བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-21 11:04:51     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

    505007275199646451.jpg

          ནམཿ་ཤྲཱི་གུ་རུ་མཉྫུ་གྷོ་ཥཱ་ཡ། ཕུལ་བྱུང་མཛད་པས་འགྲོ་ལ་མི་ཟད་དཔལ་སྟེར་ཞིང་། །ལན་ཅིག་དྲན་པས་འཆི་བདག་འཇིགས་པ་རིང་དུ་འདོར། །རྟག་ཏུ་བརྩེ་བས་འགྲོ་ལ་བུ་བཞིན་དགོངས་གྱུར་པ། །ལྷ་མིའི་འདྲེན་པ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཐུབ་པའི་དབང་པོས་ལན་གྲངས་དུ་མ་རུ། །ལེགས་པར་ཡོངས་སུ་བསྔགས་པའི་ཞིང་གི་མཆོག །བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་འགའ། །བརྩེ་བའི་དབང་གིས་ཇི་ལྟར་ནུས་བཞིན་བརྗོད། །དེ་ལ་དྲི་མ་མེད་པའི་གསུང་རབ་རྣམས་ལས་རྒྱལ་བའི་དབང་པོ་རྣམས་ཀྱིས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སློབ་པ་ན་ཇི་ལྟར་ཐུགས་བསྐྱེད་ཅིང་སྨོན་ལམ་བཏབ་པ་དེ་བཞིན་དུ་ཡོངས་སུ་གྲུབ་པའི་སྤྲུལ་པའི་སྐུ་ཡི་ཞིང་གི་བཀོད་པ་མང་དུ་གསུངས་པ་ཡོད་མོད། འོན་ཀྱང་བདེ་བ་ཅན་གྱི་ཞིང་འདི་ནི་ཐུབ་པའི་དབང་པོས་ཞིང་གི་ཡོན་ཏན་གྱི་བཀོད་པ་རྒྱས་པར་གསུངས་ཤིང་། ཞིང་གཞན་དཔག་ཏུ་མེད་པ་ནས་ཀྱང་རང་རང་གི་བདེ་བར་བཤེགས་པས་བསྔགས་པ་ལན་གྲངས་དུ་མར་གསུངས་པ་ལ་བརྟེན་ནས། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་རྣམས་ཞིང་དེར་སྐྱེ་བར་གསུངས་པ་དང་། ཞིང་འདིར་ཡང་དེའི་དུས་དང་མ་འོངས་པའི་གང་ཟག་གི་དབང་དུ་མཛད་ནས་བདེ་བ་ཅན་དུ་འགྲོ་བ་ལ་མོས་པ་དྲག་པོ་བསྐྱེད་དགོས་པར་གསུངས་པ་དང་། གཞན་ཡང་མདོ་དང་རྟོག་པ་དང་གཟུངས་དུ་མར་ཕན་ཡོན་གྱི་སྐབས་སུ་བདེ་བ་ཅན་དུ་སྐྱེ་བར་བཀའ་སྩལ་པའི་སྒོ་ནས་ཞིང་དེར་སྐྱེ་བའི་ཐབས་མང་དུ་གསུངས་ཤིང་། དེ་རྣམས་ཀྱང་ད་ལྟར་གྱི་གང་ཟག་རྣམས་ཀྱིས་ཀྱང་སྒྲུབ་པར་མི་ནུས་པ་མི་སྣང་བ་དང་། གཞན་ཡང་ཞིང་ཁ་ཅིག་ནི་སྙིགས་མ་ལྔས་སྦགས་པས་དེར་སྐྱེས་པ་རྣམས་ཉམས་པར་སླ་ཞིང་། ཁ་ཅིག་ནི་བྱང་ཆུབ་སེམས་དཔའི་འཁོར་ཤ་སྟག་གིས་གང་བ་ལ་སོགས་པ་སྣོད་བཅུད་ཀྱི་འབྱོར་བ་ཧ་ཅང་ཡང་རླབས་ཆེ་བས་སྐྱེ་བར་དཀའ་བ་དང་། བདེ་བ་ཅན་དུ་སྐྱེས་པ་རྣམས་ནི་ཡང་དག་པ་ཉིད་ཀྱི་ཚོགས་འབའ་ཞིག་ཏུ་ངེས་པའི་ཕྱིར་དང་། མདོར་ན་ཞིང་གང་ལ་འདུན་པ་ཤས་ཆེ་བ་དེ་ཞིང་དེར་སྐྱེ་བ་མྱུར་ཞིང་འདིའི་གང་ཟག་རྣམས་བདེ་བ་ཅན་ལ་མོས་པ་མང་བའི་ཕྱིར། བདག་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ནི་གཙོ་བོར་བདེ་བ་ཅན་གྱི་ཞིང་ལ་དམིགས་ཏེ་བགྱིད་པར་རིགས་སོ། །རྒྱུ་ཇི་ལྟ་བུ་བསྒྲུབས་པས་ཞིང་དེར་སྐྱེ་བ་ནི། ཞིང་བཀོད་ཀྱི་མདོ་ལས་འབྱུང་བ་བཞིན་དུ་ཇི་སྐད་དུ། ཀུན་དགའ་བ་སེམས་ཅན་གང་དག་ཁ་ཅིག་དེ་བཞིན་གཤེགས་པ་དེ། རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་སྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཞིང་མདུན་གྱིས་བལྟས་ནས་བཞུགས་པར་གྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་ཉིད་དུ་སྐྱེ་བར་འགྱུར་རོ། །ཀུན་དགའ་བོ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་བདག་གིས་ཚེ་འདི་ལ་འོད་དཔག་མེད་མཐོང་ཡང་ཅི་མ་རུང་སྙམ་དུ་སེམས་པ་དེས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ལ་ལྷག་པའི་བསམ་པའི་རྒྱུད་ཀྱི་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་སེམས་ཡང་དག་པར་བཏང་སྟེ། དགེ་བའི་རྩ་བ་རྣམས་བསྐྱེད་པར་བྱ་ཞིང་ཡོངས་སུ་བསྔོ་བར་བྱའོ། །ཀུན་དགའ་བོ་གང་དག་ཡང་དེ་བཞིན་གཤེགས་པ་དེ་ཡང་དང་ཡང་དུ་ཡིད་ལ་བྱེད་ཅིང་། དགེ་བའི་རྩ་བ་མང་པོ་དཔག་ཏུ་མེད་པ་རྒྱུན་དུ་བསྐྱེད་ལ། སངས་རྒྱས་ཀྱི་ཞིང་དེར་སེམས་ཡང་དག་པར་གཏོང་བ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེའི་ཁ་དོག་དང་། དབྱིབས་དང་། ཆུ་ཞེང་དང་། ཞམ་རིང་བ་དགེ་སློང་གི་དགེ་འདུན་ཅི་འདྲ་བ་དེ་འདྲ་བའི་སངས་རྒྱས་ཀྱི་སྤྲུལ་པ་དག་མདུན་དུ་གནས་པར་གྱུར་ཏེ། དེ་དག་དེ་བཞིན་གཤེགས་པ་མཐོང་བས་རབ་ཏུ་དང་བ་ལ་དམིགས་པའི་ཏིང་ངེ་འཛིན་དེ་དང་། བརྗེད་པ་མེད་པའི་དྲན་པས་ཤི་འཕོས་ནས་སངས་རྒྱས་ཀྱི་ཞིང་དེ་ཉིད་དུ་སྐྱེ་བར་འགྱུར་རོ་ཞེས་གང་གསུངས་པའོ། །དེ་ལ་མདོ་དང་པོས་རྒྱལ་བ་འོད་དཔག་མེད་ཡང་ཡང་དྲན་པ་དང་། དགེ་རྩ་སྒོ་དུ་མ་ནས་དཔག་ཏུ་མེད་པ་གསོག་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། བསགས་པའི་དགེ་བ་རྣམས་ཞིང་དེར་སྐྱེ་བའི་ཕྱིར་དུ་སྨོན་ལམ་འདེབས་པ་དང་བཞི་བྱས་ན་སྐྱེ་བར་གསུངས་པའི་གསུམ་པ་ནི། ཞིང་དེ་ན་ཐེག་པ་ཆེ་ཆུང་གཉིས་ཡོད་པའི་ཐེག་ཆེན་གྱི་རིགས་སུ་སྐྱེ་བ་འཛིན་པའི་དབང་དུ་མཛད་ལ། ལྷག་མ་གསུམ་ནི་ཐུན་མོང་གི་དབང་དུ་མཛད་པའོ། །མདོ་གསུམ་པས་ནི་ཞིང་དེར་སེམས་ཡང་དག་པར་གཏོང་བ་ཡང་སྐྱེ་བའི་རྒྱུར་གསུངས་པ་ནི་སྔ་མ་ལ་ཡང་དགོས་ལ། དེའི་དོན་ནི་ཞིང་གི་ཡོན་ཏན་གྱི་བཀོད་པ་ཡང་ཡང་དྲན་པར་བྱས་ནས་བསམ་པ་ཐག་པ་ནས་ཞིང་དེར་སྐྱེ་བ་འཛིན་པར་འདོད་པའོ། །མདོ་བར་པས་ནི་ཤི་འཕོས་ནས་ཞིང་དེར་སྐྱེ་བའི་རྒྱུར་བསྟན་པ་རྣམས་ཚེ་འདི་ཉིད་ལ་འོད་དཔག་མེད་མཐོང་བར་འདོད་པས་ཀྱང་བྱ་བར་གསུངས་སོ། །དེ་ལྟར་ན་བྱང་ཆུབ་སེམས་ཀྱིས་ཟིན་པར་བྱས་ལ་དགེ་བའི་རྩ་བ་སྒོ་དུ་མ་ནས་རྒྱུན་དུ་བསག་ཅིང་དེ་དག་ཀྱང་བདེ་བ་ཅན་གྱི་ཞིང་དུ་ཐེག་པ་ཆེན་པོའི་རིགས་ཅན་ཁོ་ནར་སྐྱེ་བ་གཟུང་བའི་ཕྱིར་དུ་བསམ་པ་ཐག་པ་ནས་སྨོན་ལམ་གདབ་ཅིང་རྒྱལ་བ་འོད་དཔག་མེད་ཡང་ཡང་ཡིད་ལ་བྱ་བར་གསུངས་པ་ནི་མཚོན་པ་ཙམ་སྟེ། ཞིང་དེའི་སྣོད་བཅུད་ཀྱི་ཡོན་ཏན་གྱི་བཀོད་པ་མདོ་ལས་གསུངས་པ་རྣམས་ཡང་ཡང་དྲན་པར་བྱ་ཞིང་། ཁྱད་པར་དུ་སྨོན་ལམ་འདེབས་པའི་ཐོག་མར་ཞིང་གི་ཡོན་ཏན་རྣམས་དྲན་ནས་རྒྱལ་བ་འོད་དཔག་མེད་འཁོར་དང་བཅས་པ་ལ་དམིགས་པའི་དད་པ་བརྟན་པོ་དང་ཞིང་གི་ཡོན་ཏན་གྱི་བཀོད་པ་ཕུལ་དུ་བྱུང་བ་རྣམས་ལ་དམིགས་ནས་དེར་སྐྱེ་བའི་འདུན་པ་དྲག་པོ་དང་སྨོན་པའི་གནས་རྣམས་གེགས་མེད་པར་བདེ་བླག་ཏུ་འགྲུབ་པའི་དབང་པོ་མཛད་ན་ཅི་མ་རུང་སྙམ་པའི་བསམ་པ་ཤུགས་དྲག་པར་བྱ་བ་ནི་གནད་དུ་ཆེའོ། །དེ་ལྟར་ན་དབང་པོ་དང་ཞིང་གི་ཡོན་ཏན་བརྗོད་པ་འཇུག་པ་གཅིག་ཏུ་བྱས་ན་བདེ་ཞིང་། ཞིང་དུ་སྐྱེ་བའི་འདུན་པ་དྲག་པོ་དེར་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་ལ། དེ་ཡང་ཞིང་གི་ཡོན་ཏན་ཤེས་ནས་ཡང་ཡང་སེམས་པ་ལ་རག་ལས་པས་ན་དེའི་ཕྱིར་ཐོག་མར་ཞིང་གི་བསྔགས་པ་བརྗོད་པར་བྱའོ། །མི་མཇེད་ཞིང་ནས་ནུབ་ཀྱི་ཕྱོགས་ཉིད་དུ། །བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སངས་རྒྱས་ཀྱི། །ཞིང་ཁམས་རྣམས་ནི་འདས་པར་གྱུར་པ་ན། །རྨད་བྱུང་བདེ་བ་ཅན་ཞེས་བྱ་བ་ཡོད། །དེ་ནི་ས་གཞི་རིན་ཆེན་དུ་མས་སྤྲས། །ཤིན་ཏུ་ཉམས་དགའ་ལག་མཐིལ་ལྟ་བུར་མཉམ། །རིན་ཆེན་ལས་གྲུབ་རི་བོ་མ་གཏོགས་པར། །ནག་པོའི་རི་རྣམས་ཀུན་གྱིས་དབེན་ཞིང་གཙང་། །མཛེས་ཤིང་ཡིད་འོང་རྣམ་དག་ཞིང་གི་མཐའ། །རིན་ཆེན་བདུན་གྱི་ཆུ་ཤིང་ལྗོན་པ་དང་། །རིན་ཆེན་ཏ་ལའི་ཤིང་གི་ཕྲེང་བ་ཡིས། །ཡོངས་སུ་བསྐོར་བས་སྐར་མས་ཟླ་བ་བཞིན། །དེ་ལྟ་བུའི་ས་གཞི་དེ་ནི་ཤིང་ལྗོན་པ་རྣམ་པ་དུ་མས་མཛེས་པར་བྱས་པ་སྟེ། ཤིང་ལྗོན་པ་རེ་རེ་ལའང་རྩ་བ་དང་སྡོང་པོ་དང་། ཡལ་ག་དང་། ལོ་མ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་བདུན་བདུན་ཡོད་ལ། དེ་ཡང་ཁ་ཅིག་གི་རྩ་བ་ནི་གསེར། སྡོང་པོ་ནི་དངུལ། ཡལ་ག་ནི་བེེཌཱུརྱ། ལོ་མ་ནི་ཤེལ། འདབ་མ་ནི་སྤུག མེ་ཏོག་ནི་མུ་ཏིག་དམར་པོ། འབྲས་བུ་ནི་རྡོའི་སྙིང་པོ་ལས་བྱས་པ་ཡོད་ལ། ཁ་ཅིག་ནི་རྩ་བ་ལ་སོགས་པ་བདུན་ཀ་རིན་པོ་ཆེ་སྣ་རེ་རེ་ལས་བྱས་པ་དང་། དེ་བཞིན་དུ་རིན་པོ་ཆེ་སྣ་གཉིས་དང་། གསུམ་དང་བཞི་དང་ལྔ་དང་དྲུག་ལས་བྱས་པ་དང་། རྩ་བ་ལ་སོགས་པ་རེ་རེ་ཡང་རིན་པོ་ཆེ་སྣ་བདུན་ཀ་ལས་བྱས་པའང་ཡོད་དོ། །དེ་ལྟ་བུ་ལ་སོགས་པའི་ཤིང་ལྗོན་པ་རྣམས་ལ་ཅོད་པན་དང་། རྣ་རྒྱན་དང་། དོ་ཤེལ་དང་། གདུ་བུ་དང་། དཔུང་རྒྱན་དང་། སོར་གདུབ་དང་། གསེར་གྱི་སྐ་རགས་དང་། གསེར་གྱི་དྲ་བ་དང་། མུ་ཏིག་གི་དྲ་བ་དང་། རིན་པོ་ཆེ་ཐམས་ཅད་ཀྱི་དྲིལ་བུ་གཡེར་ཁའི་དྲ་བ་ལ་སོགས་པ་རྒྱན་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་རྒྱན་རིན་པོ་ཆེ་བརྒྱ་སྟོང་དུ་མས་སྤྲས་པ་འཕྱང་བས་སངས་རྒྱས་ཀྱི་ཞིང་དེ་ཡོངས་སུ་གང་བ། སྔ་དྲོའི་དུས་ཀྱི་ཚེ་ཕྱོགས་བཞི་ནས་རླུང་ལངས་ཏེ། རླུང་དེས་ལྷའི་སྤོས་དྲི་རབ་ཏུ་ཞིམ་པ་སྣ་ཚོགས་ཀྱིས་བསྒོས་ཤིང་ཁ་དོག་དུ་མ་དང་ལྡན་པའི་རིན་པོ་ཆེའི་ཤིང་ལྗོན་པ་དེ་དག་བསྐྱོད་ཅིང་བསྒུལ་བ་ན་ཡིད་དུ་འོང་བའི་དྲི་བསུང་དང་ལྡན་ཞིང་། ལྟ་ན་སྡུག་པའི་མེ་ཏོག་རྣམ་པ་མང་པོ་རིན་པོ་ཆེའི་ས་གཞི་ཆེན་པོ་ལ་བྲུལ་ཏེ། མེ་ཏོག་དེ་དག་གིས་སངས་རྒྱས་ཀྱི་ཞིང་དེ་མིའི་བོང་ཚོད་བདུན་ཙམ་དུ་ཁྱབ་པར་གྱུར་ཏོ། །མེ་ཏོག་དེ་དག་ནི་གོས་ཀན་ཙ་ལིནྟི་ཀ་ལྟར་འཇམ་ཞིང་རེག་ན་བདེ་བའོ། །དེ་ལ་རྐང་པ་བཞག་པ་ན་སོར་བཞི་ཙམ་གྱིས་དམའ་བར་འགྱུར་ཞིང་། རྐང་པ་བཏེག་པ་ན་སོར་བཞི་ཙམ་གྱིས་མཐོ་བར་འགྱུར་རོ། །སྔ་དྲོའི་དུས་འདས་མ་ཐག་མེ་ཏོག་རྙིང་པ་དེ་དག་མ་ལུས་པ་མེད་པར་གྱུར་ཏེ། དེའི་འོག་ཏུ་སངས་རྒྱས་ཀྱི་ཞིང་དེ་དབེན་པ་དང་། ཉམས་དགའ་བ་དང་། དག་པར་འགྱུར་ཞིང་། དེ་ནས་ཡང་ཕྱོགས་བཞི་ནས་རླུང་ལངས་ཏེ་སྔར་བཞིན་དུ་མེ་ཏོག་སར་པ་དག་འགྲེམས་པར་བྱེད་དོ། །སྔ་དྲོའི་དུས་ཇི་ལྟ་བར་ཉིན་གུང་དང་། ཕྱི་དྲོ་དང་སྲོད་དང་ནམ་གྱི་གུང་དང་ཐོ་རངས་ཀྱང་དེ་བཞིན་ནོ། །གསེར་དངུལ་བེེཌཱུརྱ་དང་ཤེལ་དང་སྤུག མུ་ཏིག་དམར་པོ་རྡོ་ཡི་སྙིང་པོ་སྟེ། །རིན་ཆེན་བདུན་ལས་གྲུབ་པའི་ལྗོན་པ་ལ། །ཡིད་ལ་བསམ་དགུའི་རྒྱན་བཟང་དཔག་མེད་འཕྱང་། །ཤིང་གི་རྩ་བ་སྡོང་བུ་ཡལ་ག་སོགས། །འཇམ་ཞིང་རེག་ན་བདེ་སྟེར་དྲི་ཞིམ་ལྡན། །དྲི་ཡི་བཞོན་པས་བསྐྱོད་ཚེ་རྣར་སྙན་པའི། །མཉན་པས་ཆོག་མི་ཤེས་པའི་སྒྲ་རྣམས་འབྱུང་། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་ཤིང་གི་ཡོན་ཏན་བརྗོད་པའི་སྐབས་སོ། །
གཞན་ཡང་ས་གཞི་དེ་ནི་སྤོས་མཆོག་གིས་ཡོངས་སུ་བསྒོས་པའི་ཆུ་ཀླུང་རྣམ་པ་སྣ་ཚོགས་པས་མཛེས་པར་བྱས་པ་རྣམས་ཀྱི་ཟབས་སུ་ནི་དཔག་ཚད་བཅུ་གཉིས་པར་མཚུངས་ལ། ཁ་ཞེང་ནི་དཔག་ཚད་གཅིག་དང་བཅུ་དང་ཉི་ཤུ་དང་སུམ་ཅུ་དང་བཞི་བཅུ་དང་ལྔ་བཅུའི་བར་དང་བརྒྱ་སྟོང་གི་ཚད་དག་ཀྱང་ཡོད་དོ། །དེ་ཡང་འབབ་སྟེགས་བདེ་བ། འདམ་རྫབ་མེད་པ། གསེར་གྱི་བྱེ་མ་བདལ་བ། ལྷའི་མེ་ཏོག་ཨུཏྤལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོ་ལ་སོགས་པ། དྲི་རབ་ཏུ་ཞིམ་པའི་མེ་ཏོག་གིས་ཁེབས་པ། ཁོལ་ཁོལ་དག་ན་བྱ་ངང་བ་དང་། བཞད་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་རན་ད་དང་། ནེ་ཙོ་དང་། རི་སྐེགས་དང་། ཁུ་བྱུག་དང་། ཀུ་ན་ལ་དང་། ཀ་ལ་པིངྐ་དང་། རྨ་བྱ་ལ་སོགས་པ་སྒྲ་ཡིད་དུ་འོང་བ་འབྱིན་པའི་སྤྲུལ་པའི་བྱའི་ཚོགས་དུ་མས་བསྟེན་པ། འགྲམ་གཉིས་ནི་རིན་པོ་ཆེའི་སྤྲོས་ཀྱི་ཤིང་ལྗོན་པས་གང་བའོ། །དག་པའི་སེམས་ཅན་རྣམས་ཀྱི་ཉེར་འཚོའི་གཞི། །ཡིད་འཛིན་ཏ་མ་ལ་དང་ཨ་ཀ་རུ། །རྒྱ་སྤོས་ཙནྡན་སྦྲུལ་སྙིང་གིས་བསྒོས་པའི། །ཉལ་འགྲོའི་རྒྱུན་རྣམས་སྒྲ་སྙན་སྒྲོག་ཅིང་འབབ། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་ཆུའི་ཡོན་ཏན་བརྗོད་པའི་སྐབས་སོ། །
        གཞན་ཡང་ས་གཞི་ཐམས་ཅད་ཀྱང་གསེར་གྱི་དྲ་བས་ཁེབས་ཤིང་རིན་པོ་ཆེ་སྣ་བདུན་གྱི་པདྨས་གང་བ་སྟེ། པདྨ་ཁ་ཅིག་ནི་དཔག་ཚད་ཕྱེད་ཙམ་ཡོད་ཁ་ཅིག་ནི་དཔག་ཚད་གཅིག་དང་གཉིས་དང་གསུམ་དང་བཞི་དང་ལྔ་ནས་བཅུའི་བར་གྱི་ཚད་ཙམ་ཡོད་དེ་རིན་པོ་ཆེའི་པདྨ་ཐམས་ཅད་ཀྱང་འོད་ཟེར་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་ཞིང་འོད་ཟེར་གྱི་རྩེ་མོ་ཐམས་ཅད་ལས་ཀྱང་སངས་རྒྱས་ཀྱི་སྐུ་གསེར་གྱི་ཁ་དོག་ཅན་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་མངའ་བ་བྱེ་བ་བརྒྱ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་བྱུང་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གྲངས་མེད་དཔག་ཏུ་མེད་པ་དག་ཏུ་གཤེགས་ནས་སེམས་ཅན་རྣམས་ལ་ཆོས་སྟོན་ཏོ། །རབ་འབྱམས་སྨོན་ལམ་སྟོབས་ལས་འོང་བ་ཡི། །རིན་ཆེན་པདྨོས་བསྐྲུན་པའི་འོད་ཟེར་རྩེར། །དམ་ཆོས་སྦྲང་རྩིའི་དགའ་སྟོན་འགྱེད་པ་ཡི། །སྤྲུལ་སྐུས་གདུལ་བྱའི་བུང་བ་ཚིམ་པར་མཛད། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་པདྨའི་ཡོན་ཏན་བརྗོད་པའི་སྐབས་སོ། །
