མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་ལ་གཏམ་དུ་བྱ་བའི་འཕྲིན་ཡིག།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 22:07:29     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      572172210488080751.jpg

           ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། རྒྱལ་བ་ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས་པ་འཇིག་རྟེན་ཐམས་ཅད་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ལྷ་དང་མི་རྣམས་ཀྱི་སྟོན་པ་སྔོན་མེད་པ་དེ་ཡི་ཞབས་ཀྱི་པདྨ་ལ་ལན་ཅིག་མ་ཡིན་པར་གུས་པས་ཕྱག་འཚལ་ལོ། །གྲངས་མེད་བསྐལ་པར་ཡང་དང་ཡང་གོམས་པས། །མཐའ་ཡས་ཡོན་ཏན་ཚོགས་ཀྱི་ཕ་རོལ་བྱོན།།ལེགས་པར་བཤད་པའི་གཏེར་ཆེན་སྨྲ་བའི་མཆོག །བདེན་པ་གསུང་བ་དེ་ནི་བདག་གི་སྐྱབས། །བླ་ན་མེད་པའི་མཁྱེན་པའི་གཏེར། །གཅིག་ཏུ་གཞན་ལ་ཕན་པར་དགོངས། །འཇིག་རྟེན་རྣམ་པར་འདྲེན་པ་དེས། །ཁྱེད་ལ་རྟག་ཏུ་སྐྱོང་གྱུར་ཅིག །དེ་ལྟར་འཇིག་རྟེན་ཐམས་ཅད་ཀྱི་སྐྱབས་གཅིག་པུ་ལ་མཆོད་པ་དང་ཤིས་པ་བརྗོད་པའི་ངག་སྔོན་དུ་བཏང་ནས་སྐབས་རྩོམ་པ་ནི། སྟོན་པ་དང་བསྟན་པ་གཙུག་གི་རྒྱན་དུ་འཛིན། །དགེ་བའི་བཤེས་གཉེན་ཚོལ་ལ་མངོན་པར་བརྩོན། །ལེགས་ཉེས་འབྱེད་པའི་རྣམ་དཔྱོད་མི་དམན་ཞིང་། །བསོད་ནམས་སྟོབས་ཀྱིས་ས་ཆེན་ལེགས་སྐྱོང་བ། །མི་དབང་དེ་ཡི་ལྷག་བསམ་ལས་འོངས་པའི། །བཀའ་ལུང་སྙན་དངགས་ཕྲེང་བ་བསྒྲིགས་པ་ཡིས། །བདག་ཡིད་ཀུན་ཏུ་ཚིམ་པར་བྱས་པ་ནི། །ཡོངས་འདུའི་ལྗོན་པས་ལྷ་རྣམས་ཇི་བཞིན་ནོ། །དེ་ལྟར་བཀའ་སྩལ་སྙན་པའི་འཕྲིན་ཡིག་སྙན་དངགས་ཀྱི་ལམ་ནས་འོངས་པ། སྐྱེ་བོ་བློའི་ནོར་ཅན་རྣམས་མགུ་བར་བྱེད་པའི་དོན། སངས་རྒྱས་བཅོམ་ལྡན་འདས་ཀྱི་གསུང་ཐོག་མ་དང་བར་དང་ཐ་མར་དགེ་བའི་ལེགས་པར་བཤད་པའི་འབེལ་བའི་གཏམ་གྱི་དགའ་སྟོན་སྤེལ་བའི་ཕྱིར་དུ་མཇལ་བར་བཞེད་པ་ཁུམས་ནའང་། ཇི་སྐད་དུ། སུ་དག་