ཚ་ཁོ་བ་མཁས་ཆེན་ངག་དབང་གྲགས་པའི་འཕྲིན་ཡིག་གི་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 16:11:39     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

 880715245380211505.jpg

          ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ཀུན་གྱི་མ་འདྲིས་མཛའ་བཤེས་ཏེ། །བླ་ན་མེད་པའི་གྲོགས་ཀྱི་ཕུལ། །ཕོངས་པ་རྣམས་ཀྱི་གཉེན་གཅིག་པུ། །ཟླ་མེད་སྟོན་པ་དེར་ཕྱག་འཚལ། །དེ་ཡི་བསྟན་པ་གཅིག་པུ་ཉིད། །འགྲོ་བའི་ཉེར་འཚོར་མཐོང་གྱུར་པ། །དེ་ཡིས་རང་གི་སློབ་མ་ལ། །བརྩེ་བའི་བསམ་པས་འདི་སྐད་གླེང་། །སྐྱེ་དགུ་རྣམས་ཀྱི་ཕན་བདེའི་གཏེར། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས། །ཡོངས་སུ་འཛིན་ལ་མ་ཞུམ་པ། །བུ་ཁྱོད་རིང་དུ་རྒྱལ་གྱུར་ཅིག །བློ་ལྡན་ཁྱོད་ཀྱིས་ཐུབ་བསྟན་ཉི་མའི་འོད། །གང་དང་བྲལ་བའི་མཐའ་འཁོབ་མུན་གླིང་དུ། །ཐུབ་པའི་བརྟུལ་ཞུགས་དྲི་མེད་འཛིན་པ་ཡི། །ཤཱཀྱའི་སྲས་ཀྱིས་གང་བར་བྱས་ཞེས་གྲགས། །ཚུལ་དེ་གསལ་བར་བྱེད་པའི་འཕྲིན་ཡིག་ནི། །དོན་བཟང་ཚིག་འབྲུ་བཟང་པོ་སྐྱེས་དང་བཅས། །ཉིད་ཀྱི་དྲིན་གྱིས་ཁྱིམ་ནས་མངོན་བྱུང་བ། །འགའ་ཡིས་བདག་གི་གམ་དུ་ཕྱིན་པར་བྱས། །དེ་ཚེ་བདག་ཡིད་ཤིང་བལ་ནི། །ཉིད་ཀྱི་ཀུན་སྤྱོད་སྐྱོན་མེད་པའི། །དྲི་ཡི་བཞོན་པས་དབང་བྱས་པས། །ཕྱོགས་དེར་ཀུན་ཏུ་སོང་བར་གྱུར། །རྒྱལ་བའི་གསུང་རབ་མ་ལུས་སྡེ་སྣོད་གསུམ། །དེ་ཕྱིར་བསྟན་པའི་སྙིང་པོ་བསླབ་པ་གསུམ། །དེ་དག་ཐོག་མ་ཚུལ་ཁྲིམས་བསླབ་པ་སྟེ། །དེ་ཡི་གནས་ནི་འདུལ་བ་ཡིན་པར་གསུངས། །དེ་ཕྱིར་ལེགས་པར་གསུངས་པའི་དམ་པའི་ཆོས། །འདུལ་བའི་ཚུལ་ལ་མང་པོ་བཀོད་པ་ལ། །བསྟན་པའི་གོ་རིམ་ཤེས་པའི་མཁས་པ་རྣམས། །ཅི་ཡི་ཕྱིར་ན་དགའ་བ་སྐྱེ་མི་འགྱུར། །ལྷག་མཐོང་ཤེས་རབ་བསླབ་པ་སྐྱེ་བ་ལ། །ཞི་གནས་ཏིང་འཛིན་དགོས་པའི་མིང་ཙམ་སྣང་། །འདི་ན་རྣམ་དག་ཏིང་འཛིན་སྐྱེ་བ་ལ། །ཚུལ་ཁྲིམས་བསླབ་པ་དགོས་པའི་གཏམ་ཡང་ནུབ། །ཁས་ལེན་ཙམ་ལ་རབ་ཏུ་དཔའ་བ་ཡིས། །དམ་བཅས་རབ་ཏུ་འདོར་བ་ཕལ་བའི་ཕལ། །རང་གིས་ཅི་ཙམ་ཁས་ལེན་བྱས་པ་ཡི། །ཚུལ་ཁྲིམས་བསླུང་ལ་བརྩོན་པ་དམ་པའི་ཚུལ། །དེ་ལྟར་མཐོང་ནས་ཉེས་པའི་སྒོ་གསུམ་ལ། །ཡང་དང་ཡང་དུ་རྟོག་པའི་ཤེས་བཞིན་དང་། །དྲན་དང་བག་ཡོད་ངོ་ཚ་ཁྲེལ་ཡོད་ཀྱིས། །ལོག་པའི་ལམ་དུ་ཞུགས་པའི་དབང་པོའི་རྟ། །འབད་པས་འདུལ་བར་བྱེད་པ་དེ་ཡི་ཡིད། །དགེ་བའི་དམིགས་པ་གང་གང་འདོད་དེ་ལ། །དེ་ལྟ་དེ་ལྟར་རབ་ཏུ་གནས་པར་གྱུར། །དེ་ཕྱིར་ཚུལ་ཁྲིམས་ཏིང་འཛིན་རྒྱུ་རུ་བསྔགས། །ཚུལ་ཁྲིམས་དྲི་མའི་རྙོག་པ་དང་བྲལ་ཞིང་། །དགེ་བའི་དམིགས་པ་རྣམས་ལ་མི་གཡོ་ན། །དེ་ལ་བདག་མེད་དེ་ཉིད་རབ་ཏུ་གསལ། །དྭངས་ཤིང་མི་གཡོའི་ཆུ་ལ་ཟླ་གཟུགས་བཞིན། །དེ་ལྟར་བསླབ་པ་གསུམ་གྱི་ལམ་གྱི་གནད། །ཡོངས་སུ་རྫོགས་པར་ཤེས་པ་སྡེ་སྣོད་གསུམ། །ཤེས་པ་ཉིད་ལ་རག་ལས་དེ་ཡི་ཕྱིར། །མཁས་པ་བསྟེན་ནས་སྡེ་སྣོད་གསུམ་ལ་བསླབ། །བསླབས་པའི་དགོས་པ་སྒྲུབ་པ་ཉིད་ཡིན་ཞེས། །སྨྲ་བའི་དམ་པས་ལན་ཅིག་མིན་པར་གསུངས། །དེ་ཕྱིར་ཅི་ཙམ་ཤེས་པ་དེ་ཙམ་ནས། །ཕྱི་བཤོལ་མི་བྱ་འཕྲལ་ལ་ལག་ཏུ་བླང་། །དེ་དག་ནི་ཚུལ་ཁྲིམས་ལམ་གྱི་རྩ་བར་འགྱུར་བའི་རྒྱུ་མཚན་མདོ་ཙམ་བཀོད་པ་ཡིན་པས་དེ་དག་ལ་གཅེས་པར་བཟུང་ནས་ཡང་དང་ཡང་དུ་ཆེད་མཛོད། ཁྱོད་ཀྱིས་མཐའ་འཁོབ་མི་བཟད་པ་དེར། རབ་ཏུ་བྱུང་བ་མང་པོའི་སྡེ་བཙུགས་ཤིང་འདུལ་བའི་བཤད་པ་ཡང་བྱེད་པར་ཡོད་གདའ་བ་ཤིན་ཏུ་ལེགས་པ་ཡིན། སྡོམ་པ་ལེན་པ་ལ་གཙོ་བོར་བྱས་ནས་བསྲུང་བ་དང་། ཕྱིར་འཆོས་པའི་ལག་ལེན་མ་ཚུགས་ན། ཚུལ་ཁྲིམས་དག་པོ་འོད་ཐབས་མེད་པས། ད་དེར་ཉེས་པ་རྣམས་ངོ་ཤེས་པར་བྱས་ནས་ལེགས་པར་བསྲུང་བ་ཞིག་དང་། མི་ཤེས་པ་ལ་སོགས་པའི་རྒྱུ་བཞིས་བཅས་པའི་མཚམས་ལས་འདས་ན། བཤགས་བསྡོམ་བྱེད་པའི་ཕྱིར་བཅོས་ཀྱི་ལག་ལེན་ཅིག་ཅི་ནས་ཀྱང་ཚུགས་པ་གྱིས་ལ་ལྟུང་བ་བྱུང་བ་ལ་ཇི་མི་སྙམ་པར་འཇོག་པར་མ་བྱེད་པར་ནམ་བྱུང་རེས་ཀྱིས་ཕྱིར་བཅོས་གྱིས་དང་། ངོ་ཚ་ཁྲེལ་ཡོད་དྲན་ཤེས་བཞིན་སོགས་སྐྱེས་ནས་ཚུལ་ཁྲིམས་ཡོངས་སུ་དག་པར་འགྱུར་བ་ཡིན། དེ་ལ་ཡང་སྤྱིར་དགེ་བ་དང་མི་དགེ་བ་ལས་ཕན་ཡོན་འབྱུང་བར་གསུངས་པ་རྣམས་བྲང་ཁ་འདིངས་པ་ལྟ་བུ་དང་། ཉེས་དམིགས་འབྱུང་བར་གསུངས་པ་རྣམས་བསྡིགས་བསྐུར་བ་ལྟ་བུར་མི་འཛིན་པར་གཏིང་ཐག་པ་ནས་ངེས་པ་འདྲོངས་པ་ཞིག་དང་། ཁྱད་པར་དུ་ཚུལ་ཁྲིམས་བསྲུངས་པ་དང་མ་བསྲུངས་པའི་ཕན་ཡོན་དང་ཉེས་དམིགས་མང་དུ་བསྒོམས་ནས་ངེས་པ་རྙེད་པ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱས་ན་གཞན་ངོའམ་རྙེད་བཀུར་གྱི་ཕྱིར་དུ་བསྲུང་བ་ཞིག་འོང་བས་གནད་དུ་མི་འགྲོ། དེ་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་གེགས་ནི་ཚེ་འདིའི་བྱ་བ་ལྷུར་ལེན་པ་ཡིན་ལ། དེ་ཡང་ཚེ་འདིར་རིང་དུ་སྡོད་པར་མཐོང་བ་ལས་ཡིན་ཞིང་། དེའི་གཉེན་པོར་གང་ལས་ཀྱང་འཆི་བ་དྲན་པ་ཟབ་པ་ཡིན་པས་འཆི་བ་ཡང་ཡང་དུ་བསྒོམ་དགོས་པ་ལགས། མདོར་ན་ལས་འབྲས་མི་སླུ་བ་ཐམས་ཅད་མཁྱེན་པའི་ཁྱས་ཆོས་ཡིན་པས། དྲན་པ་ཉེར་གཞག ལས་བརྒྱ་པ། རྟོགས་བརྗོད་བརྒྱ་པ། མཛངས་བླུན། ལུང་གི་རྒྱུད་གླེང་རྣམས་དང་། གཞན་ཡང་མདོ་དང་སྟན་བཅོས་མང་དུ་བལྟས་ནས་ལས་འབྲས་ལ་ངེས་པ་ཅི་བརྟན་བྱས་ཏེ། ངན་པའི་ལས་སྔར་བསགས་པ་རྣམས་སྟོབས་བཞིས་འདག་ངེས་སུ་སྦྱོང་བ་དང་། གསར་དུ་འཇུག་པའི་སྒོ་རྣམས་འཕྲོ་ཆོད་ངེས་སུ་སྡོམ་པ་དང་། བཟང་པོའི་ལས་སྔར་བྱས་རྣམས་སྨོན་ལམ་རླབས་པོ་ཆེས་རྒྱ་ཆེར་སྤེལ་བ་དང་། སྔར་མ་སྐྱེས་པ་རྣམས་ཕྱོགས་རེས་ཙམ་གྱིས་ཆོག་ཤེས་མི་བྱ་བར་སྒོ་སྣ་ཚོགས་ནས་བསྐྱེད་དགོས་པ་ཡིན། དེ་དག་ཅི་འདྲ་ཞིག་བྱེད་ཀྱང་དངོས་སམ་ཆ་མཐུན་ཙམ་ཡིན་ཀྱང་བླའི། བྱང་ཆུབ་ཀྱི་སེམས་ཤིག་གིས་ཟིན་པར་བྱས་ནས་བྱེད་པ་གནད་དུ་ཆེ་བ་ལགས། རྒྱལ་བས་མདོ་རྒྱུད་དུ་མར་བསྔགས་པའི་སྟོང་པ་ཉིད་ཀྱི་ལྟ་བ་ནི་མཚན་མར་འཛིན་པའི་དམིགས་གཏད་ཐམས་ཅད་འཇིག་པས། ཡོད་པ་དང་མེད་པའི་མཐའ་སྤོང་ལ། ལས་དང་འབྲས་བུ་ལ་ངེས་པ་གཏིང་ནས་རྙེད་པའི་གྲོགས་བྱས་ནས། དགེ་མི་དགེ་ཕྲ་མོ་ནས་འདོར་ལེན་བྱེད་པས་ཡོད་པ་དང་ཆད་པའི་མཐའ་སྤོང་བ་ཞིག་ཡིན་ན། སེམས་ཅན་ཕལ་ཆེར་ཡང་ན་ནི་སྟོང་པ་གཤིས་ལ་གྲུབ་པའི་རྟག་པ་དང་། ཡང་ན་ནི་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་འཇིག་པའི་ཆད་པར་འཛིན་པ་ཞིག་འོང་བས་ཤིན་ཏུ་རྟོགས་པར་དཀའ་ཞིང་། རྟོགས་ནའང་སྟོན་པའི་སྣོད་དུ་གྱུར་པ་ཤིན་ཏུ་ཉུང་། དེ་བས་ན་གནས་འདི་ལ་མོས་ན་ནི། དེ་རྟོགས་པའི་རྒྱུ་བསག་སྦྱང་དང་། སྨོན་ལམ་མང་དུ་བྱ་ཞིང་དེ་ལ་མཁས་པའི་བཤེས་གཉེན་བསྟེན་པ་དང་། དེའི་གཞུང་ལ་འདྲིས་པར་བྱ་ཞིང་། ཅུང་ཟད་ཙམ་ལ་ཆོག་ཚོད་མི་གཟུང་བར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་ཞིབ་པར་བྱ་སྟེ་འཚོལ་དགོས་པ་ཡིན། དེ་ལྟར་ན་བཤད་མ་ཐག་པ་རྣམས་ཀྱི་དོན་སྒོམ་པ་དང་འཆད་ཉན་སྤེལ་མར་མཛད་ན་གོ་བའི་ངེས་པ་ཆེར་འགྲོ་བ་དང་། ཉོན་མོངས་ཀྱི་གཉེན་པོར་འགྲོ་བ་གཉིས་ཀ་འོང་བ་ལགས་པས་དེ་བཞིན་དུ་བགྱིད་པར་ཞུ། གཅིག་ཏུ་བདེ་གཤེགས་བསྟན་ལ་གུས། །རྣམ་དཔྱོད་ནུས་པ་མི་དམན་ཞིང་། །སྐྱེས་བུ་ཆེན་པོའི་རྗེས་སུ་སློབ། །བློ་ལྡན་ངག་དབང་གྲགས་པ་ཁྱོད། །ཁོ་བོས་སྨྲས་པའི་རྗེས་སུ་ཞུགས་ཤིག་དང་། །ཚེ་རབས་ཀུན་ཏུ་སྤྱོད་དང་སྨོན་ལམ་ཀུན། །མཚུངས་པར་སྤྱད་དེ་ནམ་ཞིག་སངས་རྒྱས་ཚེ། །བདུད་རྩིའི་བགོ་བཤའ་ཐོག་མར་སྦྱིན་པར་བྱ། །ཞེས་པ་འདི་ནི་ཡང་དག་པའི་དགེ་བའི་བཤེས་གཉེན་ཚ་ཁོ་བ་མཁན་ཆེན་ངག་དབང་གྲགས་པས། ཤར་རྒྱལ་མོ་རོང་དུ་སྔོན་མེད་པའི་རབ་ཏུ་བྱུང་བའི་སྡེ་ཁྱད་པར་ཅན་བཙུགས་ནས་ཕྲིན་ཡིག་སྤྲིངས་བྱུང་བའི་ལན་དུ་མང་དུ་ཐོས་པའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས། ཨེའི་ས་ཕྱོགས་དབེན་གནས་ཏེའུ་ར་ནས་སྤྲིངས་པ་དགེ་ལེགས་སུ་གྱུར་ཅིག

                                               རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།