དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་བསྐུལ་ངོར་མཛད་པའི་འདི་ཕྱི་གཉིས་ལ་ཕན་པའི་བསླབ་བྱ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-17 11:49:22     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

     432620495408157174.jpg

         ན་མཿཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། མཁྱེན་པ་ཤེས་བྱ་ཀུན་ཏུ་སོང་ཀྱང་འགྲོ་བས་དཔག་པར་མི་ནུས་ཤིང་། །བརྩེ་བ་ཐུགས་ཀྱི་གཏེར་དུ་སྦས་ཀྱང་སྲིད་ན་ཉི་བཞིན་ལྷང་ངེར་གསལ། །མཛད་པ་ལུས་ཅན་ཀུན་ལ་སྙོམ་ཀྱང་བདུད་སྡེའི་སྙིང་ལ་འཇིགས་པ་སྐྱེད། །ཕུན་ཚོགས་ཡོན་ཏན་དཔལ་གྱིས་མཐོ་བའི་འཇམ་དབྱངས་དེ་ཡིས་འགྲོ་ཀུན་སྐྱོངས། །དེ་ལྟར་འདོད་པའི་ལྷ་ལ་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཤིས་པ་བརྗོད་ནས། སེམས་ཅན་ཐམས་ཅད་ལ་རྒྱུ་མེད་པར་མཉེས་གཤིན་པའི་སྒོ་ནས། འཇིག་རྟེན་ན་མགོན་དང་སྐྱབས་མ་མཆིས་ཤིང་། མ་རིག་པ་འཐུག་པོས་བློ་མིག་རབ་ཏུ་གཡོགས་པ་སྲིད་པའི་ཆུ་བོ་ཆེན་པོས་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་ཁྱེར་བ་རྣམས་འདོན་བཞེད་ཅིང་ཕན་པ་བཞེད་པ། ཉིད་ཀྱིས་བརྙེས་པའི་བདུད་རྩིའི་རོ་ཕུལ་དུ་བྱུང་བས་ཚིམ་པར་བཞེད་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མངོན་པར་གཤེགས་པའི་ལམ་གང་ན་བ་དེར་འདུག་པའི་ཚུལ་ཅུང་ཟད་བརྗོད་པར་འདོད་པ་ནི། ཚུལ་ཁྲིམས་ཡོངས་སུ་དག་པས་ཞི་ཞིང་དུལ། །གསུང་རབ་མང་དུ་ཐོས་པས་དེ་ཉིད་རིག །དད་པའི་རྩ་བ་བརྟན་པས་དགེ་ལ་འདུན། །དམ་པའི་སྐྱེ་བོས་བསྐུལ་བའི་དོན་དུའོ། །དེ་ལ་བདེ་བར་གཤེགས་པ་འཇིག་རྟན་དུ་བྱོན་པ་དང་། དེའི་བསྟན་པ་རིན་པོ་ཆེ་དང་མཇལ་བ་དང་། དགོས་པ་ཆེན་པོ་སྒྲུབ་ནུས་པའི་དལ་འབྱོར་གྱི་རྟེན་རྙེད་པའོ། །ཡོན་ཏན་ཀུན་གྱི་རྩ་བ་དགེ་བའི་བཤེས་གཉེན་མཆོག་དང་ཕྲད་པ་ལ་སོགས་པ་བརྒྱ་ལམ་ན་སྲིད་མཐའ་ཙམ་དུ་རྒྱལ་བ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ཀྱི་གསུང་ལས་བྱུང་བ་རྣམས་ཀྱི་དོན་ལ་ཡང་དང་ཡང་དུ་བསམས་པས་ཚིག་ཙམ་མ་ཡིན་པའི་ངེས་ཤེས་གཏིང་ནས་འདྲོངས་པས་རྐྱེན་བྱས་པ་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས། ཟབ་པ་དང་རྒྱ་ཆེ་བའི་དོན་ལ་མ་རྟོགས་པ་དང་ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་དྲི་མ་མཐའ་དག་འཁྲུད་པའི་ཆུ་རྒྱུན་དམ་པ་ཐོས་པ་དང་བསམ་པས་ཤེས་རབ་ཡོངས་སུ་དག་པར་བྱས་ཏེ། གང་གི་དོན་དུ་སྐྲ་དང་ཁ་སྤུ་བྲེག་པ་ལ་སོགས་པ་ཆོས་ཀྱི་རྗེ་ཐུབ་པའི་དབང་པོའི་བརྟུལ་ཞུགས་ཡང་དག་པར་བླངས་པའི་དགོས་པ་མཆོག་ཐར་པའམ་ཐམས་ཅད་མཁྱེན་པ་ཉག་གཅིག་ཏུ་མཐོང་ཞིང་། དེ་ཡང་མང་དུ་ཐོས་པའི་དོན་སྒྲུབ་པ་ལ་ནན་ཏན་སྙིང་པོར་བྱེད་པའི་རྩ་བ་ཅན་དུ་རིག་ནས། འདུ་འཛིའི་གནས་ཐམས་ཅད་བཙན་ཆོད་དུ་སྤངས་ཏེ། གསུང་རབ་ལས་ལན་ཅིག་མ་ཡིན་པར་བསྔགས་པའི་དབེན་པའི་ཡོན་ཏན་གྱི་རླུང་གིས་ཤིང་བལ་གྱི་འདབ་མ་ལ་བྱ་བ་བཞིན་དུ་རང་དབང་མེད་པར་ཡིད་དྲངས་ཏེ། དབེན་པའི་གནས་སུ་སོང་ནས་ཇི་ལྟར་ཐོས་པའི་དོན་རྣམས་ལ་འབད་རྩོལ། བསྒྲིམས་པས་གོམས་པ་མཆོག་ཐོབ་སྟེ་དགའ་བདེ་རྒྱ་མཚོའི་དཔལ་ལ་ནམ་ཡང་ཉམས་པ་མེད་པར་ལོངས་སྤྱོད་པ་ནི། སྐྱེས་བུ་དམ་པ་སྔར་བྱོན་པ་རྣམས་ཀྱི་ཀུན་ཏུ་སྤྱོད་པའོ། དེ་ལ་འདི་སྐད་ཅེས་གསུངས་ཏེ། སྲིད་པའི་སྐྱོན་དང་ཞི་བའི་ཕན་ཡོན་རྣམས། །སོ་སོར་འབྱེད་ལ་རིང་ནས་གོམས་པ་དེས། །ཉེས་པ་དུ་མས་སྦགས་པའི་འདུ་འཛིའི་གནས། །དུག་དང་བཅས་པའི་ཟས་བཞིན་རིང་དུ་འདོར། །ཉིན་བྱེད་འོད་ཀྱིས་ལེགས་པར་ཁ་ཕྱེ་ཞིང་། །དྲི་ཞིམ་བསུང་དང་ལྡན་པའི་འདབ་བརྒྱ་པ། །མི་གཙང་འདམ་གྱི་དབུས་སུ་ལེགས་འཁྲུངས་ཀྱང་། །མི་སྡུག་དྲི་ཡིས་སྦགས་པར་ག་ལ་ནུས། །སྤུ་གྲིའི་སོར་ཆགས་སྦྲང་རྩི་ལྡག་པ་བཞིན། །གནོག་ཆུང་སྡུག་བསྔལ་བཟོད་དཀའ་སྐྱེད་པའི་གཞི། །འཁོར་བའི་ཕུན་ཚོགས་ཆེད་དུ་ཡིད་སོང་རྣམས། །ཞི་བའི་གཏམ་གྱིས་བསྐུལ་བར་ག་ལ་ནུས། །པདྨའི་མཚོ་ཆེན་དབུས་ན་བདེར་གནས་པའི། །ངང་པའི་ཀུན་སྤྱོད་ཡང་ཡང་བསྒྲགས་གྱུར་ཀྱང་། །ངན་སྐྱུགས་ཁྲོད་ན་རློམ་པས་མཐོ་བ་ཡི། །བྱ་རོག་དག་གི་སྙིང་ལ་འབབ་མི་འགྱུར། །དེ་ལྟར་ན་སྲིད་པ་དང་ཞི་བའི་སྐྱོན་རྣམས་ནི་རིག མང་དུ་ཐོས་པ་དང་ནི་ལྡན། ལས་འབྲས་ལ་ཡིད་ཆེས་པའི་དད་པ་ནི་ཡོད། འདུ་འཛིའི་ཉེས་དམིགས་ནི་མཐོང་། དབེན་པའི་ཡོན་ཏན་ནི་ཤེས། སྒྲུབ་པ་ལྷུར་ལེན་པའི་མཐུན་རྐྱེན་ཚང་བ་ཁྱོད་ལ། རྣམ་པར་གཡེང་བ་ལ་བརྟེན་པའི་ལམ་གོལ་བ། ལམ་ངན་པ་སྐྱེས་བུ་དམ་པ་མ་ཡིན་པས་བསྟན་པའི་ལམ་དོར་ནས། རབ་ཏུ་དབེན་པ་ལ་བརྟེན་པའི་ལམ་མ་ནོར་བ་ལམ་བཟང་པོ་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པའི་ལམ་དུ་ཞུགས་པ་ལ་བསྐུལ་ཅི་ཞིག་འཚལ། འོན་ཀྱང་ཡིད་ལ་འབབ་ཅིང་རྣར་སྙན་པའི། །གདམས་པ་འགའ་ཞིག་སྨྲས་ན་ཅིས་མི་མཛེས། །རབ་མཐོ་གངས་རིའི་ཏོག་ཀྱང་སྟོན་དུས་ཀྱི། །ཟླ་འོད་ལྷུང་ན་ཆེས་དཀར་མི་འགྱུར་རམ། །དེ་ལ་བློ་གྲོས་ངན་པ་རྣམས་ཀྱིས་ནི་རྒྱལ་པོ་ལ་དུས་དུས་སུ་ངེས་པར་མཇལ་དགོས་པའི་དུས་ཀྱི་དཔྱ་སྐབས་ལ་བབ་པ་ན་མི་འབུལ་བར། རྒྱལ་པོས་ཆད་པ་བཅད་པ་ན་འབུལ་བ་བཞིན་དུ་གཉེན་གྲོགས་ལོངས་སྤྱོད་གྲགས་པ་རྙེད་བཀུར་རྣམས་དང་ངེས་པར་འབྲལ་དགོས་པར་ཤེས་བཞིན་དུ་རང་ལ་དབང་ཡོད་པ་ན་དེ་དག་དོར་ནས་དབེན་པ་བསྟེན་ཏེ་གཏན་བདེ་མི་སྒྲུབ་པར་འདུ་འཛི་ལྷུར་ལེན་པའི་ཚེ་འཆི་བདག་གི་ཆད་པས་བཅད་ནས། གཉེན་ལ་སོགས་པ་དང་མི་འདོད་བཞིན་དུ་འབྲལ་བར་བྱེད་མོད། ཤེས་རབ་ཅན་རྣམས་ནི་ངེས་པར་བྱ་དགོས་པའི་ལས་ཆད་པ་མ་ཕོག་པའི་གོང་དུ་མྱུར་བ་མྱུར་བར་བྱེད་ཀྱི་ཆད་པས་གཅོད་པ་ལ་སྒུག་པར་ག་ལ་འགྱུར། གལ་ཏེ་འཆི་བདག་གི་ཆད་པས་མི་འདོད་བཞིན་དུ་འབྲལ་དགོས་པའི་ཕྱིར། ནགས་སུ་འགྲོ་བར་བྱ་བ་ནི་རིགས་མོད། དེ་ལྟ་ནའང་ཚེ་འདིའི་འཚོ་བའི་ཆས་སྒྲུབ་དགོས་འགའ་ཞིག་ཡོད་པས། དེ་ཟིན་ནས་བས་མཐའི་ནགས་སུ་འཇུག་པར་བྱའོ་སྙམ་ན་དེ་ནི་རིགས་པ་དང་ལྡན་པ་མ་ཡིན་ཏེ། དཔེར་ན་སྔོན་དོན་མཐུན་མང་པོ་ཞིག་བྱེས་སུ་བགྲོད་ནས་འཇིགས་པ་དང་བཅས་པའི་གནས་ཤིག་ཏུ་འགྲོ་བ་ན་དེའི་ནང་ནས་ཚོང་པ་གཅིག་ལམ་ན་གནས་པའི་རྡོ་གཅིག་གི་སར་སྡོད་ནས་བདར་ཡིན་འདུག་པ་དང་། གྲོགས་རྣམས་ཀྱིས་སྨྲས་པ་དེ་བདར་ནས་ཅི་བྱེད། དེས་སྨྲས་པ་གྲུ་བཞི་བྱེད་དོ། །གྲོགས་རྣམས་ཀྱིས་སྨྲས་པ་དེ་བྱས་ནས་ཅི་བྱེད་དེ་ན་རེ་དེ་ཟིན་ནས་དེ་ཉིད་དུ་འདོར་ཞེས་སྨྲས་པ་ན་བཞད་གད་ཀྱི་གནས་སུ་འགྱུར་བ་བཞིན་དུ་གྲུབ་ཟིན་པའི་མོད་ལ་འདོར་དགོས་པའི་བྱ་བ་ལ་འཇུག་པ་ནི་དད་པའི་རྗེས་སུ་འབྲང་བ་རྣམས་ལ་རུང་གི། ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་མི་རུང་བའི་ཕྱིར་རོ། །དེས་ན་འཆི་བདག་གི་ཆད་པ་ལས་མི་འདའ་ཞིང་། ཆད་པ་དེ་ཡང་ནམ་འོང་བའི་དུས་ཀྱི་ཁྱད་པར་ངེས་པ་མི་འདུག་པ་ཡང་ཡང་ཡིད་ལ་གོམས་པར་བྱས་ནས། རིངས་པ་རིངས་པར་དལ་འབྱོར་གྱི་ལུས་དགོས་པ་ཆེན་པོ་སྒྲུབ་ནུས་པའི་དོན་ཆེ་བ་དང་། གཉའ་ཤིང་གི་བུ་གར་རུས་སྦལ་གྱི་མགྲིན་པ་ཆུད་པ་ལྟར་ཤིན་ཏུ་རྙེད་པར་དཀའ་སྟེ། ཁྱད་པར་གཉིས་དང་ལྡན་པ་འདི་ལ་འབད་པར་བྱའོ། །དེ་ལྟར་དལ་འབྱོར་རྙེད་དཀའ་བ་རྙེད་པ་དོན་ཆེ་བ། དེའང་མྱུར་དུ་འཇིག་པའི་ཚུལ་ཆེས་ཆེར་བསམས་པ་ནི། དང་པོ་སྒྲུབ་པའི་བསྐུལ་མ། བར་དུ་སྒྲུབ་པ་མི་ཉམས་པའི་རྒྱུ། ཐ་མ་སྒྲུབ་པ་མཐར་ཕྱིན་པ་ཡིན་པས་གནད་ཤིན་ཏུ་ཆེ་བ་ཡིན། དེ་ལྟར་མྱུར་དུ་འཆི་བར་ནི་ངེས། ཤི་བའི་རྗེས་སུ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་གཉིས་ལུས་ཀྱི་རྗེས་སུ་གྲིབ་མ་བཞིན་དུ་འབྲང་། དགེ་སྡུག་གི་ལས་ངོ་བོ་ཤིན་ཏུ་ཆུང་ཞིང་བསགས་ནས་དུས་བསྐལ་པ་དཔག་ཏུ་མེད་པ་སོང་ཡང་། ཚོགས་ཤིང་དུས་ལ་བབ་པ་ན་འབྲས་བུ་རྒྱ་ཆེན་པོ་ནི་འབྱིན། དེ་ལ་སེམས་ཅན་ཕལ་མོ་ཆེ་ཐོག་མ་མེད་པ་ནས་མི་དགེ་བའི་ཕྱོགས་ལ་རྒྱུན་རིང་བ་བར་མ་ཆད་པར་ཤུགས་དྲག་པར་གོམས་པའི་ཆ་ཕྲ་མོ་ཙམ་ཡང་དགེ་བའི་ཕྱོགས་ལ་དེ་ལྟ་མིན་པས་ཕལ་ཆེར་མི་དགེ་བའི་ལས་བྱེད་པ་ལ་བརྟེན་ནས་ངན་སོང་གསུམ་དུ་སྐྱེ་ལ་དེའི་སྡུག་བསྔལ་ནི་དྲག་ལ་རྩུབ་པ། མི་བཟད་པ་ཡིན་པས་སྲན་ཐབས་མེད་ལ། བདེ་འགྲོ་ནའང་སྡུག་བསྔལ་གྱི་སྡུག་བསྔལ་ལ་སྤྱོད་པ་ཕལ་ཆེ་ཞིང་། རེ་ཞིག་བདེ་བ་ལྟར་སྣང་ཡང་ངན་འགྲོའི་གཡང་སར་ལྷུང་བའི་རྩ་བ་ཅན་དུ་གསུངས་པ་རྣམས་གོ་ཟིན་པས་བརྗོད་མི་དགོས་མོད། དེ་ལྟ་ནའང་འདི་རྣམས་འགྲོ་བ་གཞན་ཁོ་ནར་བཤད་ཅིང་སེམས་པ་བས། རང་ཉིད་མྱོང་བར་མི་འགྱུར་བའི་གདེང་མེད་ཅིང་དེ་དག་མྱོང་བའི