        གཞན་ཡང་ས་གཞི་དེ་ནི་ཁང་བཟང་རྣམས་ཀྱིས་མཛེས་པར་བྱས་པ་སྟེ། དེ་ཡང་རིན་པོ་ཆེ་སྣ་ཚོགས་ཀྱི་བ་གམ་བརྒྱ་སྟོང་གིས་བརྒྱན་པ། རིན་པོ་ཆེའི་ཁྲི་ལྷའི་རས་བཅོས་བུ་སྣ་ཚོགས་བཏིང་བ་སྔས་ཁྲ་བོ་བཞག་པ་དང་ལྡན་པའི་གཞལ་མེད་ཁང་དུ་མ་དང་། གཞན་ཡང་ས་གཞི་དེ་ནི་སྤོས་དང་ཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་གདུགས་དང་རྒྱལ་མཚན་དང་དན་དང་སིལ་སྙན་དང་གོས་ཁ་དོག་བརྒྱ་སྟོང་དུ་མ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་སྤོས་དང་ཕྲེང་བ་ནས་གོས་ཀྱི་བར་གྱིས་ཡོངས་སུ་ཁྱབ་བོ། །དེ་བཞིན་དུ་ཞིང་དེ་ནི་སྤོས་སྣ་ཚོགས་དྲི་རབ་ཏུ་ཞིམ་པའི་ངད་ལྡང་ཞིང་དུས་དུས་སུ་ལྷའི་སྤོས་ཆུའི་སྤྲིན་གྱི་ཆར་དང་། ལྷའི་མེ་ཏོག་ཐམས་ཅད་དང་ལྡན་པ་དག་དང་། ལྷའི་རིན་པོ་ཆེ་སྣ་བདུན་དང་། ལྷའི་ཙནྡན་གྱི་ཕྱེ་མ་དང་། ལྷའི་གདུགས་དང་རྒྱལ་མཚན་དང་། བ་དན་གྱི་ཆར་འབབ་པ་དང་། ནམ་མཁའ་ལ་ལྷའི་བླ་བྲེ་དང་ལྷའི་རིན་པོ་ཆེའི་གདུགས་རྔ་མའི་བསིལ་ཡབ་དང་བཅས་པ་འཛིན་ཞིང་། ལྷའི་རོལ་མོའི་སྒྲ་དབྱངས་དག་ཀྱང་སྒྲོགས་ལ། ལྷའི་བུ་མོ་དག་ཀྱང་གར་བྱེད་དོ། །ཡིད་ཀྱི་རེ་བ་རྫོགས་བྱེད་ལོངས་སྤྱོད་རྫོགས། །ཕུན་ཚོགས་འབྱོར་བས་ས་དང་བར་སྣང་ཀུན། །མི་མཉམ་མེད་པར་ཡོངས་སུ་དཀྲིགས་པ་ནི། །གསེར་གྱི་གཞི་ལ་ཆུ་གཏེར་ཆེན་པོ་བཞིན། །ས་གཞི་མཛེས་པར་བྱེད་པའི་རྒྱན་གྱི་ཁང་པ་དང་ལོངས་སྤྱོད་ཀྱི་ཡོན་ཏན་བརྗོད་པའི་སྐབས་སོ། །དེ་དག་ནི་བདེ་བ་ཅན་གྱི་སྣོད་ཀྱི་ཡོན་ཏན་ཡིད་ལ་བྱ་བའི་ཚུལ་མདོར་བསྡུས་པའོ། །
        གཞན་ཡང་དེ་ན་ངན་སོང་གསུམ་དང་ལྷ་མ་ཡིན་གྱི་རིས་མེད་ཅིང་དེར་སྐྱེས་ནས་འགྲོ་བ་དེ་བཞིར་སླར་ལྡོག་པ་ཡང་མེད། མི་ཁོམ་པ་ལྷག་མ་རྣམས་ཀྱང་མེད། མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་མེད་ཅིང་། ཡང་དག་པ་ཉིད་དུ་ངེས་པ་ཤ་སྟག་ཡིན་ལ། སྨོན་ལམ་གྱི་དབང་མ་གཏོགས་པ་དུས་མ་ཡིན་པར་འཆི་བ་མེད། དེར་སྐྱེས་པའི་སེམས་ཅན་རྣམས་ནི་རིན་པོ་ཆེའི་པདྨ་ལས་བརྫུས་ཏེ་སྐྱེས་པ་ཤ་སྟག་ཡིན་ཞིང་། འགྲོ་བ་ནི་ལྷ་དང་མི་གཉིས་སུ་ངེས་ལ་དེ་ཡང་ལྷ་མིའི་ཐ་སྙད་ཙམ་མ་གཏོགས་པ་མཚུངས་ཏེ། ལོངས་སྤྱོད་ནི་གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཇི་ལྟ་བ་བཞིན་ནོ། །དེ་དག་ཐམས་ཅད་ཀྱང་ལུས་ལ་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་དང་། སེམས་ཀྱིས་སྐད་ཅིག་ཐང་ཅིག་ལ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་འདས་པའི་རྫུ་འཕྲུལ་གྱི་མངོན་ཤེས་དང་། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་རྗེས་སུ་དྲན་པའི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང་། འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་མཐོང་བའི་ལྷའི་མིག་གི་མངོན་ཤེས་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ཅིག་ཅར་དུ་ཆོས་ཉན་པའི་ལྷའི་རྣ་བའི་མངོན་ཤེས་དང་། སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་གཏོགས་པའི་སེམས་ཅན་རྣམས་ཀྱི་སེམས་ཤེས་པའི་ཕ་རོལ་གྱི་སེམས་ཤེས་པའི་མངོན་ཤེས་ཏེ་མངོན་པར་ཤེས་པ་ལྔ་ཚང་བ་ཐོབ་པ་དང་། སྔ་དྲོ་བཞིན་དུ་སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་ཕྱིན་ནས་སངས་རྒྱས་བརྒྱ་ཕྲག་མང་པོ་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་སངས་རྒྱས་ཀྱི་མཐུས་མཆོད་པའི་རྫས་ཐམས་ཅད་ཀྱིས་རྙེད་བཀུར་བར་ནུས་པ་སྟེ། ཐེ་ཚོམ་ཟོས་པའི་ལས་ཀྱི་དབང་གིས་པདྨའི་སྦུབས་ན་རིང་དུ་གནས་དགོས་པའི་སེམས་ཅན་རྣམས་ནི་མངོན་ཤེས་ཚང་བ་དང་། ཞིང་གཞན་དུ་དེ་བཞིན་གཤེགས་པ་རྣམས་ལ་མཆོད་དུ་འགྲོ་བའི་ནུས་པ་དང་མི་ལྡན་ནོ། །གཞན་ཡང་སེམས་ཅན་དེ་རྣམས་ཁམས་ཀྱི་ཟས་རགས་པ་ནི་མི་ཟ་མོད། འོན་ཀྱང་ཁ་ཟས་རྣམ་པ་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་ཁ་ཟས་དང་། སྔར་བཤད་པའི་གོས་དང་རྒྱན་གྱི་བྱེ་བྲག་ཇི་ལྟར་འདོད་པ་དེ་རྣམས་བསམས་མ་ཐག་ཏུ་རྙེད་ནས་ལུས་ཚིམ་པ་དང་། ལུས་ལ་བགོས་པ་དང་། ལུས་བརྒྱན་པར་འགྱུར་ཞིང་ཆུ་ཀླུང་ཆེན་པོ་རྣམས་ལས་ལྷའི་གླུ་དབྱངས་ཡན་ལག་བྱེ་བ་བརྒྱ་སྟོང་དང་ལྡན་པའི་སིལ་སྙན་མཁན་མཁས་པ་རྣམས་ཀྱིས་བྱས་པ་བས་ཀྱང་ལྷག་པའི་སྒྲ་སྙན་ཅིང་ཡིད་དུ་འོང་བ་མཉན་པས་ཆོག་མི་ཤེས་པ་འབྱུང་བ་རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་དཔག་ཏུ་མེད་པ་སེམས་ཅན་དེ་དག་ལ་ཇི་ལྟར་རིགས་པ་སྟོན་ཅིང་སྤྲུལ་པའི་བྱའི་ཚོགས་ཀྱིས་ཀྱང་སངས་རྒྱས་ཀྱི་ཞིང་དེ་ཐམས་ཅད་སྒྲས་གོ་བར་བྱེད་ཅིང་དེས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་རྗེས་སུ་དྲན་པ་དང་མི་འབྲལ་བར་འགྱུར་རོ། །སེམས་ཅན་དེ་དག་སྔར་བཤད་པ་ལྟ་བུའི་གཞལ་མེད་ཁང་ཇི་ལྟ་བུ་འདོད་པ་དེ་ལྟ་བུའི་གཞལ་མེད་ཁང་མདུན་དུ་བྱུང་སྟེ། དེ་རྣམས་དེའི་ནང་ན་ལྷའི་བུ་མོ་བདུན་སྟོང་བདུན་སྟོང་གིས་བསྐོར་ཅིང་རྩེ་དགའ་ཞིང་དགའ་བ་བྱེད་དོ། །དེ་ལྟར་བཅུད་ཀྱི་ཡོན་ཏན་གྱི་སྐབས་སུ་སྔོན་ཞིང་བཟུང་བའི་དུས་ཀྱི་གནས་དང་གནས་མ་ཡིན་པའི་སྨོན་ལམ་ཅི་རིགས་སུ་སྣང་བའི་ནང་ནས་ཡོན་ཏན་འགའ་ཞིག་བཀོད་པ་ནི་ཞིང་དུ་སྐྱེ་བ་འཛིན་པའི་འདུན་པ་ཤུགས་དྲག་པོའི་རྒྱུར་བཀོད་དོ། །དག་པའི་སེམས་ཅན་ལས་བཟང་གིས་སྤྲུལ་པ། །མཚན་དཔེའི་རྒྱན་གྱིས་ལུས་ནི་རབ་ཏུ་མཛེས། །ཡོན་ཏན་དུ་མས་རྒྱུད་ནི་ལེགས་པར་གཏམས། །གནས་སྐབས་ཀུན་ཏུ་ཆོས་ཀྱི་དགའ་བས་འཚོ། །གློག་བཞིན་འཁྱུག་པའི་ཐོགས་མེད་རྫུ་འཕྲུལ་གྱིས། །ཞིང་མང་བགྲོད་ནས་རྒྱལ་བའི་སྤྱན་སྔ་རུ། །རབ་འབྱམས་ཚོགས་གཉིས་བསྐྲུན་ནས་སླར་ཡང་ནི། །རང་གི་ཞིང་དུ་དགའ་བདེས་རོལ་བར་མཛད། །བཅུད་ཀྱི་ཞིང་མཛེས་པར་བྱེད་པའི་རྒྱན་གྱི་ཡོན་ཏན་ཐུན་མོང་བ་བརྗོད་པའི་སྐབས་སོ། །
        གཞན་ཡང་ཞིང་དེའི་རྒྱལ་བའི་འཁོར་ནི་གཉིས་ཏེ། ཉན་ཐོས་དང་བྱང་ཆུབ་སེམས་དཔའ་འོ། །དེ་ཡང་ཉན་ཐོས་ཀྱི་འཁོར་འདུས་པ་དང་པོ་ལྟ་བུ་ལ་ཡང་འདོད་ན་སྟོང་གསུམ་གྱི་སྐར་མ་ཐམས་ཅད་ཉིན་ཞག་གཅིག་གིས་བརྩི་བར་ནུས་པ། རྫུ་འཕྲུལ་དཔག་ཏུ་མེད་པ་དང་ལྡན་པ་མོོ་གལ་གྱི་བུ་ལྟ་བུ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་ལོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་ལས་གཞན་མི་བྱེད་པར་བརྩིས་ཀྱང་ཆ་ཤས་ཙམ་ཡང་གྲངས་ཆོད་པར་མི་འགྱུར་ན། འདུས་པ་གཉིས་པ་དང་གསུམ་པ་ལྟ་ཅི་སྨོས་ཏེ། དེ་ལྟ་བུའི་ཉན་ཐོས་ཀྱི་འཁོར་གྲངས་མེད་པ་ཡོང་ལ། དེ་ཐམས་ཅད་ཀྱང་འོད་འདོམ་གང་བ་ཤ་སྟག་གོ །ཉན་ཐོས་ཀྱི་འཁོར་གྱི་ཡོན་ཏན་བརྗོད་པའོ། །བྱང་ཆུབ་སེམས་དཔའི་འཁོར་ནི། གྲངས་དཔག་ཏུ་མེད་ཅིང་ཡོན་ཏན་མཐའ་ཡས་པ་མུ་མེད་པ་དང་ལྡན་པ་ཤ་སྟག་སྟེ། དེ་ཡང་སེམས་ཅན་ཐམས་ཅད་ལ་མཉམ་པའི་སེམས་དང་ཕན་པའི་སེམས་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཀྱི་རྒྱུད་སྒྱུ་མའི་རང་བཞིན་ལ་བློ་རབ་ཏུ་ཞུགས་པ་ཤེས་རབ་རྒྱ་མཚོ་ཆེན་པོ་དང་མཉམ་པ་བློ་རི་རབ་དང་མཚུངས་པ། ཡོན་ཏན་དུ་མ་བསགས་པ། ཡེ་ཤེས་ཀྱི་མངོན་པར་འཕགས་པས་རི་རབ་དང་མཚུངས་པ། འཁྲུག་པ་མེད་པས་རྒྱ་མཚོ་ཆེན་པོ་དང་འདྲ་བ། སེམས་ཅན་ཐམས་ཅད་ཀྱི་དགེ་བ་དང་མི་དགེ་བ་བཟོད་པས་ས་དང་མཚུངས་པ། ཉོན་མོངས་པའི་དྲི་མ་འཁྲུད་པས་འབབ་ཆུ་དང་འདྲ་བ། ཆོས་ཐམས་ཅད་ལ་རློམ་སེམས་སུ་བྱེད་པ་དང་ཉོན་མོངས་པ་རྣམས་བསྲེག་པར་བྱེད་པས་མེའི་རྒྱལ་པོ་དང་མཚུངས་པ། འཇིག་རྟེན་ཐམས་ཅད་ལ་མི་ཆགས་པའི་ཕྱིར་རླུང་དང་འདྲ་བ། ཆོས་ཐམས་ཅད་ངེས་པར་ཕིགས་པ་དང་ཅི་ལ་ཡང་མི་དམིགས་པའི་ཕྱིར་ནམ་མཁའ་དང་མཚུངས་པ། འཇིག་རྟེན་གྱི་སྐྱོན་ཐམས་ཅད་ཀྱིས་མ་གོས་པའི་ཕྱིར་པདྨ་དང་འདྲ་བ། ཆོས་དང་ཆོས་མ་ཡིན་པ་མངོན་པར་སྒྲོགས་པས་དུས་ཀྱི་རྗེས་སུ་འབྲང་བའི་འབྲུག་ཆེན་པོ་དང་མཚུངས་པ། ཆོས་ཀྱི་ཆུ་ཡི་ཆར་མངོན་པར་འབེབས་པས་སྤྲིན་ཆེན་པོ་དང་འདྲ་བ། ཚོགས་ཆེན་པོ་ཟིལ་གྱིས་མནོན་པས་ཁྱུ་མཆོག་དང་མཚུངས་པ། སེམས་མཆོག་ཏུ་དུལ་བས་གླང་པོ་ཆེ་དང་འདྲ་བ། ཤིན་ཏུ་དུལ་བས་རྟ་ཅང་ཤེས་བཟང་པོ་དང་འདྲ་བ། རྩལ་དང་མི་འཇིགས་པས་སྐྲག་པ་མེད་པའི་ཕྱིར་རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ་བ། སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པས་ཤིང་གི་རྒྱལ་པོ་ནྱ་གྲོ་ཏ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་གཡོ་བས་རིའི་རྒྱལ་པོ་རི་རབ་དང་འདྲ་བ། བྱམས་པ་ཚད་མེད་པ་བསྒོམས་པས་ནམ་མཁའ་དང་འདྲ་བ། དགེ་བའི་ཆོས་ཐམས་ཅད་ཀྱི་དབང་དུ་བྱ་བའི་སྔོན་དུ་འགྲོ་བས་ཚངས་པ་ཆེན་པོ་དང་འདྲ་བ། གནས་སུ་གསོག་པ་མེད་པས་བྱ་དང་མཚུངས་པ། ཕས་ཀྱི་རྒོལ་བ་ཐམས་ཅད་རྣམ་པར་འཇོམས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དང་འདྲ་བ། འཇིག་རྟེན་ན་འབྱུང་བར་དཀའ་བའི་ཕྱིར་ཨུ་དུམ་ཝཱ་ར་དང་མཚུངས་པ། ཆོས་ཀྱི་རྔ་ཆེན་པོ་བརྡུང་བ། ཆོས་ཀྱི་དུང་ཆེན་པོ་འབུད་པ། ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བ། ཆོས་ཀྱི་བ་དན་ཆེན་པོ་འཛིན་པ། ཆོས་ཀྱི་སྒྲོན་མེ་ཆེན་པོ་རབ་ཏུ་འབར་བར་བྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་དགེ་བའི་རྩ་བ་མང་པོ་བསྐྱེད་པ། རྒྱལ་བ་རྣམས་ཀྱིས་བསྔགས་པ། སྐྱོན་མེད་པའི་ཚུལ་ཁྲིམས་ལྷུར་ལེན་པས་སེམས་ཀྱི་རྒྱུད་བེེཌཱུརྱ་ལྟར་རྣམ་པ་དག་པ། ཆོས་ཐམས་ཅད་ལ་ཐོས་པ་རྒྱ་མཚོ་ལྟ་བུར་གྱུར་པ། རྒྱལ་སྲས་རེ་རེ་ཡང་དཔག་ཚད་བྱེ་བ་བརྒྱ་སྟོང་གི་འོད་དང་ལྡན་པ། སྲས་ཀྱི་ཐུ་བོ་གཉིས་ཀྱི་འོད་ཀྱིས་ནི་འཇིག་རྟེན་གྱི་ཁམས་དེ་ཁོར་ཡུག་ཏུ་སྣང་བས་ཁྱབ་པར་བྱེད་དོ། །དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་མཐུ་ཆེན་ཐོབ་བོ། །ཡེ་ཤེས་རྒྱ་མཚོ་སེམས་ཅན་རྒྱ་མཚོའི་ཕྱིར། །སྙིང་སྟོབས་རྒྱ་མཚོས་མ་ཞུམ་གོ་བགོས་ཤིང་། །རྒྱལ་བ་རྒྱ་མཚོའི་དྲུང་དུ་ཐུགས་བསྐྱེད་ནས། །ཐོས་པ་རྒྱ་མཚོ་ཚོལ་བས་ངོམས་པ་མེད། །མ་ལུས་ཆོས་ཚོལ་ཚུལ་ལ་རབ་ཏུ་མཁས། །འཇིག་རྟེན་འདས་པའི་གཏམ་གྱི་སྙིང་པོ་རྟོགས། །ཆོས་ཀྱི་གཏམ་ལ་ནམ་ཡང་འཇིགས་པ་མེད། །རྟག་ཏུ་སེམས་ཅན་གྲོལ་བར་བྱེད་ལ་བརྩོན། །དེ་ནི་འདྲེན་པའི་གཙོ་བོ་འོད་དཔག་མེད། །ཐུབ་མཆོག་དེ་ཡི་རིགས་སུ་སྐྱེས་གྱུར་པ། །རྒྱལ་བའི་གདུང་འཚོབ་གྲགས་ལྡན་དཔའ་བོ་ཆེ། །དག་པའི་ཞིང་གི་རྒྱལ་སྲས་རྣམས་ཡིན་ནོ། །བྱང་ཆུབ་སེམས་དཔའི་འཁོར་གྱི་ཡོན་ཏན་ཕྱོགས་ཙམ་བརྗོད་པའོ། །དེ་ལྟ་བུའི་སྣོད་བཅུད་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ་དང་ལྡན་པའི་ཞིང་གི་མཆོག་དེའི་དབུས་ན་བྱང་ཆུབ་ཀྱི་ཤིང་གི་དབང་པོ་ཆེན་པོ་འཕང་དུ་དཔག་ཚད་སྟོང་དྲུག་བརྒྱ་ཡོད་པ། ཡལ་ག་དང་ལོ་མ་དང་འདབ་མ་དཔག་ཚད་བརྒྱད་བརྒྱ་ཚུན་ཆད་དུ་འཕྱང་བ། རྩ་བའི་སྤོམས་དང་ཁྲུན་དཔག་ཚད་ལྔ་བརྒྱ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་རྣམས་རྒྱུན་དུ་འཕྱང་བ། ཁ་དོག་ཐ་དད་པ་བརྒྱ་སྟོང་དུ་མ་ཡོད་པ། ལོ་མ་དང་མེ་ཏོག་དང་འབྲས་བུ་ཐ་དད་པ་དུ་མ་དང་ལྡན་པ། ཟླ་བ་ལྟར་སྣང་བའི་ནོར་བུ་རིན་པོ་ཆེས་ཡོངས་སུ་གསལ་བ། བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་རིན་པོ་ཆེས་རྣམ་པར་སྤྲས་པ། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་གང་བ། རྒྱ་མཚོའི་ནོར་བུ་རིན་པོ་ཆེ་མཆོག་གིས་སྤྲས་པ། གསེར་གྱི་སྐུད་པ་དང་སེ་མོ་དོས་མཛེས་པ་དང་རིན་པོ་ཆེའི་ཚུན་པོ་དང་དོ་ཤལ་ཚིག་རྐྱང་དང་མུ་ཏིག་སྔོན་པོ་དང་མུ་ཏིག་དམར་པོའི་རྒྱན་ཕྲེང་དང་སེང་གེའི་ཁ་ནས་འཕྱང་བའི་སྐ་རགས་ཀྱི་ཚོགས་ཡོད་པ། རིན་པོ་ཆེ་ཐམས་ཅད་ཀྱི་དྲ་བ་དང་དྲིལ་བུ་གཡེར་ཁའི་དྲ་བས་བླ་བྲེར་བྲེས་པ། ཆུ་སྲིན་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བ་དང་ཟླ་གམ་ལྟ་བུས་ལེགས་པར་བརྒྱན་པ་སྟེ། མདོར་ན་སེམས་ཅན་གྱི་བསམ་པའི་རྣམ་པར་རིག་པ་ཇི་ལྟ་བུ་བཞིན་དུ་རྣམ་པར་བརྒྱན་པའོ། །བྱང་ཆུབ་ཀྱི་ཤིང་དེ་རླུང་གིས་བསྐྱོད་པ་ན་སྒྲ་དབྱངས་འབྱུང་བ་གང་ཡིན་པ་དེས་འཇིག་རྟེན་གྱི་ཁམས་ཚད་མེད་པ་གོ་བར་བྱེད་དོ། །ཤིང་དེའི་སྒྲ་ཐོས་པ་དང་མཐོང་བ་དང་དེའི་དྲི་ཚོར་བ་དང་དེའི་འབྲས་བུའི་རོ་མྱོང་བ་དང་དེའི་འོད་ཀྱིས་རེག་པ་ཐམས་ཅད་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྣ་བ་དང་མིག་དང་སྣ་དང་ལྕེ་དང་ལུས་ལ་ནད་ཀྱིས་བཏབ་པ་མི་འབྱུང་ངོ་། །ཤིང་དེ་ཡིད་ལ་སེམས་པ་དེ་དག་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སེམས་གཡེང་བར་མི་འགྱུར་རོ། །བྱང་ཆུབ་ཀྱི་ཤིང་གི་དབང་པོ་དེའི་དྲུང་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་ཏུ་མེད་པ་རྡུལ་མེད་ཅིང་རྣམ་པར་དག་པ་བཞུགས་ཤིང་འཚོ་ཞིང་གཞེས་ལ་འཁོར་རྒྱ་མཚོ་ལྟ་བུའི་དབུས་ན་ཆོས་སྟོན་པར་མཛད་དོ། །དེ་ཡང་བསྐལ་པ་བརྒྱ་ཕྲག་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གི་བར་འདི་སྙེད་ཅིག་ཐུབ་བོ་ཞེས་སྐུ་ཚེའི་ཚད་རྟོགས་པར་མི་ནུས་ཏེ་དེའི་ཕྱིར་རྒྱལ་བ་དེ་ནི་ཚེ་དཔག་མེད་ཅེས་བྱའོ། །དེ་བཞིན་དུ་ཕྱོགས་བཅུ་རེ་རེར་ཡང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གངྒཱའི་ཀླུང་གི་བྱེ་མའི་གྲངས་ཇི་སྙེད་པ་དེའི་འོད་ཀྱིས་ཁྱབ་པར་གནས་ཏེ་དེའི་ཕྱིར་རྒྱལ་བ་དེ་ནི་འོད་དཔག་མེད་ཅེས་བྱ་སྟེ། འོན་ཀྱང་སྨོན་ལམ་གྱི་དབང་གིས་འོད་འདོམ་གང་བ་སོགས་སུ་འགྱུར་བ་ནི་མ་གཏོགས་སོ། །འོད་དེ་ནི་ཤེལ་གོང་ལྟར་དྲི་མ་མེད་པ་ནམ་མཁའ་ལྟར་ཤིན་ཏུ་རྒྱས་པ། ལུས་ལ་བདེ་བ་སྐྱེད་པ། སེམས་དགའ་བར་བྱེད་པ། གང་ལ་རེག་པའི་སེམས་ཅན་རྣམས་མཆོག་ཏུ་དགའ་བར་བྱེད་པའོ། །དེ་ལྟར་འོད་ཟེར་གྱི་ཟེང་ཕུང་པོ་ཆེན་པོ་མཐའ་ཡས་པས་རོལ་མཚོས་གསེར་གྱི་རི་རྣམས་ལ་འཁྱུད་པ་བཞིན་དུ་ཡོངས་སུ་བསྐོར་བའི་དྲང་སྲོང་ཆེན་པོ་འོད་དཔག་ཏུ་མེད་པའི་སྐུའི་གཟི་བརྗིད་ཀྱི་ཉན་ཐོས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་ཚོགས་ཐམས་ཅད་ཟིལ་གྱིས་མནན་ནས་མངོན་པར་འཕགས་ཏེ་ལྷམ་མེ་ལྷང་ངེ་ལྷན་ནེར་ཕྱོགས་ཀུན་ཏུ་གསལ་བར་སྣང་བ་ནི་རིའི་རྒྱལ་པོ་རི་རབ་རི་ཐམས་ཅད་ཀྱི་དབུས་ན་མངོན་པར་མཐོ་བ་བཞིན་ནོ། །ཐུབ་པའི་མཆོག་ཆེན་པོ་དེ་མཐོང་མ་ཐག་ཏུ་ཡིད་ཚིམ་པར་བྱེད་པའི་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་བསྐལ་པ་དཔག་ཏུ་མེད་པར་བསྒྲུབས་པའི་དགེ་བའི་རྩ་བ་དུ་མའི་རྒྱུ་ལས་བྱུང་བ་དག་ཅིང་གསལ་ལ་མཛེས་པ་ཐམས་ཅད་ཡོངས་སུ་རྫོགས་པ་རྣམས་ཀྱིས་སྐུའི་ཁྱོན་ཐམས་ཅད་མཛེས་པར་བྱེད་པ་ལ་འགྲན་པ་བཞིན་དུ་གྱུར་པ། སྟོན་གྱི་དུས་ཀྱི་མཚན་མོ་སྤྲིན་དང་བྲལ་བའི་ནམ་མཁའི་དཀྱིལ་དུ་ཆ་ཤས་ཐམས་ཅད་ཡོངས་སུ་རྫོགས་པའི་ཟླ་བའི་དཀྱིལ་འཁོར་ཤར་བ་མུ་ཏིག་གི་འབྲུམ་བུ་ལྟ་བུའི་རྒྱུ་སྐར་བྱེ་བའི་དཀྱིལ་ན་མཛེས་པ་བཞིན་དུ་རྒྱུད་དང་དབང་པོ་དང་དགེ་བའི་རྩ་བ་ཤིན་ཏུ་རླབས་ཆེ་བ་ཡོངས་སུ་སྨིན་པའི་བྱང་ཆུབ་སེམས་དཔའི་འཁོར་དཔག་ཏུ་མེད་པས་ཡོངས་སུ་བསྐོར་བ་རབ་ཏུ་བརྗིད་པའི་གཟུགས་དང་ལྡན་ཞིང་ཤིན་ཏུ་དལ་བའི་འགྲོས་ཀྱིས་མཛེས་པའི་ཁྱུ་མཆོག་བ་ལང་བརྒྱ་སྟོང་གི་རྗེས་སུ་འབྲང་བ་དང་བཅས་ནས་འགྲོ་བ་བཞིན་དུ་སྤྱན་དང་རྫུ་འཕྲུལ་དང་མངོན་པར་ཤེས་པ་དུ་མས་བརྩེ་བའི་དགྲ་བཅོམ་པའི་འཁོར་གྱི་མདུན་དུ་བདར་བ། ཤེས་བྱ་ཐམས་ཅད་ལ་ཆགས་པ་དང་ཐོགས་པ་མེད་པའི་མཁྱེན་པ་དང་། འཁོར་བ་ཇི་སྲིད་དུ་ཇི་ལྟར་འཚམ་པར་ཆོས་སྟོན་པ་ཟད་མི་ཤེས་པའི་སྤོབས་པ་དང་མཐའ་ཡས་པའི་སེམས་ཅན་གྱི་དོན་འབའ་ཞིག་ལྷུར་མཛད་པའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་དཔའ་ཞིང་ཡང་རྩལ་ཆེ་བའི་རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་དུ་མའི་ཚོགས་ཀྱི་འཁོར་གྱི་ནང་ན་བག་ཚ་བ་མེད་པར་ཕྱོགས་ཀུན་ཏུ་སེང་གེའི་སྒྲ་སྒྲོགས་པ་ལྟར་གྲངས་མེད་པའི་འཁོར་གྱི་དབུས་ན་ཕས་ཀྱི་རྒོལ་བའི་འཇིགས་པ་ཐམས་ཅད་དང་བྲལ་བ་ཟབ་པ་དང་རྒྱ་ཆེ་བའི་སེང་གེའི་སྒྲ་ཆེན་པོ་རྒྱུན་མི་འཆད་དུ་སྒྲོགས་པའོ། །བདེ་བ་ཅན་གྱི་ཞིང་ན་འགྲོ་བའི་སྐྱབས། །ལྗོན་པའི་དབང་པོའི་དྲུང་ན་འོད་དཔག་མེད། །རྒྱ་ཆེན་འཁོར་གྱི་དབུས་ན་བརྗིད་པའི་སྐུ། །མཐའ་ཡས་བསོད་ནམས་ཕུང་པོ་ཁྱོད་ལ་འདུད། །འདྲེན་པ་ཁྱེད་ཀྱི་འོད་ཀྱི་ཚོགས། །འཇིག་རྟེན་ཁམས་སུ་ཤོང་གྱུར་པ། །ཀྱེ་མ་རྒྱལ་བའི་ཞིང་གི་ནི། །རྒྱ་ཁྱོན་ཁོངས་དག་ཤིན་ཏུ་ཡངས། །རྒྱལ་བ་ཀུན་གྱི་ཡོན་ཏན་རྣམས། །ཁྱོད་ཉིད་གཅིག་པུས་བདག་གིར་མཛད་པས་ན། །མི་མཇེད་ཞིང་གི་སེམས་ཅན་འདི་དག་རྣམས། །སྙིགས་མ་ལྔ་ཡི་ཉེས་པས་སྦགས་སམ་སྙམ། །རབ་མཐོ་རི་ཡི་དབང་པོ་སྟེ། །རབ་རྒྱས་ཟླ་བའི་བཞིན་ལྡན་ཞིང་། །རབ་མཛེས་ཨུཏྤལ་སྔོན་པོའི་མིག །རབ་ཏུ་ལྡན་ན་ཁྱོད་དང་མཚུངས། །མཁྱེན་བརྩེའི་ཡོན་ཏན་དུ་མའི་དཔལ་འབར་ཞིང་། །འཁོར་ཚོགས་དབུས་སུ་ལེགས་བཤད་དགའ་སྟོན་འགྱེད། །སྲིད་མཐའི་བར་དུ་གཞན་གྱི་དོན་བཞུགས་པ། །གནས་སྐབས་ཀུན་ཏུ་ཁྱོད་ཀྱིས་འགྲོ་ཀུན་སྐྱོངས། །ཞིང་གི་གཙོ་བོའི་ཡོན་ཏན་ཕྱོགས་ཙམ་བརྗོད་པའོ། །དེ་དག་ནི་བཅུད་ཀྱི་ཡོན་ཏན་ཡིད་ལ་བྱ་བའི་ཚུལ་མདོར་བསྡུས་པ་སྟེ། རྒྱས་པ་ཕྱེ་ན་རྒྱལ་བ་འདིས་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་སྤྱན་སྔར་ཞིང་འདི་སྨོན་ལམ་ཇི་ལྟར་བུས་བཟུང་བ་དང་། དེ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་རྣམས་ཇི་ལྟར་རྫོགས་པར་སྤྱད་པ་དང་། མཐར་སྨོན་པའི་གནས་འགྲུབ་པའི་ཞིང་གི་ཡོན་ཏན་རྣམས་ཤིན་ཏུ་གསལ་བར་ཞིང་བཀོད་ཀྱི་མདོར་གསུངས་པས་དེར་བལྟ་བར་བྱའོ། །དེ་ལྟར་ན་འདུན་པའི་ཡུལ་ཞིང་གི་ཡོན་ཏན་མདོར་བསྡུས་པ་དེ་རྣམས་དམིགས་ཕྱེད་པར་བྱས་ནས་ཞིང་དེར་སྐྱེ་བ་ལ་འདུན་པ་ཡང་ཡང་སྦྱངས་ནས་འདུན་པ་ཤུགས་དྲག་པ་ཤིན་ཏུ་གལ་ཆེ་བ་དང་། དེ་ལྟར་བྱས་པའི་ཕན་ཡོན་ནི། ཞིང་བཀོད་ཀྱི་མདོ་ལས་ཇི་སྐད་དུ། གང་གི་ཕྲ་རབ་རྡུལ་སྙེད་འཇིག་རྟེན་ཁམས། བཤིག་ཅིང་གཤགས་ཏེ་རྡུལ་དུ་བྱས་གྱུར་པ། དེ་བས་མང་པའི་འཇིག་རྟེན་ཁམས་ཀྱི་རྣམས། །རིན་ཆེན་བཀང་སྟེ་སྦྱིན་པ་བྱིན་པས་ནི། །གང་གིས་དཔག་ཏུ་མེད་པའི་འོད་མཚན་དང་། །བདེ་བ་ཅན་གྱི་ཡོན་ཏན་ཁྱད་འཕགས་རྣམས། །ཐོས་ན་དགའ་སྟེ་ཐལ་མོ་སྦྱོར་བྱེད་པ། །བསོད་ནམས་འདི་ཡི་ཆར་ཡང་འགྱུར་མ་ཡིན། །དེ་ལྟ་བས་ན་དེ་བཞིན་གཤེགས་དེ་ཡི། །ཡོན་ཏན་ཐོས་ནས་མགུ་དང་དད་སྐྱེད་ལ། །བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་སྐྱེད། །གས་གིས་བདེ་བ་ཅན་གྱི་འཇིག་རྟེན་གྱི། །མིང་ཐོས་པ་ཡི་བསོད་ནམས་དེ་ལ་ནི། །ཞིང་མཆོག་ཐ་གྲུ་ཆེན་པོ་དེ་དག་ཀུན། །ཆ་དང་དཔེར་ཡང་འགྱུར་བ་མ་ཡིན་ནོ། །ཡང་དག་རྒྱལ་བའི་བཀའ་དང་ཤེས་རབ་ཅན། །དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་ནས་ཡིད་གཉིས་སོལ། །ཞེས་གང་གསུངས་པའོ། །དེའི་ཕྱིར་ཐུབ་པའི་དབང་པོས་ཞིང་གི་ཡོན་ཏན་གྱི་བཀོད་པ་གསུངས་པ་དང་རྒྱུ་འདི་ལྟ་བུ་བསྒྲུབས་ན་དེར་སྐྱེ་བོ་ཞེས་གསུངས་པ་རྣམས་ནི་རྒྱལ་བའི་ཡེ་ཤེས་དཔང་དུ་བྱས་ཏེ། ཐེ་ཚོམ་ཅུང་ཟད་ཀྱང་མི་ཟ་བར་ཡིད་ཆེས་པ་ཤིན་ཏུ་གལ་ཆེ་སྟེ། ཐེ་ཚོམ་ཟ་བཞིན་དུ་དེར་སྐྱེ་བའི་རྒྱུ་བསྒྲུབས་པ་རྣམས་ནི་ཞིང་དེར་སྐྱེས་ཀྱང་པདྨའི་སྦུབས་ནས་ཐོགས་མེད་དུ་འབྱུང་མི་ནུས་པར་པདྨའི་མངལ་ན་ལོ་ལྔ་བརྒྱར་སངས་རྒྱས་མཐོང་བ་དང་ཆོས་ཉན་པ་སོགས་བྱར་མེད་པར་གནས་དགོས་པའི་ཉེས་དམིགས་ཤིན་ཏུ་ཆེ་བར་གསུངས་པའི་ཕྱིར་རོ། །འདུན་པའི་ཡུལ་དུ་ཞིང་གི་ཡོན་ཏན་སྔར་གྱི་དེ་ཙམ་ཞིག་སྨོས་པ་དེ་ནི། མགོ་སྨོས་པས་གོ་བའི་དབང་པོ་རྣོན་པོ་རྣམས་ལ་དེ་ཙམ་མི་དགོས་མོད། འོན་ཀྱང་བདག་ལྟ་བུའི་དབང་པོ་རྟུལ་པོ་རྣམས་ལ་དེ་བཞིན་དུ་མ་སྨོས་ན་སྐྱེ་བར་འདོད་པའི་འདུན་པའི་ཡུལ་དམིགས་མི་ཕྱེད་ཅིང་། དམིགས་མ་ཕྱེད་ན་ཞིང་གི་ཡོན་ཏན་མཐོང་བས་རྒྱུ་བྱས་པའི་འདུན་པ་དྲག་པོ་མི་སྐྱེ་བར་སྣང་བས་ཅུང་ཟད་སྤྲོས་ཏེ་བཤད་པ་ཡིན་ནོ། །དེ་ལྟར་ཇི་སྐད་བཤད་པའི་རྒྱལ་བ་འཁོར་དང་བཅས་པ་ལ་སྨོན་པའི་གནས་ཐམས་ཅད་བདེ་བླག་ཏུ་འགྲུབ་པའི་དཔང་པོ་མཛད་དུ་གསོལ་བ་ནི། བླང་དོར་གནས་རྣམས་མ་རིག་འཐུག་པོས་བསྒྲིབས། །ཁོང་ཁྲོའི་མཚོན་གྱིས་མཐོ་རིས་སྲོག་འཕྲོག་ཅིང་། །འདོད་སྲེག་ཞགས་པས་འཁོར་བའི་བཙོན་རར་བཅིངས། །ལས་ཀྱི་ཆུ་བོས་སྲིད་པའི་རྒྱ་མཚོར་ཁྱེར། །ན་རྒའི་སྡུག་བསྔལ་རྦ་རླབས་མང་པོས་གཡེངས། །མི་བཟད་འཆི་བདག་ཆུ་སྲིན་ཁར་ཆུད་པས། །མི་འདོད་སྡུག་བསྔལ་ཁུར་གྱིས་ནོན་གྱུར་པ། །མགོན་མེད་བདག་གི་ཉམ་ཐག་ང་རོ་ཡི། །ཡིད་ལ་སྨོན་པ་འགྲུབ་པའི་དཔང་པོ་རུ། །ཕོངས་པའི་གཉེན་གཅིག་འདྲེན་པ་འོད་དཔག་མེད། །སྤྱན་རས་གཟིགས་དབང་རྒྱལ་སྲས་མཐུ་ཆེན་ཐོབ། །འཁོར་དང་བཅས་ལ་གུས་པས་གསོལ་འདེབས་ན། །དཔག་མེད་བསྐལ་པར་བདག་ཅག་རྣམས་ཀྱི་ཕྱིར། །ཐུགས་མཆོག་སྐྱེད་པའི་དམ་བཅའ་མ་བསྙེལ་བར། །འདབ་བཟང་གཙོ་བོ་ལྷ་ཡི་ལམ་ལ་བཞིན། །རྫུ་འཕྲུལ་སྟོབས་ཀྱིས་བརྩེ་བས་འདིར་གཤེགས་ཤིག །བདག་དང་གཞན་གྱི་དུས་གསུམ་དང་འབྲེལ་བའི་ཚོགས་གཉིས་ཀྱི་རྒྱ་མཚོ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་འཆི་བའི་དུས་ཉེ་བར་གནས་པ་ན་འདྲེན་པ་འོད་དཔག་ཏུ་མེད་པ་སྲས་ཀྱི་ཐུ་བོ་གཉིས་ལ་སོགས་པའི་འཁོར་གྱིས་བསྐོར་བ་མངོན་སུམ་དུ་མཐོང་ཞིང་། དེའི་ཚེ་རྒྱལ་བ་འཁོར་བཅས་ལ་དམིགས་པའི་རབ་ཏུ་དད་པ་དྲག་པོ་སྐྱེས་ཏེ། གནད་གཅོད་ཀྱི་སྡུག་བསྔལ་མེད་པ་དང་། དད་པ་ཡུལ་དང་བཅས་པ་མ་བརྗོད་པའི་དྲན་པས་ཤི་འཕོས་མ་ཐག་ཏུ་རྒྱལ་བའི་སྲས་པོ་བརྒྱད་རྫུ་འཕྲུལ་གྱིས་ལྷགས་ནས་བདེ་བ་ཅན་དུ་འགྲོ་བའི་ལམ་ཇི་ལྟ་བ་བཞིན་དུ་བསྟན་པ་ལ་བརྟེན་ནས་བདེ་བ་ཅན་གྱི་ཞིང་དུ་རིན་པོ་ཆེའི་པདྨ་ལས་ཐེག་པ་ཆེན་པོའི་རིགས་ཅན་དབང་པོ་རྣོན་པོ་ཤ་སྟག་ཏུ་སྐྱེ་བར་གྱུར་ཅིག སྐྱེས་མ་ཐག་ཏུ་གཟུངས་དང་ཏིང་ངེ་འཛིན་དང་། དམིགས་པ་མེད་པའི་བྱང་ཆུབ་ཀྱི་སེམས་དང་། ཟད་མི་ཤེས་པའི་སྤོབས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་དཔག་ཏུ་མེད་པ་ཐོབ་པ་དང་། སྟོན་པ་བླ་ན་མེད་པ་འོད་དཔག་ཏུ་མེད་པ་ལ་སོགས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཉེས་པར་བྱས་ནས་ཐེག་པ་ཆེན་པོའི་བཀའ་ལུང་ཡང་དག་པར་ནོད་པར་གྱུར་ཅིག དེ་རྣམས་ཀྱི་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྐད་ཅིག་རེ་རེ་ལ་སངས་རྒྱས་ཀྱི་ཞིང་རབ་འབྱམས་སུ་རྫུ་འཕྲུལ་གྱིས་ཐོགས་མེད་དུ་བགྲོད་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག དག་པའི་ཞིང་དུ་སྐྱེས་ནས་ཀྱང་བརྩེ་བ་ཤུགས་དྲག་པོས་ཀུན་ནས་བསླང་བའི་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་གཙོ་བོར་མ་དག་པའི་ཞིང་དུ་ཕྱིན་ནས་སེམས་ཅན་ཐམས་ཅད་ཀྱི་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་ཆོས་བསྟན་པ་ལ་བརྟེན་ནས་རྒྱལ་བས་བསྔགས་པའི་ལམ་རྣམ་པར་དག་པ་ལ་འགོད་ནུས་པར་གྱུར་ཅིག སྤྱོད་པ་རྨད་དུ་བྱུང་བ་དེ་དག་མྱུར་དུ་རྫོགས་པར་བྱས་པའི་སྒོ་ནས་མཐའ་ཡས་པའི་འགྲོ་བའི་དོན་དུ་རྒྱལ་བའི་གོ་འཕང་བདེ་བླག་ཏུ་ཐོབ་པར་གྱུར་ཅིག ནམ་ཞིག་ཚེ་ཡི་འདུ་བྱེད་གཏོང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བའི་འོད་དཔག་མེད། །མིག་གི་ལམ་དུ་གསལ་བར་མཐོང་གྱུར་ཏེ། །དད་སོགས་སྙིང་རྗེས་བདག་རྒྱུད་གང་བར་ཤོག །བར་དོའི་སྣང་བ་ཤར་བ་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་པ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །དེ་ལྟ་བུའི་གོ་འཕང་མཆོག་མ་ཐོབ་པའི་སྐྱེ་བ་ཐམས་ཅད་དུའང་རྒྱལ་བའི་བསྟན་པ་ལུང་དང་རྟོགས་པ་ལ་ཐོས་པ་དང་བསམ་པ་དང་སྒོམ་པ་རྣམ་པར་དག་པ་སྒྲུབ་པའི་རྟེན་ཤ་སྟག་ཐོབ་པར་གྱུར་ཅིག རྟེན་དེ་ཡང་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་རྒྱན་དང་མི་འབྲལ་བར་གྱུར་ཅིག དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུའང་སྔོན་གྱི་གནས་ཇི་ལྟ་བ་དྲན་པའི་ཚེ་རབས་དྲན་པ་ཐོབ་པར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་སྲིད་པ་མཐའ་དག་སྙིང་པོ་མེད་པར་མཐོང་ཞིང་། ཐར་པའི་ཡོན་ཏན་གྱིས་ཡིད་ཕྲོགས་པའི་བསམ་པས་ཀུན་ནས་བསླང་ནས་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་བྱེད་པར་གྱུར་ཅིག རབ་ཏུ་བྱུང་བའི་ཚེ་ཡང་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་ཚུལ་ཁྲིམས་ཀྱི་ཕུང་པོ་མཐར་ཕྱིན་པར་མཛད་པའི་སྒོ་ནས་བྱང་ཆུབ་ཆེན་པོ་བསྙེས་པ་དགེ་སློང་མི་འཁྲུགས་པ་ལྟ་བུར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཚུལ་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་མཐར་ཕྱིན་པའི་ཡན་ལག་ཆོས་རྣམས་ཀྱི་ཚིག་དང་དོན་མ་ལུས་པ་མི་བརྗེད་པར་འཛིན་པའི་གཟུངས་ཕུན་སུམ་ཚོགས་པ་ཐོབ་པར་གྱུར་ཅིག རང་ཉིད་ཀྱིས་གཟུང་བ་བཞིན་དུ་གཞན་ལ་སྟོན་པ་ལ་ཐོགས་པ་མེད་པའི་སྤོབས་པ་རྣམ་པར་དག་པ་ཐོབ་པར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་གྱི་སྒོ་རྣམས་དང་། ཤའི་མིག་ལ་སོགས་པའི་སྤྱན་རྣམས་དང་། རྫུ་འཕྲུལ་གྱི་ཡུལ་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་རྣམས་ཐོབ་པ་དང་མི་འབྲལ་བར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་བླང་དོར་གྱི་གནས་རྣམས་རང་སྟོབས་ཀྱིས་འབྱེད་ནུས་པའི་ཤེས་རབ་རླབས་ཆེ་བ་ཐོབ་པར་གྱུར་ཅིག ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆ་ཤས་ཕྲ་ཞིང་ཕྲ་བ་རྣམས་ཇི་ལྟ་བ་བཞིན་དུ་མ་འདྲེས་པར་འབྱེད་ནུས་པའི་ཤེས་རབ་གསལ་བ་ཐོབ་པར་གྱུར་ཅིག མ་རྟོགས་པ་དང་ལོག་པར་རྟོག་པ་དང་ཐེ་ཚོམ་གྱི་བསམ་པ་སྐྱེས་མ་ཐག་ཏུ་མ་ལུས་པར་འགོག་ནུས་པའི་ཤེས་རབ་མྱུར་བ་ཐོབ་པར་གྱུར་ཅིག གཞན་གྱིས་ཚད་གཟུང་མི་ནུས་པར་གསུང་རབ་ཀྱི་ཚིག་དོན་ལ་གཏུགས་པ་མེད་པར་འཇུག་པའི་ཤེས་རབ་ཟབ་པ་ཐོབ་པར་གྱུར་ཅིག མདོར་ན་འཆལ་བའི་ཤེས་རབ་ཀྱི་སྐྱོན་ཐམས་ཅད་དང་བྲལ་བའི་ཤེས་རབ་ཀྱིས་གསུང་རབ་ཀྱི་ཚིག་དོན་འབྱེད་པ་ལ་ཐབས་མཁས་པའི་ཤེས་རབ་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་འཇམ་པའི་དབྱངས་ལྟ་བུར་གྱུར་ཅིག