གཉལ་སྟོན་པ་རིན་ཆེན་བསམ་གྲུབ་ཀྱིས་བསྐུལ་བའི་མཛད་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 11:58:06     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     

     28710988748075794.jpg

     དགེ་བའི་བཤེས་གཉེན་པའི་ཞལ་སྔ་ནས། སྡུག་བསྔལ་ལམ་དུ་སློང་བའི་གདམས་ངག་ཉུང་བསྡུས་ཤིག་བྱུང་ན་གསུང་བ་ལ། རང་རེ་བསྟན་པའི་རྩ་ལག་ལགས་པས། གྲུབ་ཟིན་སྒྲུབ་པ་ལས་མི་འོང་མོད། འོན་ཀྱང་བཀའ་སྩལ་མི་བཅག་པའི་ཕྱིར་དུ་མདོར་བསྡུས་ཏེ་གསོལ་ན། སྡུག་བསྔལ་ལམ་དུ་སྲེལ་བ་ནི་གཉིས་ཀྱིས་རིག་པར་བྱ་སྟེ་འདི་ལྟར་སྡུག་བསྔལ་ལ་མི་འདོད་པའི་བློ་བཟློག་པ་དང་། དེ་ནས་སྡུག་བསྔལ་ལམ་དུ་སློང་བ་དངོས་སོ། །སྡུག་བསྔལ་ལ་བཟེ་རེ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ཡིད་མི་བདེ་འཕེལ་བས་འདིར་གདུང་ལ། དེ་ལ་བརྟེན་ནས་རྒྱུད་འཁྲུག་པའི་ཞེ་སྡང་འཕེལ་བས་ཕྱི་མར་འདི་བས་བསྒྲུན་དུ་མེད་པའི་གདུང་བ་བསྐྱེད་པའི་ཕྱིར། མཁས་པས་སྡུག་བསྔལ་ལ་མི་བཟོད་པའི་བློ་བསྐྱེད་པར་མི་བྱའོ་སྙམ་དུ་སེམས་ཀྱི་སྟོབས་སྐྱེད་པ་ལ་རྒྱུ་མཚན་དུ་མ་དང་བཅས་པའི་ངེས་པ་ཡང་དང་ཡང་དུ་བསྐྱེད་པར་བྱ་སྟེ། སྙིང་སྟོབས་བསྐྱེད་ན་སྡུག་བསྔལ་ཆེན་པོས་ཀྱང་གདུང་བར་མི་འགྱུར་ཞིང་། སྙིང་སྟོབས་ཆུང་ཞིང་སྡར་ན་དོན་མེད་པར་ཡང་སྡུག་བསྔལ་བར་འགྱུར་བའི་ཕྱིར་ཏེ། དཔེར་ན་དཔའ་བོ་རང་རྨས་པའི་ཁྲག་མཐོང་ན་དཔའ་བརྟན་ལྷག་པར་སྐྱེ་ཞིང་། སྡར་མས་གཞན་རྨས་པའི་ཁྲག་མཐོང་ན་བརྒྱལ་ཞིང་བོག་པར་འགྱུར་བ་བཞིན་ནོ། །ལམ་དུ་བཏང་བ་ལ་རང་ལ་ལྟོས་ཏེ་ལམ་དུ་བྱ་བ་དང་། གཞན་ལ་དམིགས་ཏེ་བྱ་བ་གཉིས་ལས་དང་པོ་ནི། དེ་ལྟར་སེམས་ཀྱི་སྟོབས་བསྐྱེད་ནས་འདི་ལྟར་སྡུག་བསྔལ་བྱུང་བ་ལ་འདི་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱི་སྟོབས་དང་ལྡན་པ་ལ་ཡོན་ཏན་འདྲེན་པའི་ཕྱིར་དགའ་བར་བྱ་བ་ཞིག་སྟེ། སྲིད་པ་ལས་ངེས་པར་འབྱུང་བའི་བསམ་པ་སྐྱེད་པ་དང་། སྐྱབས་ལ་ཡིད་བརྟན་པར་བྱེད་པ་དང་། དྲེགས་པ་སེལ་བར་བྱེད་པ་དང་སྡིག་ལ་འཛེམ་པ་དང་། དགེ་བ་ལ་དགའ་བ་དང་