ཉེར་གནས་ཡོན་ཏན་རྒྱལ་མཚན་གྱིས་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 21:42:07     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     10429270871432353.jpg

        ཨོཾ་བདེ་ལེགས་སུ་གྱུར་ཅིག འཇིག་རྟེན་རྣམ་འདྲེན་རྒྱལ་བའི་རིང་ལུགས་པ། །ཐུབ་བསྟན་ཉིན་མོར་བྱེད་པ་ཉིན་མོའི་དཔལ། །འགྲོ་བ་དུ་མའི་ཐར་ལམ་གསལ་མཛད་པ། །བསྟན་པའི་མངའ་བདག་འགྲོ་ན་རྒྱལ་གྱུར་ཅིག །སྙན་པའི་གྲགས་པས་རྣ་བའི་ལམ་མཛེས་ཤིང་། །རྣམ་དཔྱོད་བློ་གྲོས་རབ་ཏུ་ཡངས་པ་ཡིས། །གསུང་རབ་རིན་ཆེན་གླིང་ལ་དབང་བསྐུར་བ། །མཁས་ཁྱོད་འཕྲིན་ལས་བཟང་པོས་ཤར་གྱི་ཕྱོགས། །རྒྱས་པར་མཛད་པས་འགྲོ་བའི་རེ་བསྐོང་བའི། །རིན་ཆེན་དབང་གི་རྒྱལ་པོར་གྱུར་ནས་ནི། །བཀའ་སྩལ་ཡི་གེར་སྤྲིངས་པ་ཙན་དན་གྱི། །སྐྱེས་ཀྱི་རྟེན་ལ་རྒྱ་ཡིས་བཏབ་པ་འཕྲོད། །དེ་ཚེ་མིག་ལ་བདེ་བའི་དཔལ་བྱིན་པས། །ཡིད་ཀྱི་ཤིང་རྟ་དགའ་བའི་རླུང་གིས་ནི། །བསྐྱོད་པས་དྲངས་པའི་སྙན་ཚིག་མེ་ཏོག་ཕྲེང་། །མགྲིན་པའི་ལམ་ནས་འཐོར་བ་འདི་ལྟར་རོ། །རྒྱལ་བའི་དམ་ཆོས་འཛིན་པའི་རྒྱལ་སྲས་མཆོག །དགོངས་པ་གསལ་དང་དེ་སྲས་ཐུ་བོ་ནི། །ཡེ་ཤེས་རྒྱལ་མཚན་ཞེས་བྱས་ས་ཕྱོགས་དེར། །སྔོན་ཆད་བསྟན་པ་ཤིན་ཏུ་རྒྱས་མཛད་ནའང་། །དུས་ཀྱི་དབང་གིས་ཤིན་ཏུ་ཉམས་པར་གྱུར། །ཚུལ་དེ་གཟིགས་ནས་བསྟན་པ་སྤེལ་སླད་དུ། །བཀའ་ཉན་གདུལ་བྱ་གཞུང་ལུགས་ཆེན་པོ་ལ། །སྦྱོར་བའི་ཐུགས་ཁུར་བསྣམས་ཞེས་གླེང་བ་ཐོས། །ཚུལ་དེར་ད་དུང་གཞོལ་བར་མཛད་པ་ལ། །བདག་འདྲས་བསྐུལ་ལ་ལྟོས་པ་ཅི་ཞིག་ཡོད། །རྣམ་དག་ཁུར་ཆེན་ཁྱེར་བ་བར་མ་དོར། །མི་འདོར་མཐར་ཕྱིན་དམ་པ་རྣམས་ཀྱི་ལུགས། །ཉིད་སྐུ་བསོད་ནམས་ཞིང་དུ་ཞབས་བརྟན་ཞིང་། །རྣམ་པར་དཀར་བའི་མཛད་པ་རྒྱས་པའི་ཐབས། །རྟེན་འབྲེལ་ཟབ་མོ་དུ་མའི་སྒོ་ནས་ནི། །སྒྲིག་ལ་བརྩོན་པ་ཆེས་ཆེར་མཛད་པར་ཞུ། །ཞེས་ཟླ་བ་བདུན་པའི་ཚེས་བཅོ་ལྔ་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་ཕུལ་བའི་སྐྱེས་ཀྱི་མཚོན་པར་སྣམ་ཕྲུག་ངུར་དམར་སྣ་ཚང་བ་ལེགས་པ་གཅིག་ལ་ཐེལ་ཚེ་འདི་འབྱར་བ་འབུལ། ཞེས་པ་རྗེ་རིན་པོ་ཆེས་བྱང་བླ་མའི་ཞུ་ཡིག་གི་ལན་དུ་མཛད་པའོ། །