ནགས་ཁྲོད་མངོན་པར་དགའ་བ་ཡི། །དགེ་སྦྱོང་དེ་ནི་ཤིན་ཏུ་བདེ་བ་མྱོང་། །ཞེས་དང་། ཚུལ་ཁྲིམས་ཡོངས་སུ་དག་པར་རབ་གནས་ཏེ། །བསམ་གཏན་བསམ་མི་ཁྱབ་ལ་རྟག་གནས་ཤིང་། །སུ་དག་ནགས་ཁྲོད་ཞི་བར་དགའ་བ་ནི། །དེ་དག་ནམ་ཡང་ཡིད་གཉིས་འོང་མི་འགྱུར། །ཞེས་ཐུབ་པས་རྣམ་གྲངས་དུ་མའི་སྒོ་ནས་བསྟེན་པར་བསྔགས་པའི་དབེན་པའི་གནས་གངས་རིའི་དཔལ་དང་ལྡན་པའི་ཁྲོད་སྨན་གྱི་ཁྱད་པར་རོ་དང་མཐུ་དང་རྣམ་པར་སྨིན་པའི་ཡོན་ཏན་མང་པོ་དང་ལྡན་པའི་ས་ཕྱོགས་མེ་ཏོག་དང་འདབ་མ་དང་ལོ་མ་དང་། ལྡུམ་བུ་སྣ་ཚོགས་པ་རྣམས་ཀྱིས་བརྒྱན་པ། གངས་ཀྱི་ཕྲེང་བ་ནི་ཡོལ་བ་བྲེས་པ་ལྟར་སྣང་ཞིང་། རྨུགས་པའི་སྐད་ཆིངས་ནི་དོ་ཤལ་ལྟར་གནས་པ། ཐེལ་སྡིངས་ཤང་ཤོང་རྣམ་པ་མང་པོ་དག་ནི་ཆེད་དུ་བཤམས་པ་བཞིན་ཡོད་པ། འབབ་ཆུ་རྣམ་པ་མང་པོ་ནི་ངོས་སུ་དུ་མ་ནས་སྒྲ་སྙན་པ་སྒྲོགས་ཤིང་འབབ་པ། བུང་བ་མང་པོ་ནི་སྒྲ་དི་རི་རི་ཟེར་བ། དགེ་སློང་རྣལ་འབྱོར་སྤྱོད་པ་རྣལ་འབྱོར་ལ་བརྩོན་པ་དང་རྗེས་སུ་མཐུན་པའི་གནས་ལྷའི་སྡིངས། མིང་གཞན་རྣམ་པར་རྒྱལ་བའི་གླིང་ཞེས་པ་ཞིག་གིས་ཡོན་ཏན་གྱིས་ཡིད་ཀུན་ཏུ་དྲངས་པས། ཆུ་ཧ་ཅང་བསིལ་བའི་ཉེས་པས་ཟིལ་གྱིས་མ་མནན་ན། ལོ་ཁ་ཡར་ལ་གྲོང་དུ་མི་རྒྱུ་བར་རྣལ་འབྱོར་ལྷུར་ལེན་ཅིང་བསྡད་པར་བྱའོ་སྙམ་པའི་ཡི་དམ་བརྟེན་པོ་ཞིག་ལོ་སྔ་མའི་སྨིན་དྲུག་གི་ཟླ་བ་ལ་བགྱིས་བདོག་པས་ཉིད་ཀྱི་ཕོ་བྲང་དུ། ད་རེས་ལ་མཇལ་དུ་མཆི་བར་རྔོ་མ་ཐོགས་པ་ལགས། དེའི་རྒྱུ་མཚན་ཡང་སྐྱེས་བུ་དམ་པ་རྣམས་ནི་ཇི་ལྟར་ནན་ཏན་གྱིས་ཁས་བླངས་པའི་དགོས་པ་ཆེན་པོ་དང་ལྡན་པའི་དམ་བཅའ་བའི་ཁུར་བར་མ་དོར་མི་འདོར་བར་བདེན་པ་བསྲུང་བ་ལ་ཆེད་ཆེར་བྱེད་དེ། ཇི་སྐད་དུ། ཡ་རབས་རྣམས་ནི་བདེན་པ་སྲོག་དང་འདྲ། །དེ་བས་རབ་ཏུ་ཕོངས་ཀྱང་དེ་མི་འདོར། །བདེན་པ་མེད་ན་ཚེ་འདིའི་བདེ་བའམ། །སྲོག་ཀྱང་ངན་འགྲོ་དག་ལས་སྲུང་མི་ནུས། །ཞེས་དང་། འགྲོ་བ་མཐའ་དག་ཁྱབ་པའི་གྲགས་པ་འཕེལ། །བདེན་པ་འཇིག་རྟེན་གསུམ་ལས་འདས་པའི་ལམ། །ལྷ་ཡི་གནས་སུ་འཇུག་པའི་སྒོ་ཡང་ཡིན། །འཁོར་བའི་རྫོང་ལས་ཐར་པའི་ཟམ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །ད་ནི་ལེགས་པར་བཤད་པའི་སྐྱེས་ཀྱི་དགའ་སྟོན་བྱ་བར་འདོད་ནས། མདོར་བསྡུས་ཏེ་ཅུང་ཟད་ཅིག་གསོལ་བ་ནི། རང་སྲིད་ཚུལ་བཞིན་སྐྱོང་བའི་གྲགས་པ་ཡིས། །རྒྱལ་མཚན་ཏོག་ལྟར་ཀུན་གྱི་ཁྲོད་ན་མཐོ། །ལེགས་ཚོགས་དཔལ་གྱིས་རབ་ཏུ་མཛེས་གྱུར་ཅིང་། །བཟང་པོའི་ལམ་ལ་ཀུན་ནས་ལྷག་པར་དགྱེས། །བཀའ་ལུང་སྙན་པོ་འགྲོ་འདིས་སྤྱི་བོས་ནོད། །གཟི་བྱིན་ཕས་ཀྱི་རྒོལ་བས་མི་བཟོད་ཀྱང་། །དུལ་བའི་དཔལ་གྱིས་མངོན་པར་བསྟར་བ་ཡི། །ས་ཡི་བདག་པོ་ཁྱོད་ལ་འདི་ཡང་གསོལ། །འཁོར་དང་འབྱོར་པའི་ཁྱད་པར་རྒྱ་ཆེ་བས། །ཡངས་པའི་མངའ་རིས་གནས་ལ་མངའ་བསྒྱུར་བ། །རྒྱལ་པོའི་གོ་འཕང་སྐྱེ་བ་གཞན་དག་ནས། །བསྣམས་ཏེ་མ་བྱོན་དགེ་བའི་མཐུ་ལས་ཡིན། །དེའི་ཕྱིར་རང་གི་ཆོས་ཀྱི་ལམ་བཟུང་ནས། །འབངས་ཀྱང་ཚུལ་དེར་བཀྲི་བའི་ཐབས་མཁས་ཀྱིས། །རྒྱལ་སྲིད་ཆོས་ཀྱིས་བསྐྱངས་པར་མཛད་ན་ནི། །འདི་དང་ཕྱི་མར་དོན་ཆེན་འགྲུབ་པར་འགྱུར། །དེ་ཡི་ཚུལ་གྱིས་རྒྱལ་སྲིད་སྐྱོང་བ་ན། །ལྷ་རྣམས་དགའ་མགུར་རངས་ནས་བསྲུང་བ་དང་། །ཕུན་ཚོགས་དཔལ་གྱིས་འཇིག་རྟེན་འབྱོར་བྱེད་པའི། །བཀྲ་ཤིས་མཚན་མ་མང་དུ་འབྱུང་བར་གསུངས། །སྐྱེ་དགུའི་འཕྲལ་དང་ཡུན་གྱི་ཕན་བདེ་རྣམས། །གང་ལས་འབྱུང་བ་ཐུབ་པའི་བསྟན་པ་ནི། །བཤད་དང་སྒྲུབ་པས་རྗེས་སུ་འཛིན་པ་རྣམས། །ས་ཡི་བདག་པོས་རྣམ་པ་དུ་མས་མཆོད། །མགོན་སྐྱབས་གཞན་མེད་ཉིད་ལ་ལྟོས་གྱུར་པའི། །འབངས་ལ་རྒྱལ་པོས་བྱམས་པའི་སེམས་བཟུང་སྟེ། །ཉེས་སྤྱོད་བུ་ལ་མཛངས་པའི་ཕ་བཞིན་དུ། །མི་རིགས་སྤྱོད་ལས་བཟློག་པ་མཁས་པའི་ལུགས། །རྒྱལ་བའི་བསྟན་དང་ཕྲད་པ་ཆེས་དཀའ་ཞིང་། །ལུས་སྲོག་རི་གཟར་ཆུ་བཞིན་གཡོ་བ་དང་། །འཇིག་རྟེན་ཕ་རོལ་ཚུར་ལའང་གཟིགས་ནས་ནི། །ས་ཡི་བདག་པོ་རྟག་ཏུ་བག་ཡོད་མཛོད། །སྐྱེ་དགུ་སྲིད་ནས་སྲིད་དུ་འཁྱམས་པའི་ཚེ། །མི་འདོད་སྡུག་བསྔལ་དུ་མས་གཟིར་བ་ལ། །དགེ་དང་འདྲ་བའི་སྐྱབས་གཞན་ཡོད་མ་ཡིན། །དེ་ཕྱིར་ལས་དེར་རྟག་ཏུ་དགྱེས་པ་བསྐྱེད། །སྔོན་གྱི་གླིང་བཞིའི་དབང་ཕྱུག་ས་བདག་རྣམས། །གཞན་དྲིང་མི་འཇོག་བློ་གྲོས་སྟོབས་མངའ་བས། དེ་དག་རང་སྲིད་སྐྱོང་ལ་འཇུག་པའི་ཚེ། །ལུགས་ཀྱི་བསྟན་བཅོས་དག་ལ་ལྟོས་མི་འཚལ། །དེ་ནས་རིམ་གྱིས་བློ་ཡི་མཐུ་བྲི་བས། །རྒྱལ་སྲིད་སྐྱོང་བའི་ཁུར་ཁྱེར་རྒྱལ་པོ་རྣམས། །ལུགས་ཀྱི་བསྟན་བཅོས་རེ་རེའི་རྗེས་འབྲངས་ནས། །ས་ཡི་བདག་པོས་བགྱི་བ་བགྱིད་པར་གསུངས། །དྲང་སྲོང་ཡང་དག་པ་དང་ལྟར་སྣང་གིས། །བརྩམས་པའི་ལུགས་ཀྱི་བསྟན་བཅོས་དེ་དག་ཀྱང་། །ཚད་མ་དག་དང་དེ་ལས་བཟློག་པ་འབྱུང་། །དེ་ཕྱིར་ལུགས་ཀྱི་བསྟན་བཅོས་དམ་པ་བསྟེན། །ལེགས་ཉེས་འབྱེད་ལ་ཡིད་ནི་རྣམ་པར་འཐོམས། །གཟུ་ལུམ་ཙམ་གྱིས་རང་གི་སྲིད་འཛིན་པའི། །རྒྱལ་རིགས་ངན་པ་མན་ངག་ཡུལ་མིན་པས། །དེ་ལ་མཁས་རྣམས་ལེགས་བཤད་ག་ལ་འདོམས། །རིགས་དང་མི་རིགས་རྟོགས་པའི་མཁྱེན་པ་ཅན། །སྔོན་གྱི་ས་བདག་དགེ་བའི་རྗེས་སུ་སློབ། །དམ་པའི་མགོན་ལ་དམའ་བའི་ཐུགས་འཛིན་པ། །ས་ཡི་བདག་པོ་ཁྱོད་ནི་གདམས་པའི་ཡུལ། །དེ་ཕྱིར་གངས་རིའི་ལྗོངས་ན་གནས་བཅས་ཤིང་། །ཚུལ་བཞིན་སྒྲུབ་པ་དམ་པའི་རྗེས་ཞུགས་ནས། །རྒྱལ་བ་དགྱེས་པ་བསྐྱེད་པར་འདོད་པ་ཡི། །དགེ་སྦྱོང་བདག་གིས་དེ་ལྟར་གསོལ་བ་ལགས། །གཙོ་བོ་རྣམས་ནི་ཅི་དང་ཅི་སྤྱོད་པ། །འབངས་རྣམས་དག་ཀྱང་ཕལ་ཆེར་དེ་དེ་བཞིན། །ཚུལ་འདི་མཐོང་ནས་སྐྱེ་དགུ་སྐྱོང་བ་ལ། །རྒྱལ་བའི་གསུང་ལས་བྱུང་བའི་སྐྱེས་འདི་ཕུལ། །གསུང་ཡིག་སྔ་མའི་དུས་ན་ཡང་རྒྱུ་མཚན་མདོར་བསྡུས་ཤིག་གསོལ་མོད་ཀྱི། འོན་ཀྱང་ད་རེས་མཇལ་དུ་བཞེད་པ་ལ་ཐུགས་ཀྱི་སྤྲོ་བ་ཡོད་ཚུལ་དང་། རང་གཞན་གྱི་དོན་བགྱིད་པ་ལ་བསྐུལ་བ་ཁེངས་སྐྱུངས་དང་བཅས་པའི་ཕྲིན་ཡིག་དོན་བཟང་ལ་ཚིག་སྦྱོར་ལེགས་པ་བསྐུར་བྱུང་བའི་ལན་དུ། སླར་ཡང་མཇལ་དུ་མི་སྤྲོ་བ་མིན་ནའང་། རེ་ཞིག་ལ་གྲོང་དུ་མི་རྒྱུ་བའི་རི་མི་འབབ་ཀྱི་དམ་བཅའི་ཁུར་དེ་བཞག་ཏུ་མ་བདེ་བའི་རྒྱུ་མཚན་ཆེ་བ་དང་། ཉིད་ཀྱི་ཐུགས་ལ་སྔ་ནས་མངའ་ནའང་། རྡོ་ཐལ་གྱིས་བྱུགས་པའི་ཁང་བཟང་ལ་དགུང་ཟླའི་འོད་ཀྱིས་ཕོག་ན་ཤིན་ཏུ་དཀར་བར་འགྱུར་བའི་ཚུལ་དུ་ཐུབ་པའི་གསུང་ལས་བྱུང་བའི་གདམས་པ་དང་རྗེས་སུ་བསྟན་པའི་ཁྱད་པར་འགའ་ཞིག་གསོལ་བ་ལགས། སླད་ནས་ཀྱང་འདོད་པར་བྱ་བའི་གནས་ལ་སྨོན་པའི་ཚུལ་ནི། མི་དབང་དགེ་བཅུའི་ཁྲིམས་ཀྱིས་སྲིད་སྐྱོང་ཞིང་། དེ་ལ་གེགས་ཀྱི་མཚན་མ་མེད་པ་དང་། །ཆོས་དང་སྲིད་དང་འབྱོར་པའི་ཁྱད་པར་ཀུན། །ཡར་ངོའི་ཟླ་དང་ཕན་ཚུན་འགྲན་པར་ཤོག །འགྲོ་བ་འདིས་ཀྱང་སྡུག་བསྔལ་བརྒྱ་ཕྲག་རྒྱུ། །ཉེས་སྤྱོད་བཏང་ནས་དགེ་བའི་ལམ་བཟུང་སྟེ། །ཡ་རབས་དམ་པའི་སྤྱོད་ཚུལ་ལྷུར་བླངས་པས། །རྫོགས་ལྡན་དུས་བཞིན་ཕུན་སུམ་ཚོགས་པར་ཤོག །འགྲོ་ཀུན་བྱམས་པའི་སེམས་དང་ལྡན་པར་ཤོག །འཐབ་ཅིང་རྩོད་པའི་མིང་ཡང་མེད་པར་ཤོག །རྟག་ཏུ་ནད་མེད་བདེ་དང་ལྡན་པར་ཤོག །དགེ་ལ་སྤྱོད་པས་ཉིན་མཚན་འདའ་བར་ཤོག །ཚེ་ཡི་མཐར་ཡང་རྒྱལ་བ་འོད་དཔག་མེད། །འཁོར་དང་བཅས་པ་མཐོང་ཞིང་དེ་མ་ཐག །བུ་བུ་བདེ་བ་ཅན་དུ་ཚུར་ཤོག་ཅེས། །འདྲེན་པའི་གསུང་གིས་དབུགས་འབྱིན་ཐོབ་པར་ཤོག །ཅེས་མི་དབང་ཆེན་པོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་ཡོངས་སུ་གྲགས་པ་ལ་གཏམ་དུ་བྱ་བའི་འཕྲིན་ཡིག་འདི་ནི། མང་དུ་ཐོས་པའི་དགེ་སློང་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། གངས་ཅན་གྱི་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་ལྷའི་སྡིངས་མིང་གཞན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བའོ། །
