ཆེད་བསྒྲིགས། བསྟོད་པ་ཆུ་སྐྱེས་འཛུམ་པའི་འོད་མདངས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-24 18:43:22     རྩོམ་པ་པོ།   བཙན་འབྲོང་ཚ།    ཀློག་ཐེངས།  

644dea47xa298d7f753a4&690.jpg

དུས་གསུམ་རྒྱལ་བའི་མཁྱེན་རབ་འོ་མའི་མཚོ།།

ལྔ་ལྡན་ཟུར་ཕུད་འཛིན་པའི་སྐུར་ཤར་བ།།

འཇམ་པའི་དབྱངས་དངོས་རྗེ་བཙུན་ཙོང་ཁ་པ།།

སྲས་དང་བཅས་ལ་དང་བའི་ཡིད་ཀྱིས་འདུད།།

 

སྔོན་ཚེ་དེ་བཞིན་གཤེགས་པ་དབང་བོ་ཏོག།།

སྤྱན་སྔར་རྒྱལ་སྲས་ཁྲི་འབུམ་བསྐོར་བའི་དབུས།།

འཇིགས་མེད་སྙིང་སྟོབས་ཆེན་པོས་དམ་བཅས་ཚེ།།

ཕྱོགས་བཅུའི་རྒྱལ་པས་བསྔགས་པའི་མེ་ཏོག་འཐོར།།

 

ལྷ་མིའི་སྟོན་པ་ཐུབ་པའི་དབང་བོ་ལ།།

རིན་ཆེན་ཤེལ་ཕྲེང་ཕུལ་བས་ཐུབ་པས་ཀྱང་།།

དགྱེས་བཞིན་ཆོས་དུང་དཀར་པོ་གནང་དང་ལྷན།།

བསྟན་པ་འཛིན་པའི་མཆོག་ཏུ་ལུང་བསྟན་མཛད།།

 

གངས་རིའི་ལྗོངས་འདིའི་མཁས་པའི་མཁས་པ་ལས།།

ཁྱོད་ཉིད་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་བཞིན།།

གང་ནས་འཇལ་ཀྱང་འགྲན་ཟླ་མ་མཆིས་ཕྱིར།།

མཚུངས་མེད་སྐྱེས་བུ་ཆེན་པོ་ཁྱོད་མིན་སུ།།

 

ལྗོངས་འདིར་ཐུབ་པའི་དབང་བོ་མ་བྱོན་ཡང་།།

བསྟན་པ་ཉི་འོད་བཞིན་དུ་གསལ་བ་ལ།།

ཐུབ་དབང་ལས་ཀྱང་འཕྲིན་ལས་རྒྱ་ཆེ་བས།།

དོན་གྱི་རྒྱལ་བ་གཉིས་པ་ཁྱོད་མིན་སུ།།

 

ཁྱོད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་འབུམ།།

དེ་བཞིན་གཤེགས་པས་བརྗོད་དུ་མ་མཆིས་ན།།

ཉམ་ཆུང་བདག་འདྲས་བརྗོད་པར་མི་ནུས་མོད།།

ཆུ་ཐིག་ཙམ་ཞིག་བརྗོད་པའི་ཚུལ་དུ་བྱས།།

 

རྗེ་བཙུན་བླ་མ་ཙོང་ཁ་པ་ལ་བསྟོད་པ་ཆུ་སྐྱེས་འཛུམ་པའི་འོད་སྣང་ཞེས་པ་འདི་ཡང་བཙན་འབྲོང་ཚས་ལྔ་མཆོད་ཆེན་མོ་ཉིན་སྦྱར་བའོ།།།།

                 རྩོམ་སྒྲིག་པ།  ཤེས་རབ་རལ་གྲི། 
གསལ་འདེབས།
 
                 
 
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ། 
                   
 
དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།