་རྒྱུ་ཆར་ལྟར་འབབ་ཀྱིན་ཡོད་པས་འབྲས་བུ་སྡུག་བསྔལ་རྣམས་རང་ལ་སྨིན་ན་ཅི་འདྲ་བར་འགྱུར་སྙམ་དུ་རང་ལ་དཔགས་ནས་སྒོམ་པ་ནི་ཟབ་སྟེ། འདི་གོམས་པའི་མཐར་སྲིད་པ་མཐའ་དག་ལ་གཤེད་མ་དང་འདྲ་བར་མི་མཐུན་པར་མཐོང་བའི་ཚེ། ཐར་པ་དོན་གཉེར་གྱི་བློ་བཅོས་མ་མ་ཡིན་པ་ཞིག་སྐྱེ་ཞིང་། དེ་མ་བྱུང་བར་ཐར་པ་དོན་གཉེར་དེ་ཡང་དེ་དང་ཆ་མཚུངས་པ་ཞིག་ལས་མི་སྐྱེ་བའི་ཕྱིར་རོ། །གཞན་ཡང་རྙེད་བཀུར་ངང་གིས་འདུ་ཞིང་འཁོར་མང་ལོངས་སྤྱོད་ཆེ། སྙན་གྲགས་རྒྱས་པའི་གཙོ་བོའི་གནས་ཐོབ་པ་ལའང་རང་ཉིད་ཀྱི་རྒྱུད་ལ་སྣང་ཤེས་ཟིལ་གྱིས་གནོན་པར་བྱེད་པའི་ངེས་འབྱུང་བྱང་ཆུབ་ཀྱི་སེམས། ལྟ་བའི་མྱོང་བ་ཤིན་ཏུ་སྟོབས་དང་ལྡན་པ་ཡོད་ན་ལམ་གྱི་གྲོགས་སུ་འགྲོ་ནའང་དེ་དཀོན་པས་ན་ཆོས་ཀྱི་གོ་ཡུལ་ཙམ་ཡོད་ཀྱང་དེས་སྣང་ཤས་ཀྱི་འཇུག་པ་མི་ཁེགས་པས་སྤྱིར་འཁོར་བ་དང་ཁྱད་པར་དུ་ངན་སོང་གི་རྒྱུ་དཔག་ཏུ་མེད་པ་མ་ཚོར་བཞིན་དུ་སོག སྔོན་བསོད་ནམས་རེ་འགའ་བསགས་པའི་འབྲས་བུ་རྣམས་ནི་འདིར་སྤྱོད་པས་ཟད་པའི་ཕྱིར། ནོར་ཡེ་མི་སྤེལ་བར་བུ་ལོན་ལེན་པ་འབའ་ཞིག་བྱས་ནས་དགའ་དགའ་ལྟར་སྣང་བ་དང་འདྲ་བར་མངོན་ནོ། །དོན་གྱི་དབང་འདི་གཟིགས་ནས་ཀྱང་སའི་སྙིང་པོའི་མདོ་ལས་ཀྱང་བཟོད་པ་མ་ཐོབ་ཀྱི་བར་དུ་དགེ་སྦྱོང་གཙོ་བོ་དང་། མཁན་པོ་གཙོ་བོའི་གནས་སུ་མ་གྱུར་ཅིག་ཅེས་གསུངས་པ་ཡིན། དེས་ན་སྣང་ཤས་འདི་ལ་དཀར་ནག་ཁྲ་གསུམ་ཡོད་པའི་ནག་པོ་རིག་སླ་ཡང་གཞན་གཉིས་པོ་འདི་ལ་འཁྲུལ་ས་ཆེན་པོ་འདུག་པས་བག་ཡོད་པར་མཛོད་ཅིག དེའི་འོག་ཏུ་རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ཇི་ལྟ་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་དེ་དང་མཚུངས་པས་དེ་དག་གི་དོན་དུ་བྱང་ཆུབ་དོན་དུ་གཉེར་བའི་བློ་བྱམས་པ་དང་སྙིང་རྗེའི་རྩ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྒོམ་པ་འབའ་ཞིག་ལ་ཡུན་རིང་དུ་གོམས་པར་བྱས་ལ་སངས་རྒྱས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ཐེག་པ་ཆེན་པོའི་རྩ་བ་ཐེག་དམན་ལས་འབྱེད་པའི་ཁྱད་ཆོས་རྒྱལ་སྲས་རྣམས་ཀྱི་སྤྱོད་པ་རླབས་པོ་ཆེ་ལ་འཇུག་པའི་རྒྱུ། ཚོགས་གཉིས་རབ་འབྱམས་སྡུད་པའི་ལག་པ་སྡིག་པ་དང་ལྟུང་བ་སྲེག་པའི་དུས་མཐའི་མེ་ཆེན་པོ་ནི། རིན་པོ་ཆེའི་སེམས་ཉིད་འདི་ཡིན་པར་གསུངས་པའི་ཕྱིར་རོ། །འདིས་མ་ཟིན་ན་ཐམས་ཅད་མཁྱེན་པའི་རྒྱུ་མཚན་ཉིད་པར་མི་རུང་ཞིང་། ཟིན་པའི་ཚད་ཀྱང་གོ་བ་རྐྱང་བར་མ་སོང་བའི་མྱོང་བ་ལ་ལྟོས་དགོས་མོད། འོན་ཀྱང་གཟུགས་བརྙན་ཙམ་ལས་མ་བྱུང་ཡང་དགེ་རྩ་སྒྲུབ་པ་ཐམས་ཅད་ལ་འདིས་རྒྱས་བཏབ་ཅིང་སྨོན་ལམ་གྱིས་ཁ་བསྒྱུར་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བས་འདི་ལ་ངེས་ཤེས་འདྲོངས་པར་མཛོད། དེའི་འོག་ཏུ་ཆོས་ཐམས་ཅད་མཐའ་བཞི་དང་བྲལ་ཞིང་རང་རང་གི་བྱ་བ་ལ་མི་སླུ་བའི་བྱེད་པ་དང་ལྡན་པ་སྒྱུ་མ་ལྟ་བུར་མཐོང་བའི་ཤེས་རབ་ཀྱིས་ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཀུན་རྫོབ་ཀྱི་རྣམ་པ་ཅན་དུ་སྣང་བའི་སྤྱོད་པ་རྣམས་ཀྱི་དམིགས་པར་ལྟ་བའི་དུག་ཕྱུང་ནས་ཐབས་དང་ཤེས་རབ་ཀྱི་གཤོག་པ་རྩལ་གྱིས། རྒྱལ་བ་སྲས་དང་བཅས་པ་གཤེགས་པའི་བྱ་ལམ་ཡངས་པར་བགྲོད་པར་བྱའོ། །རིམ་པ་དེ་དག་གི་ཚུལ་མཐའ་ཡས་པར་ནི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ཡུན་རིང་པོར་མཉེས་པར་བྱས་པ་ལས་ཁོང་དུ་ཆུད་པར་བྱའོ། །གཞན་དུ་ན་སློབ་མའི་བློ་ཡི་རིམ་པ་མི་ཤེས་ཤིང་། མངོན་པར་རྟོགས་པའི་རིམ་པ་རྣམས་མཚམས་འདི་དང་འདིར་སྐྱེ་ཞེས་པའི་ཉམས་ལེན་གྱི་གནད་ལ་མི་མཁས་པ་དང་ཕྲད་ནས་འདི་སྒོམ་པ་ལས་ཆེ་གེ་མོ་སྒོམ་པ་ཕན་ཡོན་ཆེའོ་ཞེས་དམིགས་པའི་གོ་རིམ་ཕྱིན་ཅི་ལོག་ཏུ་ཁྲིད་ནས་དོན་མ་ཡིན་པ་ལ་སྦྱོར་བས། དགེ་བའི་བཤེས་གཉེན་ལེགས་པར་བརྟགས་ནས་བཀའ་དྲིན་ནོད་པར་བྱའོ། །དེ་ལྟར་སྔར་བཤད་པའི་ཡོན་ཏན་མ་སྐྱེས་པ་རྣམས་སླར་སྐྱེ་སླ་བ་དང་། སྐྱེས་པ་རྣམས་ལམ་དུ་འགྲོ་ཞིང་རྒྱུན་བརྟན་པར་བྱེད་པ་ལ། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་པའི་དད་པ་བརྟན་པོ་དང་། སྐྱབས་ཀྱི་དམ་པ་གསུམ་ལ་དམིགས་རྣམ་ལེགས་པར་ཕྱེད་པའི་སྒོ་ནས། སྙིང་ཐག་པ་ནས་ངེས་ཤེས་འདྲོངས་པ་གནད་དུ་ཆེ་བས། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་ཀྱང་འདི་གཉིས་ཀྱི་སྒོ་ནས་གསོལ་བ་དྲག་ཏུ་གདབ་ཅིང་སྨོན་ལམ་ཤུགས་དྲག་པར་བྱའོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། མང་དུ་ཐོས་པ་སྒྲུབ་པ་ལྷུར་ལེན་ཉུང་། །སྒྲུབ་ལ་བརྩོན་པ་ཐོས་དང་ལྡན་པ་ཉུང་། །ཐོས་ལྡན་ཉམས་ལེན་གནད་ལ་མཁས་པ་ཉུང་། །དེ་ཕྱིར་སྲིད་པའི་ཕ་རོལ་འགྲོ་བ་ཉུང་། །མང་དུ་ཐོས་པས་རྒྱལ་བའི་དགོངས་པ་རྙེད། །བརྩོན་པ་ཆེན་པོས་སྒྲུབ་པ་སྙིང་པོར་བྱེད། །བག་ཡོད་གོམས་པས་དམ་པའི་རྗེས་སུ་འཇུག །སྐལ་བཟང་དེ་ཡི་བྱང་ཆུབ་རྙེད་མི་དཀའ། །འདི་དག་ནི་ཐེག་པ་མཆོག་གཉིས་པོ་གང་གི་ལམ་ཉམས་སུ་ལེན་ཀྱང་མེད་དུ་མི་རུང་བའི་ཡན་ལག་ཡིན་པས་ཉེ་བར་མཁོ་བ་རྣམས་ཀྱི་མིང་ཙམ་བྲིས་པ་ཡིན། འདི་གཞིར་བྱས་པའི་སྟེང་ན་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྣོན་པ་གདབ་དགོས་པ་རྣམས་ནི་འདིར་མ་སྤྲོས་ཏེ་སོ་སོའི་གདམས་ངག་ལས་བཙལ་བར་བྱའོ། །དེ་ཡིས་བསྐྲུན་པའི་བསོད་ནམས་འདི་ཡི་མཐུས། །སྲིད་པའི་ལམ་རིང་བགྲོད་པའི་འགྲོ་བ་ཀུན། །རྒྱལ་བའི་བསྟན་པའི་སྙིང་པོ་སྒྲུབ་པ་ལ། །རྣམ་དག་ལུང་རིགས་སྟོབས་ཀྱིས་ཡིད་ཆེས་ནས། །དམ་པ་རྣམས་ཀྱིས་དངོས་གྲུབ་བརྙེས་པའི་གནས། །དབེན་པ་བསྟེན་ནས་མང་དུ་ཐོས་པའི་དོན། །ཚུལ་བཞིན་བརྩོན་པས་ཉམས་སུ་བླངས་པ་ཡིས། །རྟག་ཏུ་འཇམ་དབྱངས་མཉེས་པར་བགྱིད་པར་ཤོག །ཅེས་པ་འདི་ནི་དཀའ་བཞི་འཛིན་པ་གྲགས་པ་རྒྱལ་མཚན་གྱིས་འདི་ཕྱི་གཉིས་ཀ་ལ་ཕན་པའི་ཐབས་ཤིག་ཞུ་ཞེས་བསྐུལ་བའི་དོན་དུ། མང་དུ་ཐོས་པའི་རྒྱལ་ཁམས་པ་བློ་བཟང་གྲགས་པའི་དཔལ་གྱིས་གངས་ཅན་ཁྲོད་ཀྱི་གངས་རིའི་དབང་པོ་འོ་དེ་གུང་རྒྱལ་གྱི་ལྷ་ཞོལ་དུ་སྦྱར་བའི་ཡི་གེ་པ་ནི་བཟང་སྐྱོང་ངོ་། །

                                                རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
      གསལ་འདེབས།། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
            དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།