བླ་མ་དབུ་མ་པ་ལ་ཕུལ་བའི་ཞུ་ལན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-21 10:40:02     རྩོམ་པ་པོ།   རྗེ་ཙོང་ཁ་པ།    ཀློག་ཐེངས།  

        29167752468735850.jpg

        ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། ལེགས་ཚོགས་དཔག་ཏུ་མེད་པ་སྐུ་ཚེ་དུ་མར་སྤྱད་པ་ལ་བརྟེན་ནས། བླ་ན་མེད་པའི་མགོན་གྱི་གསུང་གི་བདུད་རྩིས་འགྲོ་བ་མང་པོའི་ཉེར་འཚོ་ཆེན་པོར་གྱུར་པ་བླ་མ་པའི་དྲུང་དུ་སྙོམས་ལས་པས་ཞུ་བ། སྐུ་ཁམས་རིན་པོ་ཆེ་བསྟན་པའི་དཔལ་དུ་བརྟན་ཞིང་ཟབ་མོའི་དོན་གྱི་དགའ་སྟོན་རྒྱ་ཆེར་འཕེལ་བའི་ཐད་ནས་བཀའ་སྩལ་ཡི་གེར་བྲིས་པ་དགེ་བཤེས་གཉིས་ལ་བསྐུར་པ་དགེ་བཤེས་རྒྱལ་འོད་ཀྱིས་འཕྲོད་པས་ཟང་ཟིང་མེད་པའི་དགའ་བ་དང་སྤྲོ་བ་རྒྱ་ཆེར་འཕེལ། འདིར་ཡང་དགེ་ཕྱོགས་ལ་འདུན་པ་མ་དོར་ཙམ་བདོག སྐབས་ཀྱི་ཞུ་བ་ལ། སྤྲེའུ་ལོ་ལ་ཇི་ལྟར་གསུང་གླེང་བྱུང་བ་བཞིན་དུ་སྒྲུབ་པ་ལ་ཐག་བཅད་ཅིང་དབེན་པ་བསྟེན། དེ་དག་གི་སྐབས་སུ་བློ་ནུས་གང་ཡོད་ཀྱི་མཐའ་དག་པར་དཔྱད་ནས་གཏན་ལ་ཕེབས་པའི་གོ་བ་ཞིག་མ་རྙེད་བར་དུ་མོས་མནོ་ཙམ་གྱི་ཡིད་ཆེས་རེ་ཙམ་ལ་བརྟེན་ནས་སྒྲུབ་པ་བྱེད་ལོ་བྱས་ཀྱང་གནད་དུ་འགྲོ་བ་ཤིན་ཏུ་དཀའ་བར་མཐོང་ནས་ཐོག་མར་སྒྲུབ་པ་ལ་བློ་བརྟན་དུ་འགྲོ་བའི་ཐབས་རྣམས་ཐུབ་པའི་དགོངས་པ་རྙེད་པའི་ཉེར་ལེན་གྱི་རྒྱུ་ལུང་དོན་ཚུལ་བཞིན་དུ་དཔྱོད་པའི་དབུ་ཚད་ཀྱི་རིགས་པའི་སྒྲོས་ཕྲ་རགས་རྣམས་ལ་ངེས་པར་སེམས་པ་དག་དེ་དག་གི་ལྷན་ཅིག་བྱེད་པའི་རྐྱེན་ཡི་དམ་གྱི་སྒོམ་བཟླས་དང་བསག་སྦྱང་གི་གནད་ཐུབ་པའི་གསུང་ལས་བྱུང་བ་རྣམས་ལ་ཐུན་ཐུན་དཔྱད་ནས་ཡུན་རིང་པོའི་བར་དུ་ཤིན་ཏུ་འགྲུས་པར་བྱས་པ་ན། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་སྲོག་རྣམས་ཐུན་མོང་དུ་འོང་བ་དང་། ལྷག་མཐོང་གི་རྟོགས་པ་སྐྱེ་ཚུལ་ལ་ས་བོན་ཙམ་གྱི་གསུང་གླེང་བྱུང་བ་ཙམ་གྱིས་ལམ་གྱི་གནད་ལ་ངེས་པ་སྐྱེད་པ་ལ་ཤིན་ཏུ་ཕན་ཆེ་བར་བྱུང་། སྤྱིར་ད་ལྟ་བོད་ན་གསང་སྔགས་དང་མཚན་ཉིད་ཀྱི་གདམས་པ་མཐའ་ཡས་པ་ཞིག་སྣང་ཞིང་དེ་རྣམས་ཀྱང་སངས་རྒྱས་བྱང་སེམས་ལ་མ་བརྒྱུད་པ་མི་སྣང་བས་ཡི་དམ་རེས་གསུངས་པ་ཙམ་གྱི་རྒྱུ་མཚན་ལས་གཞན་འགོད་རྒྱུ་མ་རྙེད་ན། ཐད་ཀ་ཐད་ཀའི་བློ་ངོ་འབའ་ཞིག་ཏུ་སོང་ནས་ལམ་གྱི་གནད་མ་འཕྱུགས་པ་ཞིག་ལ་ངེས་པ་རྣམ་དག་སྐྱེ་བའི་ཐབས་མི་འདུག དེས་ན་གཟུ་བོར་གནས་པའི་སྒོ་ནས་བློ་དང་ལྡན་པ་རྣམས་ཀྱི་ལམ་འཕྱུག་མེད་ཅིག་འཚོལ་ན། མདོ་སྡེ་དང་རྒྱུད་སྡེ་རྩོད་མེད་གང་དང་ཡང་མི་འགལ་ཞིང་དེ་དག་ནས་ཟིན་པ་དེ་ཡང་ཤིང་རྟ་ཆེན་པོ་གཅིག་གི་རིགས་པའི་རྗེས་སུ་འབྲངས་ནས་དྲང་ངེས་ལེགས་པར་ཕྱེ་སྟེ་མཐའ་གཞན་དུ་དྲང་དུ་མི་བཏུབ་པར་རིགས་པས་གནོད་མེད་དུ་འགྲུབ་པ་ཞིག་མེད་མི་རུང་དུ་སྣང་བས། གསུང་རབ་ཆེན་པོ་རྣམས་དང་དེའི་དགོངས་པ་འཚོལ་བའི་རིགས་པའི་སྒོ་དྲི་མ་མེད་པ་ལ་རྩིས་པོ་ཆེར་བཟུང་ནས་རྒྱུད་ལ་སྐྱེ་བའི་རིམ་པ་སྔར་མང་དུ་བྱུང་ཡང་དེ་ཙམ་ལ་ཆོག་ཤེས་མ་བྱས་པར་བསྟན་པ་འབའ་ཞིག་ལ་དམིགས་པའི་བསམ་པས་ཀུན་ནས་བསླངས་ཏེ། ཡི་དམ་དང་བླ་མ་ཐ་མི་དད་པར་བྱས་པ་ལ་རྒྱུན་མི་འཆད་དུ་གསོལ་བ་གདབ། བསག་སྦྱང་གི་སྒོ་དུ་མ་ལ་འབད་པས་ད་ལྟ་གསུང་རབ་སྤྱི་དང་དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་ལ་ཁོལ་བཏོན་རེ་ཙམ་མིན་པའི་ལུས་ཡོངས་སུ་རྫོགས་པ་ཉམས་ལེན་དུ་འགྲོ་བའི་ཕྱོགས་སུ་ཤེས་པ་ཡོད། ཚུལ་དེ་ལ་ངེས་པ་བདེ་བླག་ཏུ་སྟེར་བར་བྱེད་པ་ནི་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཅིང་། ནང་རིག་པའི་སྡེ་སྣོད་གསུམ་གྱི་སྙིང་པོ་བསླབ་པ་གསུམ་གྱི་གནད་རྣམས་ཕྱིན་ཅི་མ་ལོག་པར་ཤེས་ནས་ཁས་བླངས་པ་ཙམ་ལ་མ་བཞག་པར་ཉམས་འོག་ཏུ་ཚུད་པར་མཛད་པ་མཁས་ལ་གྲུབ་པ་བརྙེས་པའི་དགེ་བའི་བཤེས་གཉེན་དུ་མས་རྗེས་སུ་བཟུང་བ་ལྷག་པའི་ལྷ་དཔག་ཏུ་མེད་པས་བྱིན་གྱིས་བརླབས་པའི་སེམས་དཔའ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱི་གདམས་པ་བྱང་ཆུབ་ལམ་གྱི་རིམ་པའི་མཚན་ཉིད་དང་སྔགས་ཀྱི་ཐེག་པའི་ལམ་གྱི་རིམ་པ་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པ་ཉིད་ཡ་མཚན་པར་མཐོང་ནས་སློབ་མ་བཀྲི་བའི་རིམ་པ་རྣམས་དེ་ཁོ་ནའི་སྟེང་ནས་བྱེད་ཀྱིན་ཡོད། གདམས་ངག་དེ་ཡང་གསུང་རབ་དགོངས་འགྲེལ་གྱི་བསྟན་བཅོས་མན་ངག་མཐའ་དག་ལམ་གྱི་རིམ་པ་གཅིག་ཏུ་དྲིལ་ནས་སྟོན་པར་སྣང་བས་འཆད་ཤེས་པ་དང་། ཉན་ཤེས་པ་གཉིས་ཀྱིས་བཤད་ཅིང་ཉམས་སུ་བླངས་ན་མན་ངག་ཆུང་ཆུང་དུ་མ་ཟད་གསུང་རབ་མཐའ་དག་གི་གུང་འགྲིག་ནས་འོང་བར་སྣང་བས་འཁྲིད་ཀྱི་རྣམ་གྲངས་མང་པོ་སྟོན་པ་མ་བྱས། ངེད་རང་གི་ཡང་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་དང་། ལྟ་བའི་འཁྲིད་རྣམས་ཀྱི་འཁྲིད་ཚུལ་དང་། གསང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