       ཐུགས་རྗེའི་ཟེགས་མའི་ཆ་ཤས་ཞུགས་པས་ཀྱང་། །གསུང་རབ་རོ་མཆོག་མྱོང་བའི་དཔལ་སྟེར་བ། །འཇམ་དབྱངས་བླ་མའི་རྣམ་དཀར་འཕྲིན་ལས་ཀྱིས། །རྣམ་དཔྱོད་ལྡན་པའི་བུ་ཁྱོད་རྒྱལ་གྱུར་ཅིག །རྒྱ་བལ་བོད་ཀྱི་མཚམས་གནས་སྐྱིད་པའི་གྲོང་། །རང་བྱོན་འཕགས་པས་བྱིན་བརླབས་ས་ཡི་ཕྱོགས། །དེར་ནི་མགྲན་ཟླ་བྲལ་བའི་བཤེས་གཉེན་མཆོག །རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རེད་མདའ་པའི། །ཞབས་ཀྱི་དྲུང་ན་ཉེར་གནས་མང་ར་བ། །སྡོམ་བརྩོན་མང་ཐོས་ཡོན་ཏན་རྒྱལ་མཚན་གྱིས། །དོན་ལྡན་སྙན་པའི་འཕྲིན་ཡིག་སྤྲིངས་པ་ཡིས། །བདག་གི་ཡིད་ནི་རབ་ཏུ་མགུ་བར་བྱས། །ལེགས་བཤད་ཚོལ་ལ་སྙིང་སྟོབས་མི་དམན་པའི། །དཔའ་ཁྱོད་དམ་པ་ལས་འོངས་ལེགས་བཤད་གཏམ། །སྔོན་མེད་འགའ་ཞིག་རྙེད་ཅིང་ད་དུང་ཡང་། །མདོ་སྔགས་གཏམ་གྱི་སྙིང་པོ་འགའ་ཡི་ཕྱིར། །དེ་ན་རིང་དུ་སྡོད་ཅེས་སྨྲ་བ་ལེགས། །ཅི་ཕྱིར་ཞེ་ན་གསུང་རབ་གནད་ཀྱི་དོན། །ཇི་བཞིན་ངེས་ནས་ཞི་བའི་ནགས་སུ་ནི། །ཚུལ་བཞིན་སྒྲུབ་ལས་ཡ་མཚན་གཞན་མེད་ཕྱིར། །དེ་ནས་ཁ་ཆེ་བལ་པོར་ལེགས་སྦྱར་སྐད། །སློབ་ཏུ་འགྲོ་ཞེས་སྨྲ་བ་སེམས་ཅན་གྱི། །ཁམས་རྣམས་དུ་མ་ཡིན་པས་དེ་ཙམ་གྱི། །དབང་དུ་གཏོང་ན་དེ་ལ་སུས་ཅི་བྱ། །དེ་ལྟ་མིན་ན་དོན་ཆེན་བསྒྲུབ་པའི་ལམ། །ཡལ་བར་དོར་ནས་དོན་ཆུང་ལྷུར་ལེན་པ། །དགག་བྱ་ཆེ་ལ་དགོས་པ་ཆུང་བའི་གནས། །བློ་གྲོས་མ་སྦྱངས་པས་ཀྱང་རིང་དུ་འདོར། །བདག་ཀྱང་དགེ་ལྡན་རི་བོའི་ངོས་ཡངས་སུ། །རྣམ་གཡེང་དོར་ནས་དབེན་པའི་རོ་མྱང་ཞིང་། །མདོ་སྔགས་ལམ་གྱི་མཐར་ཐུག་གནས་རྣམས་ལ། སྒོམ་པའི་རྩོལ་བས་གློ་བ་དགའ་ཞིང་མཆིས། །དཔལ་ལྡན་བླ་མ་བདེ་ཞིང་དགྱེས་པར་སྤྱོད། །ཟབ་མོའི་དགེ་བའི་སྦྱོར་བ་འཕེལ་ཞེས་པས། །ཡིད་ལ་དགའ་བསྐྱེད་རིང་པོར་མ་ཐོགས་པར། །ཞུ་བའི་འཕྲིན་ཡིག་སྤྱན་སྔར་འབུལ་བར་ཡོད། །རིགས་པའི་ལམ་ལ་བྱང་བའི་བློ་མཆོག་དང་། །གསུང་རབ་གདམས་པར་ཤར་བའི་ཉམས་ལེན་དང་། །ཚིག་སྦྱོར་ཚུལ་ལ་མཁས་པའི་ངག་གི་དཔལ། །ས་སྟེང་འདི་ན་རིན་ཆེན་རྣམ་གསུམ་སྣང་། །ཡོན་ཏན་དུ་མའི་གཏེར་འཛིན་པས། །རྒྱལ་མཚན་ཏོག་ལྟར་མངོན་མཐོ་བ། །ཁྱོད་ཀྱིས་མངོན་པར་འདོད་པའི་དོན། །ཐམས་ཅད་ཡིད་བཞིན་གྱུར་ཞིག་གུ། །ཞེས་ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་འབྲོག་རི་བོ་ཆེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས། །བློ་བཟང་གྲགས་པའི་དཔལ་གྱིས་སྨྲས་པ་དགེ་ལེགས་སུ་གྱུར་ཅིག

                                             རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn
 

 

བརྒྱུད་འགོད།