རིན་པོ་ཆེའི་རྒྱལ་དབང་པའི་དྲིས་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-15 14:00:06     རྩོམ་པ་པོ།   རྗེ་ཙོང་ཁ་བ།    ཀློག་ཐེངས།  

      54864999090888009.jpg

         སྭསྟི། བྱང་ཆུབ་མཆོག་གི་ཐུགས་ནི་རབ་བརྟན་པས། །བདེ་བར་གཤེགས་པའི་གདུང་འཚོབ་རྒྱལ་བའི་སྲས། །ངུར་སྨྲིག་འཛིན་པའི་དབང་པོ་དམ་པ་ཁྱོད། །མི་མཐུན་ཕྱོགས་ལས་རིང་དུ་རྒྱལ་གྱུར་ཅིག །ཅེས་བསྟན་པ་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་གངས་ཁྲོད་ཀྱི་ངུར་སྨྲིག་འཛིན་པའི་གཙུག་རྒྱན་དམ་པ་རིན་པོ་ཆེ་བའི་སྤྱན་སྔར་ཞུ་བ། སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བརྟན་ཞིང་བསྟན་པ་རྒྱས་པའི་འཕྲིན་ལས་ཕྱོགས་བཅུར་རྒྱས་པའི་ཐད་ནས་བཀའ་སྩལ་སྨན་མཆོག་ལྔ་བཅུའི་རྟེན་དང་བཅས་པ་བསྐུར་བ་འཕྲོད་པས་ཤིན་ཏུ་ཡི་རངས་པར་གྱུར་ལགས། སོ་སྐྱེའི་གདམས་ངག་གི་ཉམས་ཡོད་པ་ཞིག་གིས་བསྒོམས་པ་ན་གསལ་ལ་མི་རྟོག་པའི་ངང་ལ་གནས་པའི་ཚེ། གནས་ཆ་ལ་ཞི་གནས་གསལ་ཆ་ལྷག་མཐོང་ཡིན་ནམ་གསུང་བ་ནི། མདོ་སྡེ་དགོངས་འགྲེལ་དང་ས་སྡེ་སོགས་ཀྱི་གཞུང་མང་པོ་ནས་ལུས་སེམས་ཤིན་ཏུ་སྦྱངས་པ་མ་ཐོབ་གོང་གི་དགེ་བའི་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་རྣམས་ཞི་གནས་རྗེས་མཐུན་པ་དང་། ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་བསྒོམས་པ་རྣམས་ལྷག་མཐོང་རྗེས་མཐུན་པར་གསུངས་པས་ཞི་གནས་མཚན་ཉིད་པར་འཇོག་པ་ལ་ཤིན་ཏུ་སྦྱངས་པ་ཐོབ་དགོས་ཤིང་། རྗེས་མཐུན་པ་དང་མཚན་ཉིད་པ་གཉིས་ཀའི་སྐབས་སུ་ཡང་མདོ་སྡེ་རྒྱན་ནས་གསུངས་པ་བཞིན་དུ་ཞི་གནས་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ལ་འཇོག་ཅིང་། ལྷག་མཐོང་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ལ་བྱ་དགོས་ལ། ལྷག་མཐོང་ལ་ཇི་སྙེད་པ་དང་ཇི་ལྟ་བ་ལ་དམིགས་པ་གཉིས་གསུངས་པའི་ཕྱི་མ་ལ་ནི་བདག་མེད་པའི་དོན་རྟོགས་པའི་གསལ་ཆ་དགོས་ཀྱི་བདག་མེད་ཀྱི་དོན་འབྱེད་མི་ནུས་པའི་གསལ་ཆས་མི་ཆོག་ལ། རྒྱུད་ལ་གསུམ་དུ་ཕྱེ་བའི་རྒྱུ་རྒྱུད་སེམས་ཀྱི་དེ་བཞིན་ཉིད་དྲི་མ་ཐམས་ཅད་དང་བྲལ་ཞིང་ཟག་མེད་ཀྱི་ཡོན་ཏན་རྫོགས་པ་ལ་འབྲས་རྒྱུད་དང་། ངོ་བོ་ཉིད་ཀྱི་སྐུ་ཡིན་ནམ་གསུང་བ་དེ་ལྟར་ལགས། སངས་རྒྱས་ཀྱི་ས་ན་ཇི་ལྟ་བ་མཁྱེན་པ་དང་ཇི་སྙེད་པ་མཁྱེན་པའི་རྗེས་ཐོབ་གཉིས་གཅིག་ཡིན་ནམ་གསུང་བ་ནི། ཡེ་ཤེས་ངོ་བོ་གཅིག་ལ་ཐ་སྙད་སོ་སོར་འདོགས་པར་བདེ། སངས་རྒྱས་ཀྱི་གཟུགས་སྐུ་རྣམས་ཡེ་ཤེས་མཐར་ཐུག་གདུལ་བྱ་ལ་གཟུགས་སྐུར་སྣང་བ་ཡིན་ནམ་གསུང་བ་ཡང་དེ་ལྟར་དུ་གོ ། རྒྱལ་བའི་ཡུམ་ལས་འོད་གསལ་བསྒོམ་པ་དང་། རྒྱུད་སྡེ་རྣམས་ལས་ཟུང་འཇུག་བསྒོམ་པར་གསུངས་པ་དེ་རིམ་པ་བཞིན་དུ་སྤངས་པ་མཐར་ཐུག་དང་རྟོགས་པ་མཐར་ཐུག་དེ་ལྟར་ཡིན་ནམ་གསུང་བ་ནི། གསང་འདུས་ནས་ཚུལ་བཞིའི་སྐབས་སུ་འོད་གསལ་དང་ཟུང་འཇུག་གཉིས་མཐར་ཐུག་ཏུ་བཤད་པ་ལ། བོད་ཀྱི་བླ་མ་གོང་མ་རྣམས་དེ་གཉིས་གང་གི་མཐར་ཐུག་ཡིན་དཔྱོད་པ་ན་དེ་གཉིས་སྤངས་པ་དང་རྟོགས་པའི་མཐར་ཐུག་ཏུ་འཆད་པར་སྣང་ཡང་། རྒྱུད་དང་འགྲེལ་པའི་དགོངས་པ་སེམས་དེ་ཁོ་ན་ཉིད་ཀྱི་མཐར་ཐུག་ལ་འོད་གསལ་གྱི་མཐར་ཐུག་དང་། ལུས་དག་པའི་སྒྱུ་མའི་སྐུ་ཡི་མཐར་སླེབ་པ་དང་སེམས་ཀྱང་སྔར་ལྟར་མཐར་ཐུག་པའི་བདེན་གཉིས་ཀྱི་རྫོགས་རིམ་གཉིས་རེས་འཇོག་མེད་པར་ཟུང་འཇུག་གི་མཐར་ཐུག་ཏུ་གོ་ལགས། སེམས་གསལ་སྟོང་དུ་ཤར་བ་ལ། ཁམས་རང་བཞིན་རྣམ་དག་དང་། བདེ་གཤེགས་སྙིང་པོར་བྱེད་དམ་གསུང་བ་ནི། གསལ་སྟོང་གི་ཆོས་ཉིད་སྟོང་པ་ལ་དེ་ལྟར་ཐ་སྙད་འདོགས་པ་ལེགས། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་ངོར་སྣང་བ་ནི་རྣམ་པ་འགག་གམ་སྣང་ལ་རང་བཞིན་མེད་པར་འཆར་གསུང་བ་ནི་ཕྱི་མ་ལགས། འོད་གསལ་གྱི་ངང་ནས་སེམས་ཅན་སྡུག་བསྔལ་གྱིས་ཉེན་པ་རྣམས་ལ་སྙིང་རྗེ་བརྩེ་ལྷང་སྐྱེ་བ་ལ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཟེར་རྒྱུ་ཡིན་ནམ་གསུང་བ་ནི་ཐེག་པ་ཆེན་པོ་སྤྱི་སྐད་ཀྱི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཞེས་པ་ད་ལྟའི་རྣལ་འབྱོར་པས་སྤྱོད་ན། སྟོང་ཉིད་ཀྱི་ལྟ་བའི་ཉམས་མྱོང་བརྟན་པའི་རྩི་མ་ཞིག་པར། སེམས་ཅན་ལ་སྙིང་རྗེ་ཆེན་པོ་སྐྱེ་བ་ལ་བྱ་དགོས་ལ། གསང་སྔགས་བླ་མེད་ནས་སྟོང་པ་སྙིང་རྗེ་དབྱེར་མེད་བཤད་པ་ཕལ་མོ་ཆེ་ཁམས་གཉིས་ཀྱི་ཞུ་བ་དེ་ལ་བརྟེན་ནས་དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པའི་བདེ་སྟོང་དབྱེར་མེད་ལ་བཀྲལ་བ་མང་བས། འདི་དང་སྔ་མ་གཉིས་ཀ་འཚལ་བ་ལགས། དྲི་བའི་ལན་ཚིག་ཉུང་ལ་གོ་བདེ་བ་གྱིས་གསུང་བ་གདའ་བས། རང་རེའི་གོ་ཚོད་མདོ་ཙམ་གསོལ་བ་མ་གཏོགས། ལུང་རིགས་ཀྱི་ཤེས་བྱེད་མང་པོ་མ་བཀོད་པ་ལགས། བཀའ་ཤོག་ཁར་སང་སྔ་རབ་ནས་མཛད་འདུག་ཀྱང་། འདིར་དགུན་ཞུགས་ཁ་མིན་པ་མ་འཕྲོད། དེ་ནས་བྲེལ་བ་འགའ་ཞིག་གིས་འགྱངས་པས། ད་བར་དུ་མ་གྲུབ་པ་ཆེད་ཆུང་བགྱིས་པ་མ་ལགས་པས་ཐུགས་ཀྱི་མི་བས་པར་ཞུ། སྐྱེ་དགུའི་ཕན་བདེ་བསྟན་པ་ལ་རག་ལས་ཤིང་། བསྟན་པ་རིང་དུ་གནས་པ་ལ་ཉིད་ལྟ་བུའི་བཤེས་གཉེན་དམ་པ་རྣམས་འཇིག་རྟེན་ན་རིང་དུ་ཞབས་བརྟན་པ་ལ་རག་ལས་པས། སྐུ་ཁམས་ཡུན་རིང་དུ་བཟང་བའི་རྟེན་འབྲེལ་སྒོ་དུ་མ་ནས་ཞུ། སླད་ནས་ཀྱང་སྐུ་ཁམས་རིན་པོ་ཆེ་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་ཞབས་བརྟན་པའི་ཐད་ནས་ལེགས་པར་བཤད་པའི་འབེལ་བའི་གཏམ་གྱི་དགའ་སྟོན་ལ་ལོངས་སྤྱོད་པར་སྨོན་ལགས། འདི་རིན་པོ་ཆེ་རྒྱལ་དབང་བ་ལ་མཛད་པའོ། །

                                      རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
    གསལ་འདེབས།། 
         རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
         དྲ་བའི་སྦྲེལ་ཐགhttp://www.tb1025.cn

 


 

བརྒྱུད་འགོད།