་དུ་འགྲོ་ཚུལ་གསུངས་པ་རྣམས་དང་ཐིག་གཅིག་ཏུ་འོང་བར་སྣང་ཞིང་། ངེད་རང་གི་དེ་རྣམས་ས་བོན་ཙམ་དུ་སྣང་ལ་ལམ་རིམ་རྒྱ་ཆེར་འགྲེལ་ལྟ་བུར་སྣང་བ་དང་། ལམ་རིམ་ཀུན་ལ་རྩོད་མེད་དུ་གྲུབ་ཅིང་། ངེད་རང་གི་གདམས་པ་རྣམས་བསྟན་ན་སྒྲོ་སྐུར་གྱི་གཞི་ཆེན་པོར་སོང་ནས་ཕན་ཤིན་ཏུ་ཆུང་ཞིང་ཉེས་དམིགས་ཤིན་ཏུ་ཆེ་བ་ཞིག་འོང་བར་མཐོང་ནས་ལམ་རིམ་འདེབས་པ་མ་གཏོགས་དེ་རྣམས་ཀྱི་ཁྲིད་ཟུར་དུ་མ་བགྱིས་ལགས། འདིར་ཡང་སྒྲུབ་པ་ལ་ཕྱིན་འཕྲལ་ནས་གདུལ་བྱའི་རིགས་འགའ་ཞིག་ལ་ཡི་དམ་གྱི་སྐུ་དང་གསུང་གི་སྣང་བ་བྱུང་བ་ཐེ་ཚོམ་ནམ་འདོད་ཀྱིས་བཅད་པས་ཆོག་པ་བྱུང་འདུག་ཅིང་། ཁྱད་པར་དུ་གཅིག་ལ་ནི་གསུང་ཕལ་མོ་ཆེ་ངེས་དོན་དུ་འོང་ཞིང་མང་པོ་མི་གསུང་བར་སྣང་ནའང་གསུང་རབ་དགོངས་འགྲེལ་དང་བཅས་པའི་གཞི་གང་ལ་དཔྱོད་དང་ཚུལ་ཇི་ལྟར་དཔྱོད་དང་དེ་ལྟར་དཔྱད་པ་རྫོགས་མ་རྫོགས་རྣམས་འཕྱུག་མེད་དུ་འོང་བར་སྣང་བས་ཆོས་གང་སྟོན་དང་འཁོར་ཇི་ལྟ་བུ་སྟེན་དང་། གནས་གང་དུ་སྡོད་ལ་སོགས་པ་ཕལ་ཆེ་བ་རྣམས་རང་བཟོས་ཞུགས་པ་ཆེན་པོ་མ་བྱས་ལགས། སྣང་བ་དེ་དག་གི་གསུང་ལ་ཡང་ངེད་ཀྱིས་བསྟན་པ་རྣམས་ལ་གསུང་རབ་དང་བསྟན་བཅོས་ཆེན་པོ་རྣམས་ལ་དཔྱོད་དང་ཕལ་ཆེར་མཐུན་པ་ཤ་སྟག་འོང་། བརྒྱ་ལ་གལ་ཏེ་གཞུང་ཆེན་མོ་རྣམས་དང་མི་མཐུན་པ་རེ་ཙམ་བྱུང་ན་འདོར་བའི་སྤུས་མན་ངག་ཏུ་འདོད་པ་རྣམས་ལ་འབབ་ཀྱི། གསུང་རབ་ཆེན་པོ་རྣམས་རྣམ་པ་ཐམས་ཅད་དུ་འདོར་དུ་མི་རུང་བར་རྩིས་པོ་ཆེར་གསུང་དགོས་ཞེས་གསུང་བ་མན་ངག་གི་མཆོག་ཏུ་མཐོང་ནས། དེ་བཞིན་དུ་ལེགས་པར་བསྙད་པ་འདི་ལ་ཚོད་ཀ་དང་དཔགས་པའི་ཕན་ཆེ་རབ་ཅིག་ཐོགས་པ་འདྲ་བ་འདུག་ཅིང་། དེ་མིན་ནའང་རང་ཉིད་ཀྱི་རྒྱུད་ལ་ལམ་རྣམ་པར་དག་པའི་བག་ཆགས་ཤིན་ཏུ་བརྟན་པ་ཞིག་ལུང་རིགས་ཀྱིས་ཕུ་ཐག་ལེགས་པར་བཅད་པའི་ངེས་ཤེས་གཏིང་ཐུག་པ་ནས་སྐྱེ་བ་ཞིག་བཞག་པ་ནི་གདོན་མི་ཟ་བར་འདུག་པས་ཅིས་ཀྱང་མཇལ་བའི་ཐབས་ཤིག་མཛད་པར་ཞུ། ཞེས་པ་འདི་ནི་རྗེ་ཐམས་ཅད་མཁྱེན་པ་ཙོང་ཁ་པ་ཆེན་པོས་བླ་མ་དབུ་མ་པ་ལ་མདོ་ཁམས་སུ་ཕུལ་བའོ། །


                                       རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།
     གསལ་འདེབས།། 
          རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
          དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།