བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་བསྒྲུབ་དཀྱིལ་གྱི་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-15 14:14:09     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      IMG_4741.JPG

          རྒྱུ་རྡོ་རྗེ་འཛིན་པའི་དུས་སུ་ཡུམ་གྱི་པདྨའི་དཀྱིལ་འཁོར་དུ་སེམས་ཅན་རྣམས་བཅུག་པ་ལ་དབང་བསྐུར་བའི་འོག་ཏུ་དེ་རྣམས་ཀྱི་མིག་སོགས་ཞུ་ནས་ཐིག་ལེར་གྱུར་པ་སོགས་ལས་ས་སྙིང་སོགས་བསྐྱེད་པ་དེ། ཀྵཾི་ལས་སོགས་པ་ཕྱུང་ནས་མཁའ་དཀྱིལ་གྱི་གཙོ་བོ་ཡབ་ཡུམ་གྱི་མིག་ཏུ་བཀོད་པ་ནས་ལྷ་གཞན་རྣམས་ལྷ་སོ་སོ་ལ་ཐིམ་པ་ཡིན་ནམ་ཞེས་པ་ནི། སེམས་ཅན་རེ་རེའི་མིག་སོགས་ཉེར་གཅིག་ཞུ་བ་ལས་བྱུང་བའི་ལྷ་ཉེར་གཅིག་རེ་ཡོད་པ་དེ། སྔགས་ཀྱིས་པདྨ་ནས་ཕྱུང་ནས་རང་རང་གི་ཞིང་དུ་གཤེགས་པར་བྱེད་པ་བཞི་བརྒྱ་ལྔ་བཅུ་པའི་འགྲེལ་པའི་བཞེད་པ་ཡིན་པས། དེ་བཞིན་དུ་བྱེད་དགོས་ཏེ་གཞན་དག་གིས་བྱེད་པ་བཞིན་དུ་མི་འདོད་དོ། །མིག་སོགས་ཞུ་བ་ལས་ལྷ་བསྐྱེད་པའི་སྐབས་འདིར་ཁྲོ་བོ་བསྐྱེད་པ་མི་དགོས། སྒྲིབ་སེལ་གྱི་ཞུ་བའི་ཕྱག་རྒྱ་ནི་རྣམ་སྣང་སྒྱུ་དྲར། ཕྱག་གཡོན་པ་ས་ལ་བརྐྱངས་ནས། ཕྱག་གཡས་པའི་མཛུབ་མོ་དང་མཐེ་བོང་སྤྲད་པ་ལ་བཤད་པ་ལྟར་ཡིན་ལ། འདིར་གཡས་པའི་ཕྱག་རྒྱ་མཆོག ཡབ་བསྐྱེད་པའི་སྐོར་རྣམས་ཟིན་པའི་འོག་ཏུ། ཡུམ་མངོན་བྱང་ལྔ་ལས་བསྐྱེད་པ་སོགས་སེམས་ཅན་ལ་དབང་བསྐུར་བ་མ་གཏོགས་པ་སྔར་བཞིན་བྱ། ཞེས་པའི་དོན་ནི་ཀུན་བཟང་ལས། ཡུམ་བསྐྱེད་པའི་སྐབས་སུ་དེ་བཞིན་ཞེས་གསུངས་པའི་དོན། སྨན་ཞབས་ཀྱིས་ཡབ་ཀྱི་སྐབས་སུ་བཤད་པ་བཞིན། སླར་ཡང་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་གཉིས་བསྐྱེད་པ་ནས་ཞུ་བ་གླུས་བསྐུལ་ནས་ཡབ་ཡུམ་སྐྱེད་པར་བཤད་དོ། །ཤཱནྟི་པའི་བཞེད་པ་ཡང་དེ་ཡིན་པས་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་སྐྱེད་ཐབས་གཉིས་བྱེད་པ་ཡིན། ཐ་ག་ནའི་བཞེད་པས་སྔར་རྒྱུ་རྡོ་རྗེ་འཛིན་པ་ཡབ་ཡུམ་ཞུ་བའི་དུས་སུ་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་ལས་ཡུམ་བསྐྱེད་པ་ཡིན། བུ་སྟོན་རིན་པོ་ཆེའི་སྒྲུབ་ཐབས་སུ་བཤད་པ་དེ་སྔ་མ་ལྟར་ཡིན། སྤྱིར་ལུགས་འདི་ལ་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་རྒྱ་གར་བ་ཁ་ཅིག སྔར་འབྲས་བུ་རྡོ་རྗེ་འཛིན་པ་བསྐྱེད་པའི་དུས་སུ་རྩ་ཕྱག་གཉིས་ཀྱིས་རིག་མ་ལ་འཁྱུད་པར་གསུངས་པ་རྒྱུ་མཚན་དུ་བྱས་ནས། སྔར་འབྲས་བུ་རྡོར་འཛིན་གྱི་ཡབ་སྐྱེད་པ་དང་དུས་མཉམ་དུ་བསྐྱེད་པའི་འོག་ཏུ་གསལ་འདེབས་པར་འདོད་པ་ཡང་ཡོད། སྔར་བཤད་པ་བཞིན་འོག་ཏུ་གསར་དུ་སྐྱེད་པར་འདོད་པ་ཡང་ཡོད་པས་སོ་སོར་ཕྱེད་པར་བྱའོ། །རྒྱུ་རྡོ་རྗེ་འཛིན་པ་སྦྱང་གཞི་ལ་ཇི་ལྟར་ཡིན་ཞེས་པ་ནི། སློབ་དཔོན་རཏྣ་རཀྵི་ཏས་ཕ་མའི་དོད་དུ་བཤད་པ་བཞིན་དུ་འདིར་ཡང་འདོད་པ་ཡིན། ཞུ་བ་ནི་ཀུན་གཞི་རྣམ་སྨིན་གྱི་ཆ་དང་སྦྱར་དུ་རུང་ངམ་ཞེས་པ་ནི། བར་སྲིད་མཚོན་པའི་ཡི་གེ་རྣམས་ཡབ་ཀྱི་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་ནས་ཞུ་བའི་སྐབས་དེ་མའི་མངལ་དུ་སྐྱེ་སྲིད་ཀྱིས་ཉིང་མཚམས་སྦྱར་བའི་དོད་ཡིན་པས། ཀུན་གཞི་ཁས་ལེན་པའི་ལུགས་ལ་དེ་དང་སྦྱོར་ན་སྦྱར་བས་ཆོག ཡབ་ཡུམ་གཉིས་ཞུ་བའི་ཐིག་ལེ་དང་སྦྱོར་ན་མི་འགྲིག་གོ །དཀྱིལ་འཁོར་རྒྱལ་མཆོག་གི་སྐབས་སུ་ཡུམ་གྱི་པདྨར་ལྷ་བསྐྱེད་ཚུལ་ནི་ཐིག་ལེ་དང་ས་བོན་སོགས་ལས་སོ་སོར་སྔོན་ལ་སྐྱེད། དེ་ནས་འབྱིན་སྔགས་ཀྱིས་འབྱིན་པ་ཡིན། སྤྲུལ་པ་སྤྲོས་པ་རྣམས་སྤྲོས་པའི་རྩ་བའི་ལྷ་ལ་བསྡུས་ནས་དེ་ལྷ་སོ་སོ་ལ་ཐིམ་པ་ཡིན། རིན་པོ་ཆེ་པའི་སྒྲུབ་ཐབས་ཀྱི་ལུགས་ཀྱི་མཁའ་ནང་དུ་ལྷ་རྣམས་ལ་སྐྱེ་མཆེད་ལ་སོགས་པའི་ལྷ་རྣམས་རང་ཆས་སུ་ཡོད་པ་ཞིག་གསལ་གདབ་དགོས་ཤིང་། ཕྱུང་ནས་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་པའི་འོག་ཏུ་ཡང་སྐྱེ་མཆེད་སོགས་ཀྱི་ལྷ་རང་ཆས་སུ་ཡོད་པར་བསྒོམ་པ་ཡིན་ཏེ། འགྲེལ་པ་གཅིག་ནས་དེ་བཞིན་དུ་བཤད། ཐ་ག་ན་དང་། སྨན་ཞབས་ཀྱི་ལུགས་ཀྱིས་ཕྱུང་བའི་ལྷ་རྣམས་དཀྱིལ་འཁོར་གྱི་གནས་སོ་སོར་བཀོད་པ་ལ་ཡེ་ཤེས་པ་བཅུག་པའི་འོག་ཏུ་སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་མིན་པ་མཁའ་ནང་དུ་མི་མཛད་དེ་ཀུན་བཟང་དང་མཐུན་པར་ཡོད། སྐབས་འདི་དང་སྐབས་གོང་མ་གཉིས་ཀར་བདུད་རྩི་མྱང་བར་བྱ་ཞེས་པ་ལ་ནང་མཆོད་བྱིན་གྱིས་བརླབས་ནས་ཡི་གེ་གསུམ་བརྗོད་དེ་བདུད་རྩི་མྱངས་པས་ཨེ་ཆོག་ཅེས་པ་ནི། རིན་པོ་ཆེ་པའི་སྒྲུབ་ཐབས་ཀྱི་ལུགས་ཀྱིས་གོང་མ་ལ་ཡིད་ཀྱིས་བསྒོམས་པར་ཆོག་པར་མངོན། འོག་མ་ལ་ཡིན་ན་དཀྱིལ་འཁོར་བའི་ལྷ་ལ་ཕུལ་བའི་ལུགས་ལྟར་དགོས། འོན་ཀྱང་མཁའ་ནང་གི་དཀྱིལ་འཁོར་ལ་དབང་བསྐུར་བ་དང་བདུད་རྩི་མྱང་བ་མི་བྱེད་པ་འགྲེལ་པ་གཞན་གྱི་ལུགས་གཞུང་དང་མཐུན། དམ་ཚིག་པ་ལ་ཡེ་ཤེས་པ་བཅུག་པ་ན་མེ་ལོང་གི་གཟུགས་བརྙན་ལྟར་མ་འདྲེས་པ་ཡོད་དམ། འོ་ཆུ་འདྲེས་པ་བཞིན་ཡིན་ཞེས་པ་ནི། ཕྱི་མ་བཞིན་དུ་བྱེད་རྒྱུ་ཡིན། ཡེ་ཤེས་པ་སྤྱན་འདྲེན་པ་ལ་རྡོ་རྗེ་བསྡུ་བའི་ཕྱག་རྒྱ་བྱར་ཨེ་རུང་ཞེས་པ་ནི། ལུགས་འདི་ལ་ལག་པའི་བཤད་པ་ཁུངས་ཐུབ་ཀྱིས་མ་བཤད་པས་མི་དགོས། དབང་ལྷ་རྣམས་ལྷ་ལ་བཅུག་པས་ཆུ་ལུང་པ་ལས་བྱུང་བའི་རིགས་བདག་གི་རྒྱས་འདེབས་བྱས་པས་ཨེ་ཆོག་ཅེས་པ་ནི། ཆུ་དབང་བསྐུར་བའི་ཆུ་ལུང་པ་ལས་རིགས་བདག་བྱུང་བའི་རྒྱས་འདེབས་འདི་ལ་བཤད། དབང་ལྷ་བསྟིམ་པར་བཤད་པའི་གཞུང་རྣམས་སུ་ཡང་རིགས་བདག་གིས་རྒྱས་བཏབ་ཟིན་པའི་རྗེས་སུ་དབང་ལྷ་བསྟིམ་པར་བཤད་པ་དེ་བཞིན་དུ་བྱ་དགོས། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། ཞེས་སོགས་བཞི། སྤྲུལ་པའི་ཐུགས་རྡོ་རྗེ་རྣམས་ལ་གསོལ་བ་གདབ་པ་དང་། ཕྱོགས་བཅུར་བཞུགས་ཞེས་པས་སྤྲུལ་པ་དང་། ཡེ་ཤེས་པའི་ཐུགས་རྡོ་རྗེ་ཐམས་ཅད་སྙིང་ཁའི་ཐུགས་རྡོ་རྗེ་ལ་ཐིམ་པ་ཨེ་ཡིན་ཞེས་པ་ནི། ཚིགས་བཅད་སྔ་མའི་སྙིང་ཁའི་ཐུགས་རྡོ་རྗེ་ལ་གསོལ་བ་འདེབས་པ་དང་། ཕྱི་མས་སྤྱན་དྲངས་པའི་ཐུགས་རྡོ་རྗེ་ལ་གསོལ་བ་འདེབས་པར་སྨན་ཞབས་དང་། ཤཱནྟི་པས་བཤད་པ་ལྟར་བྱེད་དགོས་ཀྱི་དྲིས་པ་ལྟར་ཡིན་ནོ། །གཙོ་བོ་ལ་དངོས་དང་འཁོར་ལ་རང་སྣང་གི་ཡུམ་གྱི་ཁྱད་པར་གང་ཞེས་པ་ནི། རང་སྣང་གི་ཡུམ་ནི་རང་འདྲའི་ཡུམ་ཡིན་ལ། གཙོ་བོ་ལ་དེ་དང་འདྲ་བས་ཁྱད་པར་དེ་མི་དགོས། རྗེས་ཀྱི་ལྡང་ཚུལ་ལ་བསྲུང་འཁོར་དང་གཞལ་ཡས་ཁང་སྡུད་པའི་གསལ་ཁ་མི་སྣང་ཡང་ཐུན་གཞན་གྱི་ཆོ་ག་བཤད་པའི་སྐབས་སུ་གཞལ་ཡས་ཁང་བསྐྱེད་པའི་ལུགས་སུ་སྣང་བས་བསྡུས་པས་ཆོག གཞལ་ཡས་ཁང་དང་བསྲུང་འཁོར་གཉིས་ལ་སྡུད་མི་སྡུད་ཀྱི་ཁྱད་པར་མེད། ཞལ་གསུམ་ཕྱག་དྲུག་པ་དང་། ཞལ་གཅིག་ཕྱག་གཉིས་པ་གང་དུ་ལངས་ཀྱང་འདྲ། ཡུམ་ཡང་དེ་དང་འདྲ་ཞིང་ཡུམ་བཅས་སུ་ལྡང་བ་ལེགས། འདིའི་འདས་གཏོར་འབུལ་ཚུལ་ནི་མི་བསྐྱོད་པའི་གཏོར་ཆོག་གི་འདོན་པ་བསྒྱུར་ནས་ལྷ་སོ་སོའི་མཚན་སྔགས་ཀྱི་མཐར་སརྦ་དུཥྚི་སོགས་སྦྱར་བས་ཤིན་ཏུ་ཡང་ཆོག་སྟེ། ཨ་བྷྱ་ཀ་རིའི་དགོངས་པ་ཡིན། བསྟོད་པ་ལྷ་སོ་སོའི་སྒོས་བསྟོད་ཚང་བའམ། མེད་ན་མི་བསྐྱོད་རྡོ་རྗེ་བྱས་ན་ལེགས། འདུད་ཉི་ཤུ་འཇམ་དབྱངས་ཀྱི་བསྟོད་པ་ཡིན་མོད་ཀྱང་སྐབས་སུ་བབ་རྒྱུ་མེད། སྦྱིན་སྲེག་བྱེད་ན་བཞི་བརྒྱ་ལྔ་བཅུ་པ་རྩ་འགྲེལ་ལ་གཞི་བྱས། འོད་སྙེས་ཁ་བསྐངས་ན་ལེགས། མི་བསྐྱོད་པའི་སྦྱིན་སྲེག་གི་ཆོ་གས་བྱེད་ན་ཐབ་འབྲིས་ལ་སྒོ་སོ་སོའི་གཡས་གཡོན་གྱི་ངེས་པ་མི་དགོས། གཞན་སྤྱི་ཁོག་འདྲ་བ་ཡིན། དཀྱིལ་ཆོག་ལས་བུམ་པ་བཅུར་བཤད་པ་གཉིས་སུ་བསྡུར་ཨེ་རུང་ཞེས་པ་ནི། ཤིན་ཏུ་ཡང་རུང་སྟེ་ཨ་བྷྱས་ཀྱང་བཤད་དོ། །བདག་འཇུག་ཚར་གཅིག་ཟིན་ནས་ཉིན་རེ་ཞིང་བུམ་པ་བསྒྲུབ་པ་མ་གྲུབ་ན་ཆོ་ག་ཆད་པའི་ཉེས་པར་ཨེ་འགྱུར་ཞེས་པ་ནི། ཨ་བྷྱས་ཉི་མ་གཞན་ལའང་བུམ་པ་རྣམས་ལ་བཟླས་པ་དང་མཆོད་པ་སོགས་ཐུན་གསུམ་མམ། གཅིག་ཏུ་བྱའོ་ཞེས་གསུངས་ཤིང་གཞན་ཁུངས་མང་པོ་ཡང་ཡོད་པས་རིན་པོ་ཆེ་པ་དེ་བཞིན་དུ་བཞེད་ལུགས་དེ་ལེགས་པར་སེམས་སོ། །ཡེ་ཐིག་གི་སྐབས་སུ་ནམ་མཁར་ཐིག་འདེབས་པ་དང་ས་ལ་འདེབས་པ་གཉིས་བཤད་དེ་ཡེ་ཐིག་རང་གི་དབང་དུ་བྱས་པ་ཡིན། ནམ་མཁར་བཏབ་པའི་དགོས་པ་ཕྱོགས་བཅུའི་སངས་རྒྱས་སྤྱན་དྲངས་ནས་ཐིག་སྐུད་ལ་བསྟིམས་ལ། དེ་ནས་དེས་ས་ལ་བཏབ་པའི་ཐིག་བྱིན་གྱིས་རློབ་པ་ཡིན། ནམ་མཁའ་ལ་ཐིག་འདེབས་པ་ན། བྲི་འགྱུར་གྱི་དཀྱིལ་འཁོར་ནམ་མཁའ་ལ་བྱུང་བར་བསྒོམ་པ་འདི། བོད་ཀྱི་བླ་མ་འགའ་ཞིག་བཞེད་པར་གདའ་ཡང་། བླ་མེད་ཀྱི་སྐབས་སུ་དཀྱིལ་ཆོག་ཁུངས་ཐུབ་རྣམས་ལས་སྔ་མ་ལྟར་བཤད་ཀྱི་ཕྱི་མ་ལྟར་མ་བཤད། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་གི་འགྲེལ་པར་དེའང་གཅིག་བཤད་པ་ཡོད་དེ། འགྲེལ་པ་དེར་རྒྱུ་མཚན་དེ་ཉིད་ཀྱིས་དཀྱིལ་འཁོར་གཞན་དུ་ལོངས་སྤྱད་ཟིན་པས། ཐིག་སྐུད་དེས་ས་ལ་གདབ་ཏུ་མི་རུང་བར་བཤད་ནས་ས་ལ་འདེབས་པའི་ཚོན་སྣ་ལྔའི་ཐིག་སྐུད་གཉིས་པ་གཅིག་མཛད་དེ། རྒྱུད་དེ་ལས་ཚོན་སྣ་ལྔའི་ཐིག་སྐུད་གཉིས་བཤད་དོ། །འགྲེལ་པས་གཤེར་ཐིག་མ་བཤད་ཀྱང་གོ་ནུས་གསུང་ནས་སྤྱིར་ཐིག་སྐུད་ཆ་གསུམ་མཛད་དེ། འདིའི་རིགས་པ་བླ་མེད་ལ་སྦྱོར་དུ་མི་རུང་ངོ་། །ཐིག་གི་སྐབས་འདི་རྣམས་ལ་དགག་སྒྲུབ་ཀྱི་གནས་མང་དུ་ཡོད་ཀྱང་། སྐབས་གཞན་དུ་རྒྱས་པར་བཤད་པ་དང་། འདིར་ད་རེས་ཉུང་བར་བྱས་པས་མ་སྤྲོས་སོ། །བུམ་པ་འབུལ་ལུགས་འདྲི་བ་ནི་གང་བུམ་ལ་ཟེར་བ་ཡིན་མཆི་བས་གང་བུམ་ལྷ་ལ་འབུལ་ལུགས་ལ་ལྷ་རེ་རེ་ལ་བུམ་པ་རེ་རེ་ཕུལ་བ་དང་། ཐུན་མོང་དུ་འབུལ་བ་གཉིས་ཀའི་བཤད་པ་ཡོད་ལ། འབུལ་བ་ཡང་མཆོད་པའི་དོན་དུ་འབུལ་བ་ཡིན་ནོ། །དེ་ཡང་ཡིད་ཀྱིས་ལྷ་སོ་སོ་ལ་བསྔོས་པ་ཙམ་བྱེད་པ་དང་། མཆོད་པ་གཞན་འབུལ་བ་བཞིན་དངོས་སུ་ཚིག་གིས་འབུལ་བའི་ཚུལ་གཉིས་སོ། །སློབ་དཔོན་གྱི་སྡོམ་པ་འཛིན་ནུས་པས་བདག་འཇུག་སྦྲེལ་ནས་བྱེད་ན་སྡོམ་པ་བསྒྲགས་པ་ནས་རིག་པའི་དབང་ལྔ་དང་། དམ་ཚིག་གསུམ་གྱི་བར་རྣམས་བསྐྱར་ནས་བྱ་ཨེ་དགོས་ཞེས་པ་ནི། སྡོམ་བསྒྲག་ཐམས་ཅད་ལ་འོང་བའི་ངེས་པ་མེད་པས་སྐབས་དང་བསྟུན། སྡོམ་པ་བཟུང་བ་དང་རིག་པའི་དབང་ལྔ་སྔར་ཐོབ་ཀྱང་བརྟན་པར་བྱེད་པའི་དོན་དུ་སླར་ཡང་ལེན་པ་ཡིན། དམ་ཚིག་གསུམ་བཟུང་བ་ལ་དམ་ཚིག་གཞན་གཉིས་འཁོར་དུ་བྱས་ནས་གཙོ་བོ་ཕྱག་རྒྱའི་དམ་ཚིག་ལ་བརྟེན་ནས་སློབ་དཔོན་གྱི་དབང་དངོས་གཞི་བསྐུར་བ་ཁུངས་ཐུབ་དུ་མའི་བཞེད་པ་ཡིན་པས་དེ་གསུམ་སླར་ཡང་ལེན་པ་ཤིན་ཏུའང་དགོས་སོ། །བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་འཇམ་དཔལ་རྡོ་རྗེའི་བསྒྲུབ་དཀྱིལ་གྱི་དྲིས་ལན་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཤར་ཙོང་ཁ་པ་ཆེན་པོས་གནང་བའོ། །

                   རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།།
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
         དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།