དེ་ལྟར་ཤེས་རབ་ཆེ་བ་གསལ་བ་མྱུར་བ་ཟབ་པ་བདེ་བླག་ཏུ་རྙེད་ནས་སྐལ་ལྡན་རྗེས་སུ་འཛིན་པ་དང་ལོག་སྨྲ་ཚར་གཅོད་པ་དང་། མཁས་པ་མགུ་བ་སྐྱེད་པའི་ཡན་ལག་རྒྱལ་བའི་གསུང་རབ་མཐའ་དག་ལ་དམིགས་པའི་འཆད་པ་དང་རྩོད་པ་དང་རྩོམ་པ་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་རང་གི་དོན་གཙོ་བོར་འཛིན་པའི་ཡིད་ལ་བྱེད་པ་དང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྒྱིད་ལུག་ཅིང་ཞུམ་པའི་བསམ་པ་ཐམས་ཅད་བཀག་ནས། གཞན་གྱི་དོན་ལྷུར་ལེན་ཅིང་སྙིང་སྟོབས་མཆོག་གི་ཕ་རོལ་ཏུ་སོན་པ་ལ་ཐབས་མཁས་པའི་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ལྟ་བུར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་རང་དང་གཞན་གྱི་དོན་ལ་འཇུག་པ་ན་བདུད་དང་མུ་སྟེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་འཇོམས་པར་བྱེད་པ་ལ་ཐབས་མཁས་པའི་ནུས་པའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱི་མཐར་སོན་པ་རྗེ་བཙུན་གསང་བའི་བདག་པོ་ལྟ་བུར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ལེ་ལོ་སྤངས་པའི་བརྩོན་འགྲུས་ཀྱི་བྱང་ཆུབ་ཀྱི་སྤྱོད་པ་ཡོངས་སུ་རྫོགས་པར་བྱེད་པ་ལ་དང་པོ་ཐུགས་བསྐྱེད་པ་ནས་སྐད་ཅིག་ཀྱང་གཡེལ་བ་མེད་པར་རླབས་པོ་ཆེའི་བརྩོན་འགྲུས་ཀྱིས་བྱང་ཆུབ་ཆེན་པོ་བརྙེས་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལྟ་བུར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་སྒྲུབ་པའི་བར་ཆད་ལུས་དང་སེམས་ཀྱི་ནད་ཐམས་ཅད་འཇོམས་པ་ལ་མཚན་ནས་སྨོས་པ་ཙམ་གྱིས་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་ཐམས་ཅད་ཞི་བར་བྱེད་ནུས་པ་བདེ་བར་གཤེགས་པ་སྨན་པའི་རྒྱལ་པོ་ལྟ་བུར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་ཇི་ལྟར་འདོད་པ་བཞིན་ཚེ་མཐར་ཕྱིན་པ་ལ་མཚན་ནས་སྨོས་པ་ཙམ་གྱིས་དུས་མ་ཡིན་པའི་འཆི་བ་ཐམས་ཅད་འཇོམས་པར་ནུས་པ་རྒྱལ་བ་ཚེ་དཔག་ཏུ་མེད་པ་ལྟ་བུར་གྱུར་ཅིག ཚེའི་བར་ཆད་འབྱུང་དུ་ཉེ་བ་ན་སྐྱོབ་པ་ཚེ་དཔག་ཏུ་མེད་པས་འཕྲིན་ལས་བཞི་གང་གིས་འདུལ་བ་དང་རྗེས་སུ་མཐུན་པའི་སྐུའི་སྣང་བ་རབ་ཏུ་བསྟན་པ་མཐོང་ཞིང་། མཐོང་མ་ཐག་ཏུ་ཚེའི་བར་དུ་གཅོད་པ་མ་ལུས་པ་ཉེ་བར་ཞི་བར་གྱུར་ཅིག གང་གིས་འདུལ་བ་དང་འཚམ་པའི་སྐུའི་སྣང་བ་བསྟན་པ་དེ་ཡང་མགོན་པོ་ཚེ་དཔག་ཏུ་མེད་པ་ཡིན་པར་ངོ་ཤེས་ནས་བཅོས་མ་མ་ཡིན་པའི་དད་པ་བརྟན་པོ་སྐྱེས་ཤིང་དེའི་མཐུ་ལ་བརྟེན་ནས་སྐྱེ་བ་ཐམས་ཅད་དུ་རྒྱལ་བ་ཚེ་དཔག་མེད་ཀྱིས་དགེ་བའི་བཤེས་གཉེན་དངོས་སུ་མཛད་པ་དང་མི་འབྲལ་བར་གྱུར་ཅིག གཞན་ཡང་སྐྱེ་བ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པས་མཉེས་བཞིན་དུ་རྗེས་སུ་འཛིན་པར་གྱུར་ཅིག རྗེས་སུ་བཟུང་བའི་ཚེ་ན་དགེ་བའི་བཤེས་གཉེན་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་སྟེ་སྒོ་ཐམས་ཅད་ནས་མཉེས་པ་ཁོ་ན་བྱེད་པར་གྱུར་ཅིག མི་མཉེས་པ་སྐད་ཅིག་ཙམ་ཡང་མི་སྒྲུབ་པར་གྱུར་ཅིག དགེ་བའི་བཤེས་གཉེན་གྱིས་གདམས་པ་དང་། རྗེས་སུ་བསྟན་པ་མ་ཚང་བ་མེད་པ་འདོམས་པར་གྱུར་ཅིག དེའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་ནས་སྒྲུབ་པས་མཐར་ཕྱིན་པར་བྱེད་ནུས་པར་གྱུར་ཅིག མི་དགེ་བའི་བཤེས་གཉེན་དང་སྡིག་པའི་གྲོགས་པོའི་དབང་དུ་སྐད་ཅིག་ཙམ་ཡང་མི་འགྲོ་བར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ལས་འབྲས་ལ་ཡིད་ཆེས་པའི་དད་པ་དང་། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ལྟ་བ་རྣམ་པར་དག་པ་མཐའ་དག་པ་ཁོང་དུ་ཆུད་ནས་རྩོལ་བ་མེད་པའི་མྱོང་བ་རྒྱུན་མི་འཆད་དུ་འཇུག་པར་གྱུར་ཅིག སྐྱེ་བ་ཐམས་ཅད་དུ་ལུས་དང་ངག་དང་ཡིད་ཀྱི་སྒོ་ནས་དགེ་བའི་རྩ་བ་ཇི་སྙེད་ཅིག་བྱས་པ་ཐམས་ཅད་གཞན་དོན་དང་བྱང་ཆུབ་རྣམ་པར་དག་པ་ཁོ་ནའི་རྒྱུར་གྱུར་ཅིག ཇི་སྲིད་ཐུབ་མཆོག་གོ་འཕང་དམ་པ་དེ། །བདག་གིས་མངོན་དུ་མ་བྱས་དེ་སྲིད་དུ། །རྣམ་དག་ལམ་བཟང་སྒྲུབ་པའི་རྟེན་རྙེད་ཅིང་། །རབ་ཏུ་འབྱུང་ཞིང་ཚེ་རབ་དྲན་པར་ཤོག །གཟུངས་སྤོབས་ཏིང་འཛིན་མངོན་ཤེས་རྫུ་འཕྲུལ་སོགས། །མཐའ་ཡས་ཡོན་ཏན་དུ་མའི་མཛོད་འཛིན་ཅིང་། །མཁྱེན་བརྩེ་ནུས་པ་ཟླ་དང་བྲལ་ཐོབ་ནས། །བྱང་ཆུབ་སྤྱོད་པ་མྱུར་དུ་མཐར་ཕྱིན་ཤོག །དུས་མིན་འཆི་བའི་མཚན་མ་མཐོང་བ་ན། །དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསང་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག །ཚེ་རབས་ཀུན་ཏུ་ཚེ་དཔག་མེད་པ་ཡིས། །ཐེག་མཆོག་བཤེས་གཉེན་དངོས་སུ་མཛད་པའི་མཐུས། །རྒྱལ་བས་བསྔགས་པའི་ལམ་བཟང་དེ་ཉིད་ལས། །སྐད་ཅིག་ཙམ་ཡང་ལྡོག་པར་མ་གྱུར་ཅིག །དེ་ལྟར་བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པ་ལས་བརྩམས་པའི་སྨོན་ལམ་རྣམ་པ་དག་པ་བཏབ་པའི་དགེ་བའི་རྩ་བ་འདིས་མཚོན་ནས། ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་པའི་མཐུ་ལ་བརྟེན་ནས་བདག་གིས་ནམ་མཁའ་ཇི་སྲིད་པ་དེ་སྲིད་དུ་ཁྱབ་པའི་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག བདག་མ་འོངས་པ་ན་གང་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་དེ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་རྒྱལ་བ་ཀུན་ཏུ་གཟིགས་པ་ཞེས་པར་འཚང་རྒྱ་བའི་སངས་རྒྱས་ཀྱི་ཞིང་ཕྱི་རིན་པོ་ཆེས་བསྐོར་བའི་མཐོ་ཁྱད་སྲིད་པའི་རྩེ་མོ་ཙམ་དུ་མཐོ་བ། རིན་པོ་ཆེ་རེ་རེའི་ཡོན་ཏན་བརྗོད་པ་ལ་ཡང་ལོ་བྱེ་བའི་བར་དུ་བརྗོད་དགོས་པ་དེ་ལྟ་བུས་ཞིང་དེ་ཡོངས་སུ་གང་བ། ས་གཞི་ནི་གང་ཟག་དེར་སྐྱེས་པ་རྣམས་ཀྱིས་རིན་པོ་ཆེ་སྣ་བདུན་ལ་སོགས་པ་གང་འདོད་ཀྱིས་ཁ་དོག་དུ་མར་དུས་ཅིག་ཅར་དུ་མཐོང་བ་ལ་སོགས་པའི་སྣོད་ཀྱི་ཡོན་ཏན་དང་སྟོང་གསུམ་བཅུའི་ཚད་དང་མཉམ་པའི་བྱང་ཆུབ་ཀྱི་ཤིང་གི་དྲུང་ན་རྒྱལ་བ་ཀུན་ཏུ་གཟིགས་པ་སྐུ་ཐ་མལ་པ་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཙམ་ཡོད་པ་བཞུགས་ནས་ཕྱོགས་བཅུ་གྲངས་མེད་པ་རྣམས་སུ་སྤྲུལ་པ་དཔག་ཏུ་མེད་པ་འགྱེད་པའོ། །འཁོར་རྣམས་ནི་ལུས་ཐ་མལ་པ་དཔག་ཚད་བཞི་ཁྲི་ཉིས་སྟོང་ཙམ་པ། ཞིང་དེར་ཚེའི་འདུ་བྱེད་མི་གཏོང་བ། ཡོན་ཏན་གྱི་མཐའ་བསམ་གྱིས་མི་ཁྱབ་པ་མངའ་བའི་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བ་ཤ་སྟག་སྟེ། ཉན་རང་ལ་སོགས་པ་སེམས་ཅན་གཞན་མེད་ཅིང་། དེ་རྣམས་ཀྱིས་སངས་རྒྱས་ཀུན་ཏུ་གཟིགས་ཡིད་ལ་བསམ་མ་ཐག དེ་དག་གི་མདུན་ཉིད་ན་བཞུགས་པ་མཐོང་ནས་ཆོས་བསྟན་མི་དགོས་པར་ཐེ་ཚོམ་གཅོད་ནུས་པ་ལ་སོགས་པ་བཅུད་ཀྱི་ཡོན་ཏན་གྱི་བཀོད་པ་ཕུལ་དུ་བྱུང་བའི་སྒོ་ནས། དྲག་པའི་ཤིང་གཞན་དུ་མ་ལས་ཁྱད་པར་དུ་འཕགས་པའི་ཞིང་དེ་བས་ཀྱང་ཆེས་ཤིན་ཏུ་ཐ་གྲུ་ཆེ་བ། ཆེས་ཤིན་ཏུ་ཡངས་པ། ཆེས་ཤིན་ཏུ་གྱ་ནོམ་པ། ཞིང་དེས་ཆ་ཤས་ཙམ་དུ་ཡང་བསྒྲུན་པར་མི་ནུས་པའི་ཞིང་དེ་ལྟ་བུ་ཞིག་ཏུ་གྱུར་ཅིག ཞིང་དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་ཐམས་ཅད་ཀྱང་སྤྱན་དང་མངོན་པར་ཤེས་པ་མཐའ་ཡས་པས་འཇིག་རྟེན་ལ་གཟིགས་པ་ན་མ་དག་པའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་། ལས་དང་། དེའི་འབྲས་བུ་སྡུག་བསྔལ་རྣམ་པ་གསུམ་དང་བཅས་པ་ཇི་ལྟ་བ་བཞིན་དུ་མཐོང་བར་གྱུར་ཅིག