ས་བཟང་པ་ལོ་ཙཱ་བ་ངག་དབང་གི་བརྒལ་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-15 14:09:57     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      84031192190281206.jpg

           བསྲུང་འཁོར་གྱི་སྐབས་སུ་ཁྱེད་ཀྱི་ཡིག་ཆུང་ལས། དཔལ་འཛིན་ལ་ལཱི་ཏའི་ཞེ་དགུ་མ། ཞི་བའི་ཡེ་ཤེས་སོགས་ཀྱིས། ཐུན་མོང་གི་བསྲུང་འཁོར་ཡང་མི་སྒོམ་པར་རྒྱུའི་འཇམ་དབྱངས་གླེགས་བམ་རལ་གྲི་ཅན་བསྐྱེད་ལ། ལ་ལཱི་ཏས་རལ་གྲི་དང་སྡིགས་མཛུབ་ཅན་དང་། ཨ་བྷཱ་ཡས་རྡོ་རྗེ་དྲིལ་བུ་འཛིན་པ་སྐྱེད་དོ། །ཤྲཱི་བྷ་དྲ་ཛྙཱ་ན་ཀ་ར་སོགས་ཀྱིས་ཐུན་མོང་གི་བསྲུང་འཁོར་ཙམ་ཞིག་བཤད་ལ། རྙོག་མེད་ལྷ་དང་ལ་ལཱི་ཏའི་རོ་ལངས་བརྒྱད་བསྐོར་དུ་ཐུན་མོང་མ་ཡིན་པའི་བསྲུང་འཁོར་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ་ཕྱག་མཚན་རྣམས་མི་གསལ་ཞིང་། ཁྲགས་འཁྲུགས་སུ་གྱུར་པའི་བསྲུང་འཁོར་རྒྱུད་གཞན་ནས་འབྱུང་བའི་ཕུར་བུ་འདེབས་པ་སོགས་མེད་པའི་འོལ་སྤྱི་ཙམ་ཞིག་འབྱུང་ཡང་། རྒྱུད་འདིར་སྲུང་འཁོར་གྱི་དོན་ལྷ་གཙོ་བོ་ཉིད་བསྒོམས་པས་འགྲུབ་པ་ལ་དགོངས་ནས། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་བསྲུང་འཁོར་མེད་པ་དང་། ཐུན་མོང་གི་བསྲུང་འཁོར་ཙམ་ལ་བརྟེན་པའོ། །དེ་ཡང་སློབ་དཔོན་མི་བསྐྱོད་པའི་འགྲེལ་པར། རྒྱུད་འདིར་ནི་མངོན་སྤྱོད་གཙོ་བོར་བྱས་པ་ཡིན་པས། གདུག་པ་རྣམས་རབ་ཏུ་འཐོར་བར་བྱེད་ཅེས་དང་། ཕྲ་ཁོག་བསླང་གི་འགྲེལ་པར། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་གྱི་རྒྱུད་དྲངས་པར། ཁྲོ་བོ་གཤིན་རྗེ་གཤེད་མཐོང་ནས། །ཁྲོ་བོ་གཞན་ནི་ཐམས་ཅད་ཀྱི། །ཐམས་ཅད་ཐམས་ཅད་ལག་ཆ་ཤོར། །ཅེས་པས་འདིར་ཐུན་མོང་མ་ཡིན་པའི་བསྲུང་འཁོར་གལ་མི་ཆེའོ། །ཞེས་འབྱུང་བའི་ལན་བརྗོད་པར་བྱ་སྟེ། རྒྱུད་འདིར་ལྷ་གཙོ་བོ་ཉིད་བསྒོམས་པས་བསྲུང་འཁོར་གྱི་དགོས་པ་འགྲུབ་པས་ཐུན་མོང་མ་ཡིན་པའི་བསྲུང་འཁོར་གལ་མི་ཆེ་ཞེས་པ་ལྟར་ཡིན་ན། ལ་ལཱི་ཏའི་ལུགས་ལའང་དེ་ལྟར་འགྱུར་བས། དེའི་གཞུང་ལས་སྔོན་དུ་བསྲུང་འཁོར་ཐུན་མོང་མ་ཡིན་པ་སྒོམ་པར་བཤད་པ་མི་དགོས་བཞིན་དུ་བཤད་པར་འགྱུར་བས་གཞུང་རྩོམ་པ་ལ་མི་མཁས་པར་འགྱུར་བ་དང་། སློབ་དཔོན་གཞན་གྱིས་ཀྱང་བསྲུང་འཁོར་ཐུན་མོང་མ་ཡིན་པ་སྒོམ་པར་ལ་ལཱི་ཏས་བཤད་པའི་རྗེས་སུ་འབྲང་དགོས་པ་ལས། མ་འབྲངས་པ་དེ་དག་གི་སྐྱོན་དུ་འགྱུར་བར་འདོད་དགོས་ཏེ། སྔར་ཕྱག་མཚན་ལ་དཔྱད་པའི་སྐབས་སུ་ཁྱེད་རང་གིས་མཛད་པ་བཞིན་ནོ། །ལྷ་གཙོ་བོའི་གནད་ཀྱིས་བསྲུང་འཁོར་ཐུན་མོང་མ་ཡིན་པ་མ་བསྒོམས་ཀྱང་ཆོག་ཅེས་པ་ནི། གཙོ་བོ་ལ་དྲག་པོའི་ཉམས་རྫོགས་པར་ཡོད་པ་ལས་མི་འདའ་ལ། དེ་ལ་ནི་སྔོན་དུ་བསྲུང་འཁོར་བསྒོམ་པ་དུ་མ་ཞིག་འདུག་ལ། རྒྱུ་མཚན་དེ་ནི་བསྲུང་འཁོར་ཐུན་མོང་བ་ལའང་མཚུངས་པའི་ཕྱིར་དང་། གསང་འདུས་འཕགས་ལུགས་ལྟ་བུ་དཀྱིལ་འཁོར་རྒྱལ་མཆོག་གི་དུས་སུ། ཁྲོ་བོ་བཅུ་བསྒོམས་པ་ལ་ཡང་སྔོན་དུ་ཁྲོ་བོ་བཅུའི་བསྲུང་འཁོར་བསྒོམས་པར་གསུངས་པ་ལ་ཕྱི་མས་ཆོག་པས་སྔ་མ་མི་དགོས་སོ་ཞེས་པར་འགྱུར་བས་མ་ངེས་སོ། །དེས་ན་ཀྱེེ་རྡོར་དང་གུར་ལྟ་བུའི་རྩ་བཤད་སྦྱར་བའི་སྒྲུབ་ཐབས་ལ་ཡང་གུར་ནས་བཤད་པ་ལྟར་གྱི་བསྲུང་འཁོར་ཐུན་མོང་མ་ཡིན་པའང་བསྒོམ་པ་དང་། ཐུན་མོང་བ་ཙམ་བསྒོམ་པ་གཉིས་ཀ་མ་གསུངས་པས། དཀྱིལ་འཁོར་དེའི་གཙོ་བོ་ལ་དྲག་ཉམས་རྫོགས་མ་རྫོགས་ཀྱི་སྒོ་ནས་མིན་གྱི། གང་ཟག་གི་རིམ་པ་དང་བསྟུན་ནས་གསུངས་པས། གལ་ཆེ་མི་ཆེ་ཡང་གཙོ་བོའི་ལྷ་དྲག་མི་དྲག་མི་གཙོའི་སྒོམ་པ་པོའི་གང་ཟག་གི་དབང་གིས་འཇོག་པར་སྣང་ངོ་། །བསྲུང་འཁོར་ལ་དཔྱད་པའི་ལན་བཤད་ཟིན་ཏོ། །རྒྱན་ལ་དཔྱད་པའི་སྐབས་སུ་ཁྱེད་ཀྱི་ཡིག་ཆུང་ལས། འདིའི་རྒྱུད་འགྲེལ་སྒྲུབ་ཐབས་གང་དུ་ཡང་རུས་པའི་རྒྱན་དྲུག་ཡེ་མི་གསལ་ཏེ་སྤྱིར་སྦྲུལ་རྒྱན་བྱུང་ན་རུས་རྒྱན་མི་འོང་བར་མངོན་ཏེ། གང་སྦྲུལ་རྒྱན་གསལ་བར་བྱུང་བ་ལ་རུས་པའི་རྒྱན་ཡེ་མི་འབྱུང་བས་ཁྱབ། དཔེར་ན་འཁོར་ཆེན་བཞིན། དགྲ་འཇིགས་གཤེད་དམར་སོགས་ལའང་སྦྲུལ་རྒྱན་བྱུང་ངོ་། །ཞེས་བྱ་བ་འགལ་བ་དམིགས་པའི་གཏན་ཚིགས་སོ། །ཞེས་པ་འདི་ནི་བདག་གི་བསམ་པའོ། །མགོན་པོའི་སྐུ་འགའ་ལ་གཉིས་ཀ་བྱུང་བ་ནི་བོད་དག་གིས་བྱས་ལ། མཚོ་སྐྱེས་ཀྱི་ལ་ལར་བྱུང་བ་ཡི་གེ་ཉམས་པའོ། །འོན་ཀྱང་རྭ་སྐྱེ་སོགས་བོད་ཀྱི་མཁས་པ་དུ་མས་མཛད་པའི་སྙན་བརྒྱུད་ཡོད་པའང་སྲིད་དོ་ཞེས་པའི་ལན་བརྗོད་པར་བྱ་སྟེ། སྦྲུལ་རྒྱན་གསལ་བར་བྱུང་བ་ལ་རུས་རྒྱན་མི་འོང་བས་ཁྱབ། དཔེར་ན་འཁོར་ཆེན་བཞིན་དགྲ་འཇིགས་གཤེད་དམར་སོགས་ལའང་སྦྲུལ་རྒྱན་བྱུང་ངོ་། །ཞེས་པའི་གཏན་ཚིགས་འདི་ལ། མ་གྲུབ་པའི་རྟགས་མིན་པ་དང་། མཐུན་ཕྱོགས་ལ་མཐོང་བས་འགལ་རྟགས་མིན་མོད་ཀྱི། རྟགས་ཡང་དག་ཐམས་ཅད་ཀྱི་ཚུལ་སྒྲུབ་པའི་གལ་ཆེ་ཤོས་ནི་མ་ངེས་པ་སྤོང་བ་ཡིན་ལ། དེ་ཡང་སྤྲུལ་རྒྱན་གསལ་བར་བྱུང་བ་དང་། རུས་རྒྱན་ཡོད་པ་གཉིས་གཞི་མཐུན་སྲིད་པ་ལ་གནོད་པ་སྟོན་དགོས་པ་ལ་འདིར་དེ་མ་བསྟན་ཅིང་སྟོན་པར་མི་ནུས་ཏེ། དེ་གཉིས་གཞི་མཐུན་བཤད་པའི་གཞུང་ཁུངས་ཐུབ་དུ་མ་ཞིག་མཐོང་བའི་ཕྱིར་རོ། །དེ་ཡང་མངོན་བརྗོད་ཀྱི་ཁྲོ་བཅུའི་སྐབས་ལས། ཐམས་ཅད་ཞལ་གསུམ་ཕྱག་དྲུག་པ། །ན་རའི་རུས་པའི་རྒྱན་གྱིས་བརྒྱན། །ཞེས་དང་། སྟག་གི་པགས་པ་གོས་སུ་མནབས། །སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །ཞེས་ཁྲོ་བོ་རྣམས་ལ་རུས་རྒྱན་དང་སྦྲུལ་རྒྱན་གསལ་བར་བཤད་དོ། །མངོན་བརྗོད་འབྲོག་མི་དང་ལོ་ཆུང་གིས་བསྒྱུར་བ་ལས། རུས་རྒྱན་ནི་གསལ་ལ། ཕྱི་མའི་སྐབས་སུ་འཇིགས་པའི་ཕྲེང་བའི་རྒྱན་ཅན་ཏེ། དེས་ནི་བདག་ཉིད་རྒྱན་དུ་བྱས། ཞེས་འཇིགས་པའི་ཕྲེང་བའི་རྒྱན་ཞེས་པ་ནི་སྦྲུལ་རྒྱན་ཡིན་ཏེ། མི་ཐུབ་ཟླ་བས་མངོན་བརྗོད་བཞིན་དུ་ཁྲོ་བཅུ་བཤད་པའི་སྒྲུབ་ཐབས་བདུད་རྩི་འཛག་པ་ལས། སྟག་གི་པགས་པའི་ན་བཟའ་མནབས། །སྦྲུལ་གྱི་རྒྱན་གྱིས་འཇིགས་མཛད་པའོ། །ཞེས་བཤད་ལ། རུས་རྒྱན་ནི་དེར་ཡང་གསལ་བར་བཤད་དོ། །ལྭ་བ་པའི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པར། མངོན་བརྗོད་ལ་བརྟེན་ནས་ཁྲོ་བཅུ་བཤད་པའི་སྐབས་ལས་ཀྱང་། ཁྲོ་བོ་ཐམས་ཅད་ཀྱང་སྐྲ་ཁམ་པ་གྱེན་དུ་འབར་ཞིང་། སྨིན་མ་གཉེར་བའི་ཁྲོ་གཉེར་རྣམ་པར་གཙིགས་པའི་ཞལ་ཅན། ཐུང་ཞིང་གསུས་པ་འཕྱང་བ། སྤྱན་གསུམ་པ་དམར་ཞིང་ཟླུམ་པ། མགོ་བོའི་ཕྲེང་བས་དོ་ཤལ་བྱས་ཤིང་། མི་རུས་ཀྱི་རྒྱན་གྱིས་ཀླུབས་པ། མཐའ་ཡས་སྔོན་པོའི་རྒྱན་གྱིས་སྤྱི་གཙུག་གི་ནོར་བུ་བྱས་ཤིང་། འཇོག་པོ་དམར་པོའི་འོད་འགྱིང་བས་རྣ་ཆའོ། །པདྨ་ཆེན་པོ་དཀར་པོས་དོ་ཤལ་བྱས་པས་བརྒྱན་ཅིང་། སྟོབས་ཀྱི་རྒྱུ་ལྗང་ཁུས་ནི་མཆོད་ཕྱིར་ཐོགས་བྱས་པའོ། །དུང་སྐྱོང་སེར་པོས་ནི་ལག་གདུབ་བྱས་པའོ། །རིགས་ལྡན་སྣ་ཚོགས་ཀྱི་མདོག་གིས་དཔུང་རྒྱན་དུ་ཡང་དག་པར་བཏགས་པའོ། །པདྨ་དཀར་པོས་ནི་སྐ་རགས་སུ་བྱས་པའོ། །ནོར་རྒྱས་ཀྱི་བུ་མདོག་པདྨའི་རྩ་བ་འདྲ་བས་རྐང་གདུབ་བྱས་པའོ། །ཞེས་སྦྲུལ་རྒྱན་བརྒྱད་དང་རུས་རྒྱན་གཉིས་ཀ་གསལ་བར་གསུངས་ལ། ལྷ་སྦས་ཀྱི་བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པར་ཡང་ལྭ་བ་པ་དང་མཐུན་པར་འབྱུང་བས། རུས་པ་དང་སྦྲུལ་གྱི་རྒྱན་གཉིས་ཀས་ལྷ་གཅིག་ལ་བརྒྱན་པ་ལ་འགལ་བ་གཏན་མེད་པས། དེ་གཉིས་བྱུང་བ་ལ་ཡི་གེ་ཉམས་པ་དང་རྟོག་བཟོ་ཡིན་སྙམ་དུ་མི་བཟུང་ངོ་། །གཞན་ཡང་གཙུག་རྒྱན་ལ་སོགས་པ་བརྒྱད་པོ་སྦྲུལ་ལ་བྱས་ན། རྣ་རྒྱན་སོགས་རིགས་མི་འདྲ་བ་གཉིས་གཉིས་མི་དགོས་པས་སྦྲུལ་རྒྱན་ཚང་བར་བྱུང་བ་ལ་རུས་རྒྱན་མི་དགོས་སམ་སྙམ་པའི་དོགས་པ་འབྱུང་ས་ཡོད་པས་དེའི་དོགས་པ་བཅད་དགོས་མོད་ཀྱང་འཇིགས་བྱེད་ལ་ནི་དེའི་དོགས་པ་ཡང་མེད་དོ། །མི་གཡོ་བའི་རྟོག་པའི་རྒྱལ་པོ་ལས། ཁྲོ་བོ་མི་གཡོ་བོ་ལ་རུས་པ་དང་རིན་པོ་ཆེ་དང་སྦྲུལ་རྒྱན་གསུམ་ག་བཤད་པའང་སྣང་མོད་ཀྱང་མ་བྲིས་སོ། །དིང་སང་བསྟན་པ་འགྲིབ་པ་ལ་ཤིན་ཏུ་ཉེ་བར་སོང་བས་སྔོན་གྱི་དམ་པ་རྣམས་བཞིན་དུ་ཕྱོགས་རེས་མི་ཚིམ་པར་གཞུང་ལུགས་ཀུན་ལ་འདྲིས་པར་བྱེད་ཅིང་། དེ་ཡང་རང་རང་གི་གོང་འོག་བསྒྲོགས་པའི་དཔྱད་པ་དག་པོ་བྱེད་མཁན་ཤིན་ཏུ་དཀོན་པ་དང་། ཁྱད་པར་སྔགས་ཕྱོགས་ལ་དེ་ཆེས་ཤིན་ཏུ་དཀོན་པར་སོང་འདུག་པས། ཕྱོགས་མཐོང་ཙམ་དང་། དེ་ཡང་གུང་བསྒྲིགས་པའི་དཔྱད་པ་མ་དག་པར་ཁ་མཚོན་གཅོད་པ་སྐྱོན་པར་གདའ་ནའང་། དམ་པ་ཁྱེད་གཞུང་ལུགས་ཀུན་ལ་སྦྱོང་ཞིང་། དེ་དང་རྗེས་སུ་མཐུན་པའི་དཔྱད་པ་མཛད་པར་ཡོད་གདའ་བ་ལ། ཁྱེད་ཀྱིས་དཔྱད་པ་བྱས་པའི་གཞི་བདག་གིས་སྒྲུབ་ཐབས་སུ་བཀོད་པ་རྣམས་ལའང་འདི་ལྟ་བུའི་ཁུངས་དང་དཔྱད་པ་བྱས་ཡོད་དོ་ཞེས་སྨྲས་པ་ཡིན་གྱི། གཞན་དུ་ན། སློབ་དཔོན་རྒྱལ་པོ་སྲས་གྲགས་པའི་བཤེས་གཉེན་གྱིས། དོན་དཀའ་བ་ལ་བདག་འདྲའི་བློ། །འཁྲུལ་མི་སྲིད་པ་མ་ཡིན་པས། །ཅི་སྟེ་མིན་ན་གཞན་དུ་གྱིས། །ཞེས་གསུངས་པ་ལྟར་ཡིན་པས། བློ་དང་ལྡན་པ་རྣམས་ཀྱིས་ཀུན་དཀྲིགས་དམ་པའི་འཛིན་པ་དོར་ཏེ། ལེགས་པར་དཔྱད་ནས་བསྟན་པ་རིན་པོ་ཆེ་ཡོངས་སུ་དག་པར་བྱའོ། །འདི་ནི་ས་བཟང་པ་ལོ་ཙཱ་བ་ངག་དབང་གིས་བརྒལ་བརྟག་གི་ཡི་གེ་ཕུལ་བའི་ལན་དུ། རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོའི་ཞལ་སྔ་ནས་གནང་བའོ། །

                     རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
           རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
           དྲ་བའི་སྦྲེལ་ཐགhttp://www.tb1025.cn


 

བརྒྱུད་འགོད།