        ཨོཾ་བདེ་ལེགས་སུ་གྱུར་ཅིག གང་ཞིག་དྲན་པ་ཙམ་གྱིས་ལེགས་ཚོགས་ཀུན། །ཇི་བཞིན་སྩོལ་མཛད་སླུ་བ་མེད་པའི་སྐྱབས། །མཐའ་ཡས་རྒྱལ་བའི་ཡབ་གྱུར་འཇམ་དབྱངས་དེས། །སྐལ་བཟང་ཁྱེད་ལ་ཀུན་ནས་སྐྱོང་གྱུར་ཅིག །སྔོན་ཆད་བཟང་པོའི་ལས་ལ་ཆེར་གོམས་པས། །དེང་དུས་གྲུབ་པའི་རིགས་སུ་ལེགས་འཁྲུངས་ཤིང་། །ཐེག་པ་མཆོག་ལ་བརྩོན་པ་མི་ལྷོད་པས། །ཉིན་མཚན་དུས་རྣམས་འབྲས་བུ་ཡོད་པར་འདའ། །ཆེ་བའི་གོ་འཕང་དག་ལ་གནས་ན་ཡང་། །ངེས་པའི་དཔལ་གྱིས་རབ་ཏུ་མཛེས་གྱུར་པས། །བཤེས་གཉེན་རྣམས་ལ་གུས་པས་ལེགས་འདུད་པའི། །བཟང་པོའི་མཚན་ཅན་དེ་ཡིས་སྦྱར་བ་ཡི། །ཕྲིན་ཡིག་ཚིག་དོན་བཟང་པོའི་སྙན་དངགས་དང་། །རྨད་བྱུང་རོ་དང་རེག་པའི་བདེ་སྟེར་བའི། །བཏུང་བ་གཉིས་དང་བགོ་བའི་གོས་དང་ནི། །ཚོན་དང་སྨན་གྱི་རྣམ་པ་སྣ་ཚོགས་དང་། །ཞིང་བཟང་རྣམས་ལ་འོས་པའི་བཏུང་བར་བཅས། །དྲི་མེད་དགོངས་པས་ཀུན་ནས་བསླང་བ་རྣམས། །མངགས་པའི་ཕོ་ཉས་ཕྱོགས་འདིར་ལེགས་པར་འཕྲོད། །ཇི་ལྟར་དགོངས་པ་དེ་ལྟར་བགྱིད་པར་ཞུ། །སྙིགས་དུས་འགྲོ་བའི་ཕུན་ཚོགས་ཤིན་ཏུ་དམན། །མི་སྲུན་ནག་པོའི་རྩ་ལག་འཕེལ་བ་ཡིས། །ཉིན་རེ་བཞིན་ཡང་གླགས་སྐབས་ཚོལ་བར་བྱེད། །དེ་ཕྱིར་བརྩོན་པ་ཆེན་པོ་མཛད་པར་རིགས། །རྟེན་བཟང་རྙེད་དང་བསྟན་དང་མཇལ་བ་དང་། །དམ་པའི་བཤེས་རྙེད་ཤིན་ཏུ་དཀའ་བ་དང་། །ལང་ཚོའི་དཔལ་ཡང་ཆེས་ཆེར་གཡོ་བའི་ཚུལ། །ཡང་ཡང་སེམས་པ་གནད་ཀྱི་གདམས་པ་ལགས། །འདི་ཕྱིའི་ལེགས་ཚོགས་ཡིད་བཞིན་འགྲུབ་པས་ན། །སྐྱབས་གསུམ་བླ་མ་གཙུག་གི་རྒྱན་དུ་ཟུང་།།རྒྱལ་སྲས་རྣམས་ཀྱི་ཐབས་མཁས་མཆོག་ཡིན་པས། །དགེ་བ་གང་བྱེད་བྱང་ཆུབ་སེམས་ཀྱིས་བསྒྱུར། །འཁོར་གསུམ་ཡོངས་དག་ལམ་གྱི་སྲོག་ཡིན་པས། །རང་བཞིན་མེད་པའི་ལྟ་བས་རྒྱ་ཡིས་ཐོབ། །མཐོང་ཐོས་དྲན་རེག་དོན་ལྡན་འགྱུར་བས་ན། །རླབས་ཆེན་སྨོན་ལམ་མང་པོ་རྒྱུན་དུ་མཛོད། །གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི། །གངས་སུལ་བྱམས་པའི་གླིང་གི་རི་སུལ་ནས། །སྔོན་གྱི་དམ་པའི་རྗེས་སུ་སློབ་འདོད་པ། །བློ་བཟང་གྲགས་པའི་མཆིད་ནས་འདི་སྐད་ལོ། །མཆུའི་ཟླ་བའི་ཉེར་བདུན་ལ་དགེ་ལེགས་སུ་གྱུར་ཅིག

                         རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།