སེམས་ཅན་ལ་སྙིང་རྗེ་འདྲེན་པའི་ཕྱིར་རོ། །དེ་ལ་དང་པོ་ནི། ལས་དང་ཉོན་མོངས་པའི་དབང་གིས་ཇི་སྲིད་འཁོར་བར་འཁྱམས་པ་དེ་སྲིད་དུ་འདི་དང་འདི་འདྲ་བའི་སྡུག་བསྔལ་གྱིས་གནོད་པར་འགྱུར་བ་ཁོ་ན་ཡིན་པས་ཉེར་ལེན་གྱི་ཕུང་པོ་ཉིང་མཚམས་སྦྱོར་བ་ཞི་བ་བདག་གིས་ཐོབ་པར་བྱའོ། །སྲིད་པར་འཁྱམ་ཕྱིན་ཆད་སྡུག་བསྔལ་དུ་མས་གཙོ་བོ་ནི་མི་འོས་པ་ཞིག་བྱུང་བ་མ་ཡིན་གྱི་འཁོར་བའི་ངང་ཚུལ་ཡིན་ནོ་སྙམ་དུ་སེམས་པའོ། །གཉིས་པ་ནི། སྲིད་པའི་འཇིགས་པ་ལན་རེ་རེ་དང་གཉིས་གཉིས་ཙམ་མ་ཡིན་པའི་གཏིང་མཐའ་མེད་པར་འཁྱམས་ནས། འཇིགས་པ་འདི་ལྟ་བུས་སྡུག་བསྔལ་བ་ལ་སྐྱོབ་པ་ནི་སླུ་བ་མེད་པའི་དཀོན་མཆོག་གསུམ་ཉག་གཅིག་ཏུ་ཟད་པས་དེའི་ཕྱིར་སྐྱེ་བ་ཐམས་ཅད་དུ་ཅི་ལ་ཐུག་ཀྱང་དཀོན་མཆོག་གསུམ་གཏང་བར་མི་བྱའོ་སྙམ་དུ་ངེས་པར་བྱས་ནས་སྐྱབས་སུ་འགྲོ་བ་ལ་བརྩོན་པའོ། །གསུམ་པ་ནི། རང་ལ་དམིགས་པའི་ང་རྒྱལ་དང་། དེས་དྲངས་པའི་གཞན་ལ་ཁྱད་དུ་གསོད་པ་ནི། དགེ་བ་དུ་མ་འཇིག་པ་དང་ཉེས་སྤྱོད་དུ་མའི་རྟེན་ཡིན་པས་གནོད་པ་དུ་མའི་སྒོ་ཡིན་ན། བདག་སྡུག་བསྔལ་བ་འདིས་ནི་ཁེངས་པ་བཟློག་ཅིང་ཡིད་འབྱུང་བའི་གནས་སུ་མཐོང་བར་འགྱུར་བའི་ཕྱིར་ང་རྒྱལ་ཟད་པར་བྱེད་པའོ་སྙམ་པའོ། །བཞི་པ་ནི། སྡུག་བསྔལ་འདི་ལྟ་བུ་ནི་གདུང་བ་ཆེན་པོ་སྐྱེད་པར་བྱེད་ན། གང་དག་འདི་མི་འདོད་པ་དེ་དག་གིས་ནི་འདིའི་རྒྱུ་མི་དགེ་བ་སྤང་བར་བྱ་དགོས་སོ་སྙམ་ནས་སྔ་མའི་ཉེས་ལྟུང་ལ་དམིགས་ནས་སྟོབས་བཞིས་འདག་ངེས་སུ་སྦྱོང་བ་དང་། ཕྱི་མ་འཕྲོ་ཅི་ཆོད་ལ་འབད་པའོ། །ལྔ་པ་ནི། སྡུག་བསྔལ་འདི་ལྟ་བུ་དང་བྲལ་བའི་བདེ་བས་ནི་ཕན་འདོགས་པ་ཁོ་ན་ཡིན་ལ། དེའི་ཕྱིར་སྡུག་བསྔལ་ལོག་པའི་བདེ་བ་ལ་དགའ་ན་དེའི་རྒྱུ་དགེ་བ་ལ་འབད་པར་བྱའོ་སྙམ་དུ་རིག་ནས་ཚོགས་སྒོ་དུ་མ་ནས་སོག་པའོ། །དྲུག་པ་ནི། བདག་ཅི་འདྲ་བར་སེམས་ཅན་རྣམས་ཀྱང་སྡུག་བསྔལ་འདི་ལྟ་བུ་དང་འདི་ལས་ཆེས་ཆེ་བས་གདུངས་སོ་སྙམ་དུ་བལྟས་ནས་དེ་དག་ཀྱང་སྡུག་བསྔལ་ཐམས་ཅད་དང་བྲལ་ན་སྙམ་པའི་སྙིང་རྗེ་བསྐྱེད་པའོ། །གཉིས་པ་ནི། སེམས་ཅན་སྤྱི་དང་ཁྱད་པར་དུ་རང་གི་སྡུག་བསྔལ་གྱི་ཕྱི་རོལ་གྱི་རྐྱེན་དུ་གྱུར་པའི་མིའམ་མི་མ་ཡིན་པ་རྣམས་ལ་མར་སྒོམ་པ་མང་དུ་བྱས་ནས་བདག་གི་སྡུག་བསྔལ་འདིས་དེ་དག་གི་གནོད་པ་མྱོང་བ་ཐམས་ཅད་ཀྱི་གོ་ཆོད་ནས་དེ་དག་གི་གནོད་པ་རྒྱུན་ཆད་པ་དང་། བདག་གི་བདེ་ལེགས་ཐམས་ཅད་དེ་དག་ལ་གཏོང་བ་དང་། དེ་དག་གི་སྡིག་སྡུག་བདག་ལ་ལེན་པའི་གཏོང་ལེན་བཅོས་མ་ཚུན་ཆད་ཀྱིས་འབད་ནས་བསམ་པ་སྦྱོང་བ་དང་། ཀུ་ས་ལིའི་ཚོགས་སོག་གི་སྒོ་ནས་ལུས་དཔག་ཏུ་མེད་པ་སྤྲུལ་ཏེ། གང་ལ་གང་འདོད་པ་ལྟོས་པ་མེད་པར་སྟེར་བ་ཞག་རེ་ལ་ལན་མང་དུ་བྱེད་པ་དང་། དེའི་མཇུག་ཏུ་འཁོར་གསུམ་ཐམས་ཅད་རང་བཞིན་མེད་པའི་ལྟ་བས་རྒྱས་བཏབ་སྟེ་སྨོན་ལམ་རླབས་པོ་ཆེ་སེམས་ཅན་སྤྱི་དང་གནོད་བྱེད་དེ་དག་གི་དོན་དུ་བསམ་པ་ཐག་པ་ནས་འདེབས་པ་ཉིད་བསྔགས་པས་འདི་དགེ་སྦྱོར་གྱི་དངོས་གཞིར་མཛད་ནས་བསྒོམ་བཟླས་གཞན་ཐུན་མཚམས་སུ་བགྱིས་ཏེ་སྤེལ་ན་ལེགས་པར་གོ་བས་དགོངས་པར་ཞུ། དེ་ལྟར་མཛད་ན་གཞན་ལ་དགེ་བའི་འགལ་རྐྱེན་དུ་འགྲོ་བའི་སྡུག་བསྔལ་དམ་པ་ལ་གྲོགས་སུ་འོང་བས། རྐྱེན་ངན་ལམ་དུ་སློངས་པ་ལྟས་ངན་གཡང་དུ་ཁུགས་པས་བདུད་དགེ་བའི་བཤེས་གཉེན་དུ་བསྒྱུར་ཐུབ་པར་འགྱུར་བས་ལམ་དུ་ཅི་སློངས་སློངས་མཛད་ནས། དུམ་པར་སློངས་བྱུང་བ་དང་བླ་མ་དང་ཡི་དམ་དབྱེར་མེད་ལ་གསོལ་བ་འདེབས་ཤིང་། བར་ཆོད་ཀྱི་འབྱུང་པོ་ལ་གཏོར་མ་བྱིན་ནས་ད་དུང་དེ་འདྲ་བའམ་དེ་ལས་ལྷག་པ་ཐོང་ཞིག་ཅེས་གདེང་དང་ལྡན་པས། དེ་དག་གིས་རྒྱུད་མི་འཁྲུག་པར་དགེ་བའི་གྲོགས་སུ་བལྟ་བར་བྱའོ། །འདི་རྣམས་སྡུག་བསྔལ་ཆུང་རིམ་ནས་ཉམས་སུ་བླངས་ན་སྡུག་བསྔལ་ཆེན་པོ་ལ་འབྱོངས་པར་གསུངས་པས་དེ་ལྟར་དགོངས་པར་ཞུ་ཞེས་པ་འདི་ནི་ལུང་དང་རིགས་པའི་བདག་ཉིད་གཉལ་སྟོན་པ་རིན་ཆེན་བསམ་གྲུབ་ཀྱིས་རྒྱང་ནས་བསྐུལ་ཏེ་བློ་བཟང་གྲགས་པའི་དཔལ་གྱིས་བཀོད་པའོ། །

                                               རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།།
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
           དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།