར་བའོ། །

                                                 རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།།
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།