མཐོང་བའི་མོད་ལ་སེམས་ཅན་དེ་རྣམས་ཀྱི་སྡུག་བསྔལ་ལ་དམིགས་པའི་བརྩེ་བའི་འགྱུར་བ་དྲག་པོས་ཡིད་རང་དབང་མེད་པར་གཞན་གྱི་དོན་ལ་བསྐུལ་བ། ཡིད་དང་སྙིང་དུ་གཅགས་པའི་བུ་གཅིག་པ་མེའི་ཁྲོད་དུ་ལྷུང་བ་མཐོང་བའི་མ་བཞིན་དུ་གྱུར་ཅིག མ་དག་པའི་ཞིང་གི་སེམས་ཅན་རྣམས་མནོག་ཆུང་ཞིང་ཤིན་ཏུ་ཉེས་དམིགས་ཆེ་བའི་རྙེད་བཀུར་གྱིས་དབྱེན་སྤྱོས་ནས། ཉོན་མོངས་པའི་དབང་དུ་འགྲོ་བར་མཐོང་བ་ན། མི་བཟད་པའི་དུག་དང་འདྲེས་པའི་ཁ་ཟས་བཟང་པོ་ཟ་བའི་སྡུག་པའི་བུ་མཐོང་བའི་མ་བཞིན་དུ་གྱུར་ཅིག མ་དག་པའི་ཞིང་གི་སེམས་ཅན་རྣམས་སྡིག་པའི་ལས་ཤིན་ཏུ་ལྕི་བ་སོགས་ལྷུར་བླངས་ནས། ངན་འགྲོར་ལྟུང་བར་འགྱུར་བ་མཐོང་བ་ན། ཕན་པ་དང་གནོད་པ་ངོ་མི་ཤེས་པའི་བུ་ཆུང་ངུ་དཔག་ཚད་དུ་མའི་འཕང་དང་ལྡན་པའི་གཡང་ཁར་རབ་ཏུ་འགྲོ་བ་མཐོང་བའི་མ་བཞིན་དུ་གྱུར་ཅིག མ་དག་པའི་ཞིང་གི་སེམས་ཅན་ལས་དང་ཉོན་མོངས་པའི་འཆིང་བ་དམ་པོས་བཅིངས་པ་མཐོང་བ་ན། བརྩེ་བ་མེད་ཅིང་གཏུམ་ལ་ཤ་འཁོན་ཆེན་པོ་དང་བཅས་ཤིང་། སྟོབས་དང་ལྡན་པའི་དགྲ་བོས་ཐར་དཀའ་བའི་བཙོན་རར་ལྕགས་སྒྲོག་གིས་བཅིངས་ནས་ཉིན་རེ་བཞིན་དུ་གནོད་པ་དུ་མས་ཉེ་བར་འཚེ་བའི་བུ་མཐོང་བའི་མ་བཞིན་དུ་གྱུར་ཅིག མ་དག་པའི་ཞིང་གི་སེམས་ཅན་རྣམས་ཤུགས་དྲག་པོའི་ཉོན་མོངས་ཀྱི་ནད་ཀྱིས་གཟིར་ནས་འཕྲལ་དང་། ཕུགས་ཀྱི་བདེ་བ་རྣམས་དང་བྲལ་བར་མཐོང་བ་ན། འཆི་ངེས་པའི་ལྟས་ཀྱིས་ཟིན་པའི་ལྷའི་བུ་གཞོན་ནུས་རང་ཉིད་མཐོ་རིས་ཀྱི་དགའ་ཚལ་དང་། ལྷའི་བུ་མོ་རྣམས་དང་འཕྲལ་བར་མཐོང་བ་བཞིན་དུ་གྱུར་ཅིག དེ་ལྟ་བུའི་བསམ་པ་སྐྱེས་ནས་ཀྱང་དག་པའི་ཞིང་གི་བདེ་བའི་ཁྱད་པར་རྣམས་ལ་ཅུང་ཟད་ཀྱང་མི་ཆགས་པར་དམན་པའི་སེམས་ཅན་རྣམས་ཀྱི་རང་རང་གི་རིགས་དང་མཐུན་པར་ཐབས་མཁས་པའི་སྨོན་ལམ་དང་། བརྩེ་བའི་དབང་གིས་སྐྱེ་བ་འཛིན་པར་འདོད་པ། ཤིན་ཏུ་སྐོམ་པ་ལ་ཆུའི་གཏམ་གླེང་བ་བཞིན་དུ་གྱུར་ཅིག སེམས་ཅན་དེ་རྣམས་ཀྱི་དོན་དུ་འགྱུར་བར་མཐོང་ན་ནི་མནར་མེད་པའི་དམྱལ་བའི་གནས་སུ་ཡང་ཚམ་ཚོམ་མེད་པར་འཇུག་པ། པདྨའི་ཚལ་གྱིས་ལེགས་པར་བརྒྱན་པའི་ཤིན་ཏུ་དང་བའི་མཚོ་ཆེན་པོར་ངང་པའི་རྒྱལ་པོ་འཇུག་པ་བཞིན་དུ་གྱུར་ཅིག སེམས་ཅན་དེ་རྣམས་སྡུག་བསྔལ་བརྒྱ་ཕྲག་དུ་མའི་ནང་ནས་འདོན་པའི་སྦྱོར་བ་ལ་མ་ཞུམ་པའི་སྒོ་ནས་འཇུག་པ། བུ་གཅེས་པ་གཡུལ་དུ་ལུས་པའི་ཕྱིར་དུ་ཕ་དཔའ་བོ་གཡུལ་དུ་འཇུག་པ་བཞིན་དུ་གྱུར་ཅིག སེམས་ཅན་དེ་རྣམས་ཀྱི་དོན་བསྒྲུབས་པ་ཉིད་ཀྱིས་རང་ལ་དགའ་བ་དང་། མཆོག་ཏུ་དགའ་བ་རྒྱ་ཆེན་པོ་སྐྱེ་བ་དབུལ་པོས་གཏེར་རྙེད་པ་ལྟ་བུར་གྱུར་ཅིག སེམས་ཅན་དེ་རྣམས་ཀྱི་ཉོན་མོངས་པའི་ཚ་གདུང་བསལ་བའི་ཕྱིར་དུ་སྡུག་བསྔལ་གྱི་རྒྱ་མཚོར་སྤྲོ་བཞིན་དུ་འཇུག་པ་སོས་ཀའི་དུས་ཀྱི་ཚ་བས་གདུངས་པའི་གླང་པོ་ཆེ་ཉི་མའི་གུང་ལ་བབ་པ་ན་ཆུའི་དབུས་སུ་འཇུག་པ་བཞིན་དུ་གྱུར་ཅིག མདོར་ན་བདག་མ་འོངས་པ་ན་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། རྒྱལ་བ་དེའི་མཚན་ཅུང་ཟད་བརྗོད་པ་དང་ཡིད་ལ་དྲན་པ་ཙམ་གྱི་དེ་དག་གི་མདུན་དུ་འོད་ཟེར་གྱི་ཕུང་པོ་ཆེན་པོའི་ཡོན་ཏན་དུ་མས་སྤྲས་པའི་བདེ་བར་གཤེགས་པའི་སྐུ་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་པ་ལ་འཁོར་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཚུལ་བཟུང་ནས་ནམ་མཁའ་ལ་འགྲོ་བ་དང་། འགྲེང་བ་དང་། འདུག་པ་དང་། ཉལ་བ་དང་། བདུད་འདུལ་བ་ལ་སོགས་པ་མཛད་པ་མཐའ་ཡས་པ་སྟོན་པ་དཔག་ཏུ་མེད་པ་རྣམས་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་རྣམས་ཀྱིས་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་ཐོགས་ནས་མཆོད་པར་བྱེད་པ་མངོན་སུམ་དུ་མཐོང་བར་གྱུར་ཅིག མཐོང་བའི་མོད་ལ་དེ་དག་གི་རྒྱུད་ཀྱི་སྲིད་པ་དང་ཞི་བ་ལ་གཞོལ་བའི་སྐྱོན་ཐམས་ཅད་དྲུངས་ཕྱུང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འབའ་ཞིག་ལ་སྦྱོར་བར་གྱུར་ཅིག དག་པའི་ཞིང་མང་ནང་ན་ཕུལ་བྱུང་ཞིང་། །ཀུན་གཟིགས་ཞིང་གི་ཡོན་ཏན་ཇི་སྙེད་པ། །ཐམས་ཅད་བདག་གི་ཞིང་ལ་འདུས་ནས་ཀྱང་། །དེ་བས་ཆེས་ལྷག་ཞིང་མཆོག་འགྲུབ་པར་ཤོག །ཤིན་ཏུ་བསྒྲུབས་དཀའི་ཞིང་དེར་སྦྱོང་ཕྱིར་དུ། །ཕྲ་རབ་རྡུལ་དེའི་སྟེང་དུའང་མ་ལུས་པའི། །རྡུལ་གྱི་གྲངས་དང་མཉམ་པའི་ཞིང་ཡོད་ལ། །དེ་དག་ཀུན་ཀྱང་སྲས་བཅས་རྒྱལ་བས་གང་། །དེ་ལྟའི་རྒྱལ་བ་རེ་རེའི་སྤྱན་སྔར་ཡང་། །ཆོས་ཚུལ་ཀུན་འཛིན་མཐའ་མེད་མཆོད་རྫས་ཀྱིས། །མཆོད་པའི་ལས་ཚུལ་མ་ལུས་བསྒྲུབས་པ་ལ། །སྐད་ཅིག་ཙམ་ཡང་སྐྱོབ་མེད་གྱུར་ཅིག །མཆོག་ཏུ་གྱུར་པའི་ཞིང་དེ་བསྒྲུབས་པའི་ཕྱིར། །ཐོག་མ་མེད་ནས་སྲིད་པའི་ཐ་མ་ཡི། །བསྐལ་པ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི། །བསྐལ་པར་འཇུག་ལ་ཞུམ་པ་མེད་པར་ཤོག །ནམ་མཁའ་ཇི་སྲིད་ཁྱབ་པ་དེ་སྲིད་ཀྱི། །ལུས་ཅན་ཀུན་གྱིས་ཀུན་མཁྱེན་མ་ཐོབ་པར། །ད་དུང་རྒྱལ་སྲས་སྤྱོད་པ་སློབ་དགོས་ཀྱང་། །གོ་འཕང་མཆོག་ཕྱིར་བརྩོན་པ་ཉམས་མ་གྱུར། །སེམས་ཅན་ཡལ་བར་དོར་ནས་རང་དོན་ལ། །རེ་བའི་བློ་ནི་ནམ་ཡང་མི་སྐྱེ་ཞིང་། །གཞན་དོན་སྒྲུབ་པའི་ཚུལ་ལ་མ་རྨོངས་པའི། །ཐབས་ལ་མཁས་པས་གཞན་དོན་ལྷུར་ལེན་ཤོག །བདག་གི་ཞིང་གི་རྒྱན་གྱུར་རྒྱལ་སྲས་ཀུན། །མ་དག་ཞིང་གི་སེམས་ཅན་མཐོང་བ་ན། །བཟོད་གླགས་མེད་པའི་སྙིང་རྗེས་རབ་བསྐྱོད་ནས། །ཐབས་མཁས་སྤྱོད་པས་འགྲོ་བའི་མགོན་བགྱིད་ཤོག །བདག་གི་མིང་ཙམ་བརྗོད་དང་དྲན་པས་ཀྱང་། །སྡིག་པའི་ལས་ཀྱི་འབྲས་བུས་མནར་བ་ཀུན། །ཕུན་ཚོགས་བདེ་བའི་དཔལ་རབ་འབྱོར་གྱུར་ནས། །ཐེག་མཆོག་བགྲོད་པའི་ཐེམ་སྐས་འཛེག་གྱུར་ཅིག །རྒྱལ་བའི་སྲས་ཀྱི་རྣམ་ཐར་ཕྱོགས་ཙམ་ཞིག །མཚོན་པར་བྱས་པས་རྒྱལ་སྲས་སྤྱོད་པའི་གེགས། །མ་ལུས་ཞི་ཞིང་མཐུན་པའི་ཚོགས་ཆེས་ཀུན། །ཡིད་ལ་བསམས་པ་ཙམ་གྱིས་ཐོབ་པར་ཤོག །ཤཱཀྱའི་དབང་པོ་འདྲེན་པ་འོད་དཔག་མེད། །མི་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེ་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་འདི་དག་མྱུར་འགྲུབ་ཤོག །བདེ་བ་ཅན་གྱི་ཞིང་དུ་སྐྱེ་བ་འཛིན་པའི་སྨོན་ལམ་ཞིང་མཆོག་སྒོ་འབྱེད་ཅེས་བྱ་བ་འདི་ནི་བློ་བཟང་གྲགས་པའི་དཔལ་གྱིས་རྫིང་ཕྱིའི་གཙུག་ལག་ཁང་དུ་སྦྱར་བའི་ཡི་གེ་པ་ནི་བཟང་སྐྱོང་གིས་བགྱིས་སོ། །

                                                 རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།