སྡེ་སྣོད་འཛིན་པ་རྒྱལ་བའི་རིང་ལུགས་པ་ཆེན་པོ་དཀའ་བཞི་འཛིན་པ་ཤེས་རབ་དཔལ་བཟང་པོའི་གསུང་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 11:54:07     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

        615041698661219767.jpg

       རྗེ་བཙུན་འཇམ་པའི་དབྱངས་ལ་གུས་པས་ཕྱག་འཚལ་ལོ། །རབ་འབྱམས་གཞུང་ལ་དྲི་མེད་ཤེས་རབ་རྒྱས། །ཚོགས་གཉིས་དཔལ་གྱིས་བསྟན་འཛིན་ཁྲོད་ན་མཐོ། །བཟང་པོའི་མཛད་པས་ཐུབ་བསྟན་རྒྱས་མཛད་པ། །བཤེས་གཉེན་དེ་ཡིས་བདག་ལ་འདི་སྐད་དུ། །ཁྱོད་ཀྱིས་ཇི་ལྟར་ཉམས་སུ་བླངས་པའི་ཚུལ། །ཉུང་འདུས་ཡི་གེར་བྲིས་ལ་བསྐུར་གསུང་བ། །བདག་འདྲའི་རྟོགས་པ་བརྗོད་པས་མཁས་པ་ཁྱོད། །རངས་པར་དཀའ་མོད་འོན་ཀྱང་ཁྱོད་ཀྱི་གསུང་། །བཅག་པར་མ་ནུས་རང་གིས་གོ་བའི་ཚུལ། །སྒྲུབ་བྱེད་རྒྱས་པ་དོར་ནས་མདོར་བསྡུས་ཏེ། །གསོལ་བ་འདི་ལ་རྨད་བྱུང་མཁྱེན་པ་ཅན། །ཉིད་ཀྱིས་ཞིབ་པའི་ཐུགས་ཀྱིས་བརྟག་པར་མཛོད། །དེ་ལ་ལམ་གྱི་རྣམ་པར་བཞག་པ་འདི་ཤིན་ཏུ་གལ་ཆེ་བ་དང་། ད་ལྟ་ལོག་པར་རྟོག་པ་ཡང་མཐའ་ཡས་པ་སྣང་བས། ལུང་རིགས་ཀྱིས་ཞིབ་ཏུ་དཔྱད་དེ་རྒྱས་པར་གཏན་ལ་དབབ་དགོས་པར་སྣང་ན་ཡང་། ཉུང་འདུས་ཤིག་བསྐུར་གསུང་བ་འདུག་པས། རང་གིས་ཇི་ལྟར་ཁོང་དུ་ཆུད་པའི་ཚུལ་འགའ་ཞིག་བརྗོད་པར་བྱའོ། །འདི་ན་ད་ལྟ་ཆོས་ཀྱི་རྗེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་གཉིས་ལ་འདོད་ཡོན་ལམ་དུ་བྱེད་མི་བྱེད་ལ་སོགས་པའི་གནང་བཀག་མི་འདྲ་བ་འགའ་ཞིག་གསུངས་པ་ལ་ཆེས་ཆེར་འཁྲུལ་ནས། ལམ་དེ་གཉིས་ཚ་གྲང་བཞིན་དུ་མི་མཐུན་པར་བཟུང་ནས། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་དོ། །རྒྱལ་སྲས་ཀྱི་སྡོམ་པ་བཟུང་ནས་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པའི་ཚུལ་ཐེག་པ་ཆེན་པོ་སྤྱིའི་གཞུང་ཤིང་། སྔགས་དང་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ནས་ལན་དུ་མར་མཐུན་པར་གསུངས་པ་གསུང་རབ་ཀྱི་དགོངས་པ་འགྲེལ་པ་ལ་ཆོས་ཀྱི་སྤྱན་དུ་གྱུར་པའི་མ་ཕམ་པ་དང་ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་རྒྱལ་སྲས་རྣམས་ཀྱི་བགྲོད་པ་གཅིག་པའི་ལམ་དུ་ལེགས་པར་བཀྲལ་བ་ལ་སེམས་བསྐྱེད་པ་ཙམ་མ་གཏོགས་པར། ལམ་གཞན་རྣམས་ལ་རྩིས་ཅི་ཡང་མེད་པར་བྱས་ནས་དོར་ཏེ། ལམ་གྱི་ཆ་ཤས་ཕྲ་མོ་འགའ་ཞིག་ལ་གདམས་པའི་མཆོག་ཏུ་བྱེད་པར་སྣང་མོད། ཁོ་བོ་ནི་སྔར་སྨོས་པའི་ལམ་གྱི་ཚུལ་དེ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་གང་དུ་འཇུག་ཀྱང་ལམ་གྱི་གཞུང་ཤིང་དུ་འདོད་པས་དེ་ལ་མེད་དུ་མི་རུང་བའི་ཉམས་ལེན་དུ་བྱེད་དོ། །གཞན་ཡང་བྱང་ཆུབ་ཀྱི་སེམས་ཡང་གདམས་ངག་གི་སྔོན་འགྲོ་ཙམ་དུ་བྱས་ཏེ། གདམས་པའི་མཐིལ་དུ་བྱས་ནས་མི་སྦྱོང་བར་སྣང་མོད། འདི་ཡང་གཏན་མ་ཡིན་ཏེ་སྟོང་ཉིད་རྟོགས་པའི་ཤེས་རབ་ནི་མ་དང་འདྲ་བར་སྲས་བཞི་ཀའི་མཐུན་མོང་གི་སྐྲུན་བྱེད་ཡིན་པས་ཡུམ་ཞེས་གསུངས་ལ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་ཡིན་པས་ཕ་ཡི་ས་བོན་དང་འདྲ་བར་ལན་ཅིག་མ་ཡིན་པར་གསུངས་པས་ན། ཐེག་པ་དམན་པར་ལྟུང་བ་འགོག་བྱེད་གང་རྒྱུད་ལ་སྐྱེས་པ་ན་གང་ཟག་དེ་ལ་རྒྱལ་བའི་སྲས་ཞེས་ཐ་སྙད་འཐོབ་པའི་གཞི་ནི། རིན་པོ་ཆེའི་སེམས་འདི་ཉིད་ཡིན་པས་འདི་མ་སྐྱེས་པ་སྐྱེ་བ་དང་། སྐྱེས་པ་གནས་པ་དང་། གནས་པ་འཕེལ་བ་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་འབད་ནས། ཉམས་ལེན་གྱི་མཐིལ་དུ་གཟུང་དགོས་ཏེ། འདི་ཚིག་ཙམ་དུ་སོང་ན་ཐེག་པ་ཆེན་པོ་ཡང་ཚིག་ཙམ་དུ་འགྲོ་ལ་འདི་བཅོས་མ་མ་ཡིན་པ་ཞིག་ཡོད་ན་ཐེག་པ་ཆེན་པོ་ཡང་བཅོས་མ་མ་ཡིན་པར་འགྱུར་རོ། །དེ་ལྟ་བུའི་སེམས་དེ་སྐྱེ་བ་ལ་ཡང་གཞན་གྱི་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་སྐྱེ་དགོས་ལ། དེ་ཡང་སྤྱོད་པ་ལ་འཇུག་པ་ལས། སེམས་ཅན་དེ་དག་ཉིད་ལ་སྔོན། །རང་གི་དོན་དུ་འདི་འདྲའི་སེམས། །རྨི་ལམ་དུ་ཡང་མི་རྨིས་ན། །གཞན་གྱི་དོན་དུ་ག་ལ་སྐྱེ། །ཞེས་གསུངས་པ་ལྟར་རང་འཁོར་བར་འཁྱམས་པའི་ཚུལ་བསམས་པ་ན་བ་སྤུ་གཡོ་འགུལ་མེད་པ་ཞིག་ལ། གཞན་འཁོར་བར་འཁྱམས་པ་མི་བཟོད་པའང་འོང་ས་མེད་པས་ཐོག་མར་རང་སྲིད་མཚོར་ལྷུང་བ་ལ་ཡང་དང་ཡང་དུ་བསམས་ནས་འཇིགས་ཤིང་སྐྲག་ལ་སྐྱོ་ཞིང་ཡིད་འབྱུང་བ་སྐྱེས་བུ་འབྲིང་དང་ཐུན་མོང་བའི་བསམ་པ་སྐྱེད་དགོས། དེ་ནས་རང་གི་ཉམས་ལ་དཔགས་ནས་མར་གྱུར་པའི་འགྲོ་བ་ཀུན་ཀྱང་རང་དང་འདྲ་བར་སྲིད་མཚོར་ལྷུང་བ་ལ་བྱམས་པ་དང་སྙིང་རྗེ་ཆེན་པོའི་དབང་གིས་སྲིད་པའི་སྐྱོན་མཐའ་ཡས་པ་མཐོང་ནས། ཐེག་དམན་ལས་འབུམ་འགྱུར་གྱིས་སྐྱོ་བ་ཡོད་ཀྱང་རང་དོན་དུ་ཞི་བ་ཙམ་ལ་ཐོབ་འདོད་མེད་པ་དེ་བྱང་ཆུབ་སེམས་དཔའི་ཁྱད་ཆོས་ཡིན་གྱི། སྲིད་པའི་སྐྱོན་མཐོང་བའི་སྐྱོ་བ་ཅུང་ཟད་ཀྱང་མེད་པར་ཁོ་བོ་ཅག་སེམས་ཅན་སེམས་ཅན་གྱི་དོན་དུ་འཁོར་བར་སྡོད་དོ་བྱས་ཀྱང་ཚིག་ཙམ་དུ་ཟད་དོ། །དེ་ལྟར་རང་ཉིད་སྲིད་པ་ལ་སྐྱོ་བ་སྐྱེད་པ་ལ་ཡང་ངན་འགྲོར་ལྟུང་བའི་ཚུལ་བསམས་པ་ན་སྐྱོ་བ་མི་སྐྱེ་བ་ཞིག་ལ་མཐོ་རིས་སུ་འཁོར་བའི་ཚུལ་བསམས་པས་སྐྱོ་བ་སྐྱེ་ས་མེད་པས་སྔོན་ལ་རང་ངན་འགྲོར་ལྷུང་ན་ཇི་འདྲ་བར་འགྱུར་སྙམ་དུ་ངན་འགྲོའི་ཉེས་དམིགས་སྒོམ་དགོས་ལ། དེ་ལ་ཡང་མྱུར་དུ་འཆི་བ་དང་ཤི་བའི་རྗེས་སུ་ལས་གཉིས་ལུས་ལ་གྲིབ་མ་བཞིན་དུ་འབྲངས་ནས་འབྲས་བུ་བདེ་སྡུག་སྐྱེད་པའི་ལས་འབྲས་ལ་ངེས་པ་བརྟན་པོ་སྐྱེད་དགོས་པས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་བའི་བསམ་པ་སྦྱང་འཚལ་ལོ། །དེ་ལྟར་རིམ་པ་དེས་བྱང་ཆུབ་ཀྱི་སེམས་རྣལ་མ་སྐྱེས་ཀྱང་རྒྱལ་སྲས་ཀྱི་སྤྱོད་པ་ལ་མ་བསླབས་ན་སངས་མི་རྒྱ་བར་རིག་ནས་རྒྱལ་སྲས་ཀྱི་སྤྱོད་པ་ལ་སློབ་པར་ཁས་ལེན་པ་བྱང་ཆུབ་སེམས་ཀྱི་སྡོམ་པ་བཟུང་བ་དང་། ཁས་བླངས་པའི་དོན་ལ་ཁས་བླངས་པ་ལྟར་སྒྲུབ་པ་མེད་ན་ཁས་ལེན་ལ་དཔའ་བ་ཙམ་ནི་ཉེས་དམིགས་ཀྱི་ཕྱོགས་སུ་འགྱུར་བར་མཐོང་ནས་བྱང་སེམས་ཀྱི་བསླབ་བྱ་ཕྱིན་དྲུག་གམ་ཚུལ་ཁྲིམས་གསུམ་ལ་སློབ་དགོས་དེ་གསུམ་ལ་སློབ་པ་ལ་ཡང་སྡོམ་པའི་ཚུལ་ཁྲིམས་ནི་བྱང་སར་སོ་ཐར་རིས་བདུན་ལ་གསུངས་ཤིང་། ཐོག་མར་སྡོམ་པའི་ཚུལ་ཁྲིམས་ཀྱིས་མ་བསྡམས་ན་ཚུལ་ཁྲིམས་གཞན་གཉིས་དག་པར་མི་འགྱུར་བར་བྱང་སའི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་པས་གང་ཁས་བླངས་པའི་སོ་སོར་ཐར་པ་ལ་འབད་པ་ནི་བྱང་ཆུབ་སེམས་དཔའི་བསླབ་པ་ལ་སློབ་པའི་ཚེ་ན་ཡང་ཐོག་མའི་གལ་ཆེ་ཤོས་སོ། །དེ་ལྟ་བུའི་ལམ་དེ་གཞིར་བཞག་ནས་ཚོགས་གཉིས་བདེ་བླག་ཏུ་རྫོགས་པར་འདོད་པས་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་རྣལ་འབྱོར་བླ་ན་མེད་པའི་ལམ་དུ་འཇུག་དགོས་པས། དབང་གི་རྒྱུད་སྨིན་པར་བྱེད་པའི་སྐབས་སུ་སངས་རྒྱས་དང་བྱང་སེམས་མཐའ་ཡས་པ་བླ་མ་དང་བཅས་པ་དཔང་དུ་བྱས་ནས་ཁས་བླངས་ཤིང་དངོས་གྲུབ་རྣམ་པ་གཉིས་འགྲུབ་པའི་གཞི་དམ་ཚིག་དང་སྡོམ་པ་བསྲུང་བ་ལ་ནན་ཏན་ཆེན་པོ་དགོས་ཏེ་འདི་མེད་ན་འགྲམ་རྩ་ཟད་པའི་ཁང་རུལ་དང་འདྲ་བས་སྔགས་ཀྱི་ལམ་ལ་འབད་བློ་བྱས་ཀྱང་། རེ་ཞིག་དམ་ཚིག་ཉམས་པ་ལ་དངོས་གྲུབ་ཐོབ་པ་ལྟ་ཞོག་གི། མིའི་སྐྱེ་བའང་རྙེད་པར་དཀའ་ཞེས་ས་ར་ཧས་གསུངས་པ་ལྟར་འགྱུར་ལ། དམ་ཚིག་དང་སྡོམ་པ་བསྲུངས་ན་ནི་ཐུན་བཞིའི་རྣལ་འབྱོར་གྱི་ལམ་བསྒོམ་པ་ཙམ་མ་བྱུང་ཡང་། མ་བསྒོམས་གྱུར་ཀྱང་ལྟུང་མེད་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་གསུངས་པའི་ཕྱིར་རོ། །དེ་ལ་རྡོ་རྗེ་ཐེག་པའི་བསླབ་བྱ་མཐའ་ཡས་ཤིང་བསྟན་པའི་ཡང་སྙིགས་སུ་སོང་བས་ཐམས་ཅད་སྲུང་དཀའ་ནའང་སྡོམ་པ་གཅོད་པའི་རྩ་ལྟུང་བསྲུང་བ་ལ་འབད་པ་དྲག་པོ་བསྟེན་དགོས་པར་གོ ། དེ་ལྟར་རྒྱུད་སྨིན་ནས་ལམ་བསྒོམ་པའི་ཚེ་ཐོག་མར་ལུས་དང་གནས་དང་ལོངས་སྤྱོད་དུ་སྣང་བ་ལ་ཐ་མལ་དུ་འཛིན་པ་བཀག་ནས་ཁྱད་པར་ཅན་དུ་བསྒྱུར་བས་ཉེས་སྤྱོད་རྣམས་དགག་པར་སླ་ཞིང་ཚོགས་རྣམས་རྫོགས་པར་ཤིན་ཏུ་སླ་བའི་ལམ་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་རྒྱལ་བ་ཉིད་ཀྱིས་ནན་ཏན་དུ་མས་རྒྱུད་སྡེ་རྣམས་སུ་ཡང་དང་ཡང་དུ་བཀའ་སྩལ་པའི་བསྐྱེད་པའི་རིམ་པ་བསྒོམ་པ་ནི་ཟབ་པར་འདོད་པའི་གདམས་ངག་གཞན་དུ་མ་ཞིག་ལས་ཁྱད་པ་འཕགས་ཤིང་རྣལ་འབྱོར་བླ་ན་མེད་པའི་ལམ་གྱི་རྩ་བ་ལྟ་བུར་གོ ། དེ་ལ་བརྟེན་ནས་རྫོགས་པའི་རིམ་པ་བསྒོམ་པ་ན་རྒྱུད་སྡེ་རྣམས་ནས་མང་དུ་གསུངས་ཀྱང་སྲོག་ལྟ་བུ་ནི། སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པར་བྱས་ནས་སྤྲོས་པ་དང་བྲལ་བའི་ལྟ་བ་སྐྱོང་བ་སྟེ། དེ་ནི་མཐར་ཐམས་ཅད་དང་བྲལ་བའི་དབུ་མའི་དོན་ལ་རྟག་ཆད་དང་བྲལ་བའི་ངེས་པ་རྙེད་པ་ཁོ་ན་ལ་རག་ལས་པས་སྟོང་ཉིད་ལ་ལྟ་བས་ཕུ་ཐག་ཆོད་ནས་དེའི་དོན་ལ་བཞག་ས་མེད་པར་སེམས་གནས་པ་ཙམ་སྒོམ་པ་ནི་ཟབ་མོའི་དོན་སྒོམ་པ་ཡིན་སྙམ་པ་མེད། དེ་ཡང་རྒྱུད་སྡེ་ལ་ལ་ན་བཞུགས། ལ་ལ་ན་ས་བོན་ཙམ་སྣང་བས་གང་དང་གང་དུ་མི་རྒྱས་པ་དེ་དང་དེར་རྒྱས་པར་བཤད་པ་ནས་བླང་དགོས་ཀྱི། ཐད་ཀ་རེའི་དོན་ཙམ་བཟུང་བས་མི་ཆོག་གོ །ཟབ་མོ་སྤྲོས་པ་དང་བྲལ་བའི་དོན་ལ་ནི་སྔགས་དང་ཕར་ཕྱིན་ཁྱད་པར་མེད་པར་མཁས་པ་གོང་མ་རྣམས་བཞེད་པ་ལེགས་པར་མཐོང་བས་ཟབ་དོན་གྱི་གོ་བ་ནི་དབུ་མའི་བསྟན་བཅོས་ལས་བཙལ་ན་སྔགས་ལས་རྟོགས་པ་སླ་བར་མཐོང་ངོ་། །དེ་ལྟར་སྔགས་དང་མཚན་ཉིད་ཀྱི་རྒྱལ་བའི་བསྟན་པའི་ལུས་ཡོངས་སུ་རྫོགས་པའི་གནད་དེ་འདྲ་བ་ཞིག་ཏུ་མཐོང་ནས་རགས་རིམ་ཆ་ཚང་རེ་ལ་ཉམས་ལེན་ཅུང་ཟད་བགྱིས་ཤིང་དངོས་སུ་འཇུག་པར་མ་ནུས་པ་རྣམས་སྨོན་ལམ་གྱི་ཡུལ་དུ་བྱས་ཏེ་ཡང་ཡང་འདུན་པ་སྦྱང་། དེ་ལྟ་བུའི་བསྟན་པ་སྤྱིའི་ཁོག་སྒྲིག་མ་ཤེས་ན་ལམ་གྱི་ལུས་ཡོངས་སུ་རྫོགས་པར་མཐོང་བའི་སྒོ་ནས་ཉམས་ལེན་གྱི་གནད་ཟིན་པ་ཡང་མེད། འདི་དག་ལ་བསྟན་པ་སྤྱིའི་རྒྱུས་ཡོད་པ་རྣམ་དཔྱོད་དང་ལྡན་པ་གཟུ་བོར་གནས་པ་ཁྱད་པར་དུ།ཉམས་ལེན་ལ་བསྐོར་ནས་རིགས་པ་ཕྲ་མོས་ལུང་གི་དོན་དཔྱོད་ནུས་པ་ཞིག་ངེས་པར་དགོས་པར་མཐོང་བས། དམ་པ་ཁྱེད་འདྲ་བས་དཔྱད་དགོས་ཤིང་། མེད་དུ་མི་རུང་བའི་དཔྱད་གཞིར་ཡང་སྣང་བས་ཚུལ་བཞིན་དུ་དཔྱད་ནས་རིགས་པ་གདའ་ན་དེའི་སྒོ་ནས་རང་གཞན་གྱི་དོན་བགྱིད་པར་ཞུ། ཚུལ་འདི་ནི་སྡོམ་བརྩོན་སྡེ་སྣོད་འཛིན་པ་རྒྱལ་བའི་རིང་ལུགས་པ་ཆེན་པོ་དཀའ་བཞི་འཛིན་པ་ཤེས་རབ་དཔལ་བཟང་པོའི་གསུང་ལན་དུ་ཤཱཀྱའི་དགེ་སློང་བློ་བཟང་གྲགས་པའི་དཔལ་གྱིས་བྱང་རྭ་སྒྲེང་རྒྱལ་བའི་དབེན་གནས་སུ་སྦྱར་བའོ། །

                                           རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།