གཉེན་པོ་སྟོབས་བཞིའི་ཆོ་ག་གོ་བདེར་བླང་བ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 12:23:57     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      331751234568684522.jpg

         རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་དག་ན་གནས་སྐབས་དང་། །མཐར་ཐུག་བདེ་ལེགས་ཐམས་ཅད་ནི། །བདེ་བླག་ཉིད་དུ་འགྲུབ་འགྱུར་བའི། །སྡིག་པ་དག་པའི་ཆོ་ག་བཤད། །ཆོས་བཞི་བསྟན་པའི་མདོ་ལས། སྟོབས་བཞི་དང་ལྡན་ན་བྱས་ཤིང་བསགས་པའི་སྡིག་པ་ཐམས་ཅད་འདག་པར་གསུངས་པས་ལས་ཀྱི་སྒྲིབ་པ་སྦྱང་བར་འདོད་པས་ནི་གཉེན་པོ་སྟོབས་བཞི་ལ་འབད་པར་བྱའོ། །དེ་ལ་རྟེན་གྱི་སྟོབས་མཐར་གསུངས་ཀྱང་ཉམས་སུ་བླང་བའི་རིམ་པ་ལ་སྔོན་དུ་བླངས་ན་བདེ་ལ། དེ་དག་བྱ་བའི་རིམ་པ་ནི་འདིའོ། །ཐོག་མར་གནས་ཤིན་ཏུ་གཙང་བར་དཀོན་མཆོག་གི་རྟེན་མང་དུ་དགྲམ་ལ། དེ་དག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་ཡིན་སྙམ་པའི་འདུ་ཤེས་བཞག་དེ་རྣམས་ཀྱི་སྤྱན་སྔར་མཆོད་པ་བཟང་ལ་མང་བ་བཀོད་པ་མཛེས་པར་བཤམས་པ་བློས་དཔག་ཏུ་མེད་པར་སྤྲུལ་ནས་མཆོད། དེ་ནས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟ་ལ་ཐུག་གི་བར་དུ་དུག་གསུམ་གྱིས་ཀུན་ནས་བསླང་བའི་སྒོ་གསུམ་གྱི་སྡིག་པ་རང་གིས་བྱས་པ་དང་། གཞན་ལ་བྱེད་དུ་བཅུག་པ་དང་། གཞན་གྱིས་བྱས་པ་ལ་རྗེས་སུ་ཡི་རང་བ་བགྱིས་པ་རྣམས་ཀྱིས། སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་སོང་གསུམ་གྱི་སྡུག་བསྔལ་དྲག་ལ་ཡུན་རིང་བ་བསྐྱེད་པའི་ཚུལ་ཡང་ཡང་བསམས་ལ་ཤིན་ཏུ་འཇིགས་པའི་ཡིད་ཀྱིས། དགྲས་གཙེས་པའི་ཁ་ཉེན་པོ་སྟོབས་ཅན་ལ་སྐྱབས་མཆི་བ་བཞིན་དུ། དཀོན་མཆོག་གསུམ་ལ་སྐྱབས་འཆའ་བའི་བསམ་པ་དྲག་པོ་བསྐྱེད་ལ་ངག་ཏུ་འདི་སྐད་བརྗོད་དོ། །གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡིས་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང་། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལ་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་སྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཞིར་འབྱེར་བྱེད་པའི། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱོད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱོད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་ལན་གསུམ་བརྗོད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྲན་དུ་བདག་ཉིད་ཕུལ་ནས་དེ་དག་གི་སྐྱབས་འོག་ཏུ་ཚུད་པར་བྱ། དེ་ནས་ལས་ཀྱི་སྒྲིབ་པའི་འབྲས་བུ་མི་འདོད་བཞིན་དུ་ཉམས་སུ་མྱོང་བའི་སེམས་ཅན་མཐའ་ཡས་པ་རྣམས་དྲན་པར་བྱས་ནས། བདག་གི་མར་གྱུར་པའི་སེམས་ཅན་འདི་དག་ཐམས་ཅད་བདེ་བ་ཐམས་ཅད་དང་ལྡན་པར་བྱ། སྡུག་བསྔལ་ཐམས་ཅད་དང་བྲལ་བ་ངེས་པར་བདག་གིས་བྱའོ། །དེའི་ཕྱིར་དུ་བདག་གིས་བླ་ན་མེད་པའི་སངས་རྒྱས་ཀྱི་གོ་འཕང་ཅི་ནས་ཀྱང་མྱུར་དུ་ཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་ཡིད་ལ་དུངས་དུངས་པ་མང་དུ་བསྐྱེད་དེ། དེ་གཉིས་ནི་རྟེན་གྱི་སྟོབས་སོ། །དེ་ནས་བདག་གིས་བགྱི་བར་མི་འོས་པ་འདི་དང་འདི་དག་བྱས་པ་ཐམས་ཅད་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་མི་གསང་བར་བསྒྲག་པར་བྱའོ་སྙམ་དུ་བསམས་ལ། ཉེས་པ་ཐམས་ཅད་བསྒྲག་ཅིང་རང་ཉིད་ཉེས་ཅན་དུ་ཁས་བླང་བའི་སྒོ་ནས་སྨོད་པའི་རྣམ་པ་ཅན་གྱི་རྣམ་པར་སུན་འབྱིན་པའི་སྟོབས་སྒོམ་པ་ནི་ཚིགས་སུ་བཅད་པ་འདི་དག་བརྗོད་ལ་བྱ་སྟེ། སངས་རྒྱས་རྐང་གཉིས་ལྡན་པ་དག །ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདག་གིས་སྔོན་ཆད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །ཕ་མ་དག་ཏུ་མི་འཛིན་དང་། །སངས་རྒྱས་རྣམས་སུ་མི་འཛིན་དང་། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱིས་དང་། །ཕྱུག་པའི་རྒྱགས་པས་དྲེགས་པ་དང་། །རིགས་དང་ལོངས་སྤྱོད་དྲེགས་པ་དང་། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཉེས་པ་དམིགས་སུ་མ་མཐོང་བས། །ཉེས་པར་བགྱིས་པའི་ལས་དང་ནི། །ཉེས་པར་བསམས་ཤིང་ཉེས་སྨྲས་པའི། །སྡིག་ལས་བདག་གིས་གང་བགྱིས་དང་། །བྱིས་པའི་བློ་ཡི་འཇུག་པ་དང་། །མི་ཤེས་མུན་པའི་སེམས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང་། །ཉོན་མོངས་རྣམ་པར་འཁྲུག་སེམས་དང་། །རྩེད་མོ་དགའ་བའི་དབང་ཉིད་དང་། །མྱ་ངན་དང་ནི་ནད་དབང་དང་། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །འཕགས་མིན་སྐྱེ་བོ་འདྲེ་བ་དང་། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །ཕོངས་དང་རྒུད་པའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱིས་འཇིགས་རྒྱུ་དང་། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །གཡོ་བའི་སེམས་ཀྱི་དབང་ཉིད་དང་། །འདོད་དང་ཁྲོ་བའི་དབང་དག་དང་། །བཀྲེས་དང་སྐོམ་པས་ཉེན་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང་། །བཟའ་བ་དག་དང་བཏུང་བ་དང་། །བུད་མེད་རྒྱུུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བགྱིས་དང་། །ལུས་དང་ངག་དང་ཡིད་ཀྱི་སྡིག །ཉེས་པར་སྤྱད་པ་རྣམ་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །སངས་རྒྱས་རྣམས་དང་ཆོས་རྣམས་དང་། །དེ་བཞིན་ཉན་ཐོས་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང་། །གུས་པ་མ་ལག་བགྱིས་པ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །དམ་ཆོས་སྨྲ་བ་རྣམས་ལ་ཡང་། །གུས་པ་མ་ལགས་བགྱིས་པ་དང་། །ཆོས་ལའང་གུས་པ་མ་བགྱིས་པ། །དེ་དག་ཐས་ཅད་བདག་འཆགས་སོ། །བདག་གིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤོང་བ་དང་། །ཕ་མ་རྣམས་ལ་མ་གུས་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །བླུན་པོ་དང་ནི་བྱིས་པ་དང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་དྲེགས་པས་བསྒྲིགས་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །བདག་གིས་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་བགྱི། །བདག་གིས་ཕྱོགས་བཅུའི་སེམས་ཅན་རྣམས། །སྡུག་བསྔལ་ཀུན་ལས་གདོན་པར་བགྱི། །སེམས་ཅན་བསམ་གྱིས་མི་ཁྱབ་ཀུན། །ས་བཅུ་ལ་ནི་འགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང་། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག །ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་ཐར་བགྱིད་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་འདི། །སེམས་ཅན་དེ་དག་བསྟན་པར་བགྱི། །གང་གིས་བསྐལ་པ་སྟོང་རྣམས་སུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །གང་གི་ལས་ཀྱི་སྒྲིབ་པ་རྣམས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡིས། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་བསྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང་། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསམ་ཡས་ཀྱིས། །ཐམས་ཅད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣམས་དང་། །གཟུངས་རྣམས་བསམ་གྱིས་མི་ཁྱབ་དང་། །དབང་སྟོབས་བྱང་ཆུབ་ཡན་ལག་གིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣམས། །བདག་ལ་རྣམ་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣམས་སུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེམས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པ་ལས་ལ་འཇིགས་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་གྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །བདག་ནི་གང་དུའང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་བཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་སོལ། །སངས་རྒྱས་རྣམས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །སྔོན་ཆད་བདག་གིས་གང་བགྱིས་དང་། །དེ་ལྟར་བདག་གིས་སྡིག་པ་གང་། །དེ་དག་ཐམས་ཅད་བདག་འཆགས་སོ། །ནོངས་པར་བགྱིས་པའི་ལས་རྣམས་ཀུན། །སླན་ཆད་མི་བགྱི་སྡོམ་པར་བགྱི། །བདག་གིས་ནོངས་པ་བགྱིས་པ་གང་། །སྡིག་དེ་བཅབ་པར་མི་བགྱིའོ། །ལུས་ཀྱི་ལས་ནི་རྣམ་གསུམ་དང་། །ངག་གི་རྣམ་པ་བཞི་དག་དང་། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་འཆགས་སོ། །ལུས་ཀྱིས་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང་། །ལས་རྣམས་བཅུ་པོ་བགྱིས་པ་དག །དེ་དག་ཐམས་ཅད་བདག་འཆགས་སོ། །མི་དགེ་ལས་བཅུ་སྤངས་ནས་སུ། །དགེ་བ་བཅུ་པོ་བསྟེན་བགྱི་སྟེ། །ས་བཅུ་ལ་ནི་བདག་གནས་བགྱི། །སྟོབས་བཅུ་མཆོག་ཏུ་གྱུར་པར་བགྱི། །བདག་གི་སྡིག་པའི་ལས་གང་དག །མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུའི་གླིང་འདིར་གང་དག་དང་། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་པ། །དེ་དག་ཀུན་ལ་ཡི་རང་ངོ་། །ལུས་དང་ངག་དང་ཡིད་ཀྱིས་ཀྱང་། །བདག་གིས་བསོད་ནམས་གང་འགྲུབ་པ། །བདག་ནི་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱིད། །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང་། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང་། །སྡིག་པའི་གྲོགས་དང་ཕྲད་པའི་ཉམ་ང་དང་། །སྲེད་པ་ཉམ་ང་འདོད་ཆགས་ཉམ་ང་བར། །ཞེ་སྡང་ཉམ་ང་གཏི་མུག་ཉམ་ང་དང་། །དལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང་། །བསོད་ནམས་བསྒྲུབ་པ་ཉམ་ང་དག་གི་ཀྱང་། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་གསེར་འོད་དམ་པ་ནས་གསུངས་པ་འདི་ཡིད་གཞན་དུ་མ་ཡེངས་པར་དེ་དག་རེ་རེ་ནས་ཀྱི་དོན་དྲན་བཞིན་པའི་ངང་ནས་རང་གིས་ཉེས་པ་བྱས་པ་དེ་དག་ལ་འགྱོད་ཅིང་གནོངས་པའི་སྒོ་ནས་སངས་རྒྱས་སྲས་བཅས་མངོན་སུམ་དུ་བཞུགས་པའི་མདུན་དུ་ཉེས་པ་རྣམས་བསྒྲག་པ་ལན་གསུམ་དུ་བྱའོ། །དེ་ནས་ཉེས་པ་ལས་སླར་ལྡོག་པའི་སྟོབས་མེད་ན་བཤགས་པ་སྟོབས་ཆུང་བར་གསུངས་པས། ཉེས་པ་རྣམས་ཡིད་ལ་བྱས་ལ་འདི་དང་འདི་རྣམས་དེང་ནས་བཟུང་སྟེ་མི་བྱའོ་སྙམ་པའི་སྡོམ་སེམས་བསྐྱེད་པར་བྱ་སྟེ། དུས་རིང་པོར་སྤོང་ཐུབ་པ་རྣམས་ལ་དུས་དེ་ཙམ་དུ་མི་བྱ་བའི་བསམ་པ་དང་། དུས་ཐུང་བ་ལས་མི་ཐུབ་པ་རྣམས་ལ་ཡང་ཀཱ་ཏྱཱ་ཡ་ནས་མཛད་པ་ལྟར་ཐ་ན་ཉིན་མཚན་རེ་རེར་ཡང་མི་བྱའོ་སྙམ་པའི་སྡོམ་སེམས་མང་དུ་བྱའོ། །དེ་ནས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། རང་དང་བཤགས་ཡུལ་དང་བཤགས་པའི་ཆོ་ག་ལ་སོགས་པ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལ་སོགས་པ་བཞིན་དུ་རང་བཞིན་མེད་པའི་དོན་དྲན་པ་དང་། སྡིག་པ་དག་པའི་ཐབས་སུ་དམིགས་ལ་ཤེས་རབ་སྙིང་པོ་དང་བཟང་སྤྱོད་སོགས་ཀྱི་མདོ་སྡེ་ཟབ་མོ་གདོན་ཅིང་ཡི་གེར་འདྲི་བ་སོགས་ཀྱང་བྱ་བ་དང་། སངས་རྒྱས་བྱང་སེམས་མང་པོའི་མཚན་བརྗོད་པ་དང་། དེ་དག་ལ་མཆོད་པ་མང་དུ་དབུལ་བ་དང་ཚ་ཚ་ལ་སོགས་པའི་མཆོད་རྟེན་དང་སྐུ་གཟུགས་ཅི་གྲུབ་གསར་དུ་བཞེངས་ཤིང་རྙིང་པ་འཆོས་པ་དང་། ཡི་གེ་བརྒྱ་པ་ལ་སོགས་པའི་གཟུངས་སྔགས་ཟབ་མོ་རྣམས་གདོན་པ་སྟེ། འཕགས་པ་ཞི་བ་ལྷས་དངོས་སུ་གསུངས་པ་དྲུག་དང་གཞན་ཡང་དགེ་བའི་བྱ་བ་ལ་བརྩོན་པར་བྱའོ། །དེ་ནས་བསགས་པའི་དགེ་བ་རྣམས་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་ཁ་བསྒྱུར་ཞིང་། ནམ་ཡང་མི་ཟད་པར་བྱེད་པ་ནི་མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར་བྱ་སྟེ། དེ་ལྟར་བགྱིས་པའི་བསོད་ནམས་དང་། །བདག་གིས་བགྱིས་དང་མ་བགྱིས་གང་། །དེས་ནི་སེམས་ཅན་ཐམས་ཅད་ཀྱང་། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང་། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང་། །སྤྱོད་པ་རང་དབང་ཡོད་པ་དང་། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང་། །ལག་ན་རིན་ཆེན་ཉིད་ལྡན་ཞིང་། །ཡོ་བྱེད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང་། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་ལྡན་པ་དང་། །གཟུགས་བཟང་གཟི་བརྗིད་ཆེ་བ་དང་། །ལྟ་ན་སྡུག་ཅིང་ནད་མེད་དང་། །སྟོབས་ཆེན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་པ་དང་། །དཀོན་མཆོག་གསུམ་ལ་གཞོལ་བ་དང་། །སངས་རྒྱས་ཆོས་ནོར་ཆེར་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང་། ཉོན་མོངས་བཏང་སྙོམས་གནས་པ་དང་། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང་། །ཚོགས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང་། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་འཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང་། །གཞན་ཀུན་གྱིས་ཀྱང་རྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང་། །སེམས་ཅན་ཀུན་མཆོག་བྱམས་པ་དང་། །སེམས་ཅན་ཀུན་གྱི་བསམ་པ་དང་། །དགེ་བ་ཐམས་ཅད་རྫོགས་བགྱིད་ཅིང་། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང་། །སུ་དག་འཇིགས་པས་སྐྱོ་བ་དེ། །བདག་གི་མིང་ཙམ་ཐོས་པས་ཀྱང་། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང་། །མིང་ཙམ་ཐོས་པས་སྐྱེ་བོ་རྣམས། །རབ་དང་འཁྲུག་མེད་རྣལ་མ་དང་། །རྫོགས་པའི་བྱང་ཆུབ་ངེས་པ་དང་། །ཚེ་རབས་ཀུན་ཏུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང་། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་ཅིག་ཅར་བཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང་། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགར་གེགས་མེད་སྤྱོད་པར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལ་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་དེ་དག་གི་དོན་དྲན་བཞིན་པས་མ་ཡེངས་པར་བྱ་སྟེ། སྨོན་པའི་གནས་རྣམས་ལ་འདུན་པ་དྲག་པོ་ཉིན་རེ་བཞིན་ལན་གསུམ་གསུམ་བྱའོ། །དེ་ལྟ་བུའི་སྡིག་པ་སྦྱོང་ཐབས་ནི་ཇི་སྲིད་སྡིག་པ་དག་པའི་རྟགས་བྱུང་བྱུང་དུ་བྱ་སྟེ། རྟགས་ནི་རྨི་ལམ་ན་ཟས་ངན་པ་སྐྱུགས་པ་དང་། ཞོ་དང་འོ་མ་ལ་སོགས་འཐུང་བ་དང་། སྐྱུགས་པ་དང་། ཉི་མ་དང་ཟླ་བ་མཐོང་བ་དང་། ནམ་མཁའ་ལ་འགྲོ་བ་དང་། མེ་འབར་བ་དང་། མ་ཧེ་དང་མི་ནག་པོ་ཐུབ་པ་དང་། དགེ་སློང་དང་དགེ་སློང་མའི་དགེ་འདུན་མཐོང་བ་དང་། འོ་མ་འབྱུང་བའི་ཤིང་དང་། གླང་པོ་ཆེ་དང་། ཁྱུ་མཆོག་དང་། རི་དང་སེང་གེའི་ཁྲི་དང་ཁང་བཟངས་ཀྱི་སྟེང་དུ་འཛེགས་པ་དང་། ཆོས་ཉན་པ་རྨིས་ན་སྡིག་པ་བྱང་བར་ཤེས་བར་བྱའོ། །ཞེས་སྐུལ་བྱེད་ཀྱི་གཟུངས་ལས་བཤད་དོ། །དེ་དག་ཐུན་བཞིར་བཅད་ནས་ཉི་མ་རེ་རེ་ཞིང་རྒྱུན་ལྡན་དུ་ཡུན་རིང་པོའི་བར་དུ་བྱ་ལ། དེ་ལྟར་བྱེད་པའི་ལོང་སྐབས་མ་བྱུང་བའི་ཚེ་ཡང་ཉིན་རེ་ལ་སྟོབས་བཞི་ཚང་ཙམ་རེ་མ་ཆག་ན་སྡིག་པ་མང་པོ་འདག་པར་གསུངས་སོ། །སྡིག་པའི་གཉེན་པོ་ཡོངས་སུ་རྫོགས་པ་ནི། སྟོབས་བཞི་ཡིན་ཏེ་དེའི་ཆོ་ག་རྣམས། །རྒྱལ་སྲས་ཞི་བ་ལྷ་ཡི་རྗེས་འབྲངས་ནས། །གོ་བདེར་ལག་ཏུ་བླང་བའི་རིམ་པར་བསྒྲིགས། །ཚུལ་འདི་མངོན་མཐོའི་དཔལ་གྱིས་ཉེར་མཛེས་ཤིང་། །རྒྱལ་བའི་བསྟན་འཛིན་རྣམས་ལ་ཤིན་ཏུ་གུས། །དཔལ་འབྱོར་བཟང་པོས་གསོལ་བ་བཏབ་པའི་ངོར། །བློ་བཟང་གྲགས་པས་བྱམས་པ་གླིང་དུ་བྲིས། །དེ་ཡི་དགེ་བས་མཐའ་ཡས་འགྲོ་བ་ཡི། །ལས་སྒྲིབ་མ་ལུས་དག་པས་ཕྱི་ནང་གི། །ཉེར་འཚེ་ཀུན་དང་བྲལ་ནས་རྒྱལ་བ་ཡི། །གོ་འཕང་མཆོག་ཏུ་བདེ་བླག་བགྲོད་པར་ཤོག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